རྒྱ་ནག་དབུས་གཞུང་གིས་དེ་སྔ་ཀན་སུའུ་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཧུའུ་ཁྲང་ཧྲང་ཟེར་བ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེར་བསྐོ་གཞག་བྱས་འདུག
རྒྱ་ནག་གཞུང་འབྲེལ་གྱིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་རྒྱ་ནག་དབུས་གཞུང་གིས་ཀན་སུའུ་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཧུའུ་ཁྲང་ཧྲང་ཟེར་བ་ (Wang Junzheng) གྱི་ཚབ་ཏུ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་རུ་བསྐོ་གཞག་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཝོ་ཞའོ་ཇོན་ (Wu Xiaojun) ཟེར་བ་ཀན་སུའུ་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེར་བསྐོ་གཞག དེ་བཞིན། ལུའོ་ཏུང་ཁྲོའུ་ (Luo Dongchuan) ཟེར་བ་མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་རུ་བསྐོ་གཞག་བྱས་པ་ཡོངས་བསྒྲགས་བྱས་འདུག
ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ཁུལ་དུ་དམར་ཤོག་ཚོགས་པའི་དྲུང་ཆེ་གསར་བསྐོ་དང་བརྗེ་བསྒྱུར་བྱས་པའི་དམིགས་ཡུལ་གང་ཡིན་ངེས་གཏན་མེད་ཀྱང་། ཧུའུ་ཁྲང་ཧྲང་དང་ཝོ་ཞའོ་ཇོན། ལུའོ་ཏུང་ཁྲོའུ་གསུམ་གྱིས་དེ་སྔ་ནས་བོད་མཚོ་སྔོན་དང་སི་ཁྲོན། ཀན་ལྷོ་སོགས་སུ་དམར་ཤོག་དྲུང་གཞོན་དང་དྲུང་ཆེའི་ལས་འགན་ཐོག་བོད་མི་རྣམས་ལ་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱས་མྱོང་འདུག
དེ་རིང་གསར་དུ་བསྐོ་གཞག་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཧུའུ་ཁྲང་ཧྲང་ཕྱི་ལོ་ ༡༩༩༨ ལོར་སི་ཁྲོན་གྱི་ཇིན་ཇིང་གྲོང་ཁྱེར་དུ་ཐོག་མར་ཆབ་སྲིད་ཀྱི་ལས་ཀར་ཞུགས་ཤིང་། ཕྱི་ལོ་ ༢༠༡༢ ཟླ་ ༢ ནང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་གཞོན་པར་བསྐོ་གཞག་བྱུང་བ་དང་ཟླ་གཉིས་ཀྱི་རྗེས་ནས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེའི་འགན་ཁུར་འདུག ཕྱི་ལོ་ ༢༠༡༥ ལོར་མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་འགན་འཛིན་དང་རྒྱུན་ལས་བྱས། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ནང་ཀན་སུའུ་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེར་བསྐོ་གཞག་བྱུང་སྟེ། ཁྱོན་འདས་པའི་ལོ་ ༡༤ རིང་བོད་ནང་གི་བོད་མི་རྣམས་ཀྱི་ཐོག་སྲིད་ཇུས་ལག་བསྟར་གྱི་ལས་ཀ་བྱས་མྱོང་འདུག ཧུའུ་ཁྲང་ཧྲང་ཕྱི་ལོ་ ༡༩༦༣ ལོར་ཅང་ཤི་ཞིང་ཆེན་གྱི་གོ་ཨན་གྲོང་ཁྱེར་ནང་སྐྱེས་པ་དང་ད་ལྟ་ལོ་ ༦༢ རེད་འདུག
ཀན་སུའུ་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་གསར་པ་ཝོ་ཞའོ་ཇོན་ཕྱི་ལོ་ ༡༩༦༦ ལོར་སྐྱེས་པ་དང་ད་ལྟ་ལོ་ ༦༠ ཡིན་ཞིང་། ཕྱི་ལོ་ ༡༩༨༦ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ཁོངས་སུ་ཞུགས། ཁོས་ཅང་ཤི་ཞིང་ཆེན་གྱི་གནས་རིམ་འདྲ་མིན་ཐོག་ལས་འགན་བསྒྲུབས་པ་དང་། ཕྱི་ལོ་ ༢༠༢༠ ལོར་ཅང་ཤི་ཞིང་ཆེན་གྱི་རྒྱལ་ས་ནན་ཁྲང་གི་དམར་ཤོག་དྲུང་ཆེར་བསྐོ་གཞག་བྱས་འདུག ཕྱི་ལོ་ ༢༠༢༡ ལོ་ནས་མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་གཞོན་པར་བསྐོས། ཕྱི་ལོ་ ༢༠༢༤ ལོར་མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེར་བསྐོ་གཞག་བྱུང་སྟེ། ལོ་ ༥ ལྔའི་རིང་བོད་ནང་སྲིད་ཇུས་ལག་བསྟར་དང་འབྲེལ་བའི་ལས་ཀ་བྱས་མྱོང་འདུག
ལུའོ་ཏུང་ཁྲོའུ་ནི་ཕྱི་ལོ་ ༡༩༦༥ ལོར་ཁྲོང་ཆིན་གྲོང་ཁྱེར་དུ་སྐྱེས་ཤིང་ད་ལྟ་ལོ་ ༦༡ ཡིན། ཁོ་ཐོག་མར་ཕྱི་ལོ་ ༡༩༨༦ ལོར་དམར་ཤོག་ཚོགས་ཁོངས་སུ་ཞུགས། ཁོས་ཡུན་རིང་པེ་ཅིན་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ལས་ཀ་བྱས་པ་དང་། ཕྱི་ལོ་ ༢༠༠༠ ལོར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྤྱི་དམངས་གཏུགས་བཤེར་ཚན་པའི་འགན་འཛིན་གཞོན་པ་བྱས། ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་གྱོད་དོན་དབྱེ་ཞིབ་ཚན་པའི་འགན་འཛིན་ལ་བསྐོས། ཕྱི་ལོ་ ༢༠༡༧ ལོར་ཡུ་གུར་མི་རིགས་རང་སྐྱོང་ཁུལ་ཟེར་བའི་དམར་ཤོག་འཐུས་མིར་གྱུར། ཕྱི་ལོ་ ༢༠༢༤ ལོར་མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པར་བསྐོ་གཞག་བྱུང་སྟེ། འདས་པའི་ལོ་ངོ་ ༢ མ་ཟིན་ཙམ་གྱི་རིང་བོད་མི་རྣམས་དང་འབྲེལ་བའི་ལས་ཀ་བྱས་མྱོང་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།




