དབྱིན་ཡུལ་དོན་ཁང་གི་ཟུང་དྲུང་ཟུར་བ་བློ་བཟང་ཆོས་སྒྲོན་བསམ་གཏན་ལགས་དབྱིན་ཡུལ་དོན་གཅོད་གསར་པར་བསྐོ་གཞག་དང་ཚེ་རིང་དབྱངས་སྐྱིད་ལགས་བསྐྱར་དུ་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དུ་བསྐོ་གཞག་གནང་འདུག

ཕྱི་ཟླ་ ༡༡ ཚེས་ ༡༡ ཉིན་བཀའ་དྲུང་ཡིག་ཚང་ནས་གསལ་བསྒྲགས་ཤིག་སྤེལ་ཏེ། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་བཅུ་དགུ་པའི་ནང་གསེས་ ༡ པོའི་དགོངས་དོན་འོག ཕྱི་རྒྱལ་ཁག་ཏུ་སྐུ་ཚབ་དོན་གཅོད་རྣམས་སྲིད་སྐྱོང་དང་བཀའ་བློན་ཚང་འཛོམས་ཐོག་ཞིབ་གྲོས་དྲག་འདེམས་ཀྱིས་བཀའ་ཤག་ནས་བསྐོ་འཛུགས་གནང་བར་༸ གོང་ས་ ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ། ཞེས་གསལ་བ་ལྟར། དབྱིན་ཡུལ་སྐུ་ཚབ་དོན་ཁང་གི་ཟུང་དྲུང་ཟུར་པ་བློ་བཟང་ཆོས་སྒྲོན་བསམ་གཏན་ལགས་དབྱིན་ཡུལ་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག་ཅིང་། ཁོང་མོས་ཕྱི་ལོ་ ༢༠༢༧ ཟླ་ ༡ ཚེས་ ༤ ཉིན་དངོས་སུ་ལས་ཁུར་མགོ་འཛུགས་གནང་རྒྱུ་ཡིན་པ་དང་། ད་ལྟའི་དབྱིན་ཡུལ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དུ་བསྐོ་གཞག་གནང་འདུག་པ་དང་། ཁོང་མོས་ཕྱི་ལོ་ ༢༠༢༧ ཟླ་ ༡ ཚེས་ ༡༡ ཉིན་ལས་ཁུར་མགོ་འཛུགས་གནང་རྒྱུ་རེད།
ཚེ་རིང་དབྱངས་སྐྱིད་ལགས་ནི་ཕྱི་ལོ་ ༡༩༧༡ ཟླ་ ༦ ཚེས་ ༡༥ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་སྐྱེས་ཤིང་། མོན་གྷོ་གཏན་སློབ་ཐོན་རྗེས་རྒྱ་གར་སྦེང་ལོར་མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། ཕྱི་ལོ་ ༡༩༩༥ ཟླ་ ༩ ཚེས་ ༡༢ ཉིན་ཆོས་རིག་ལས་ཁུངས་ཀྱི་དྲུང་ལས་སུ་ཚོད་ལྟའི་ལས་བྱེད་དུ་བསྐོ་གཞག་གནང་བ་དང་། ཕྱི་ལོ་ ༡༩༩༦ ལོར་ཆོས་རིག་ལས་ཁུངས་ཀྱི་ལས་བྱེད་ངོ་མར་བསྐོས། ཕྱི་ལོ་ ༡༩༩༩ ལོར་ཆོས་རིག་ལས་ཁུངས་ཀྱི་དྲུང་གཞོན་དུ་གནས་རིམ་སྤར། ཕྱི་ལོ་ ༢༠༠༥ ལོར་ཆོས་རིག་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་རིམ་སྤར། ཕྱི་ལོ་ ༢༠༠༧ ལོར་ཨ་རིར་གཞུང་འབྲེལ་མིན་པའི་སློབ་བསྐྱོད་དང་། དེའི་རྗེས་ ༢༠༠༨ ལོར་ཕྱིར་ལོག་སྟེ་འཕྲོད་བསྟེན་ལས་ཁུངས་སུ་ལས་འགན་བསྐོ་སྒྲིག་གནང་།
ཕྱི་ལོ་ ༢༠༡༢ ལོར་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དུ་བསྐོས། ཕྱི་ལོ་ ༢༠༡༣ ལོར་དྲུང་འཕར་དུ་གནས་རིམ་སྤར། ཕྱི་ལོ་ ༢༠༡༤ ལོར་བཀའ་དྲུང་ཡིག་ཚང་དུ་གནས་སྤོས། ཕྱི་ལོ་ ༢༠༡༤ ལོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་གནས་སྤོས། ཕྱི་ལོ་༢༠༡༦ ཟླ་ ༨ ཚེས་ ༡ ཉིན་ནས་ཕྱི་དྲིལ་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢ ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་ཆེའི་ལས་འཁུར་ཞུ་གཏན་ཁེལ་ཡོད་ཀྱང་། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢ ཉིན་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་མཆོག་བགྲེལ་ཡོལ་དུ་ཕེབས་པར་བརྟེན། ཁོང་མོ་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༩ ཟླ་ ༤ བའི་ཟླ་མཇུག་ཙམ་ནས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེར་བསྐོས། ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༢༤ ཉིན་དབྱིན་ཡུལ་དོན་གཅོད་དུ་བསྐོ་གཞག་གནང་།
གསར་འགོད་པ། སྐལ་བཟང་སྦྱིན་པ།





