ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ལགས་དང་བོད་ཀྱི་སྤྱི་ཚོགས་རིག་པ་བ་འབུམ་རམས་པ་རྒྱལ་ལོ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་བཅས་ཀྱིས་ཁེ་ན་ཌའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ཆུང་བའི་མདུན་དུ། རྒྱ་ནག་གཞུང་གིས་བོད་ནང་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་དང་བཅའ་སྡོད་སློབ་གྲྭའི་ལམ་ལུགས་ཁྲིམས་འགལ་ཐོག་ལག་བསྟར་བྱེད་བཞིན་པ་དང་དེའི་ཉེན་ཁ། བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་རྡོག་རོལ་བཏང་དང་གཏོང་མུས་ཡིན་པ་སོགས་ཀྱི་སྐོར་ལ་དཔང་པོ་བྱས་ཏེ་ཉན་ཞིབ་འཚོགས་འདུག
སྐབས་དེར་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་བཅུའི་རིང་བོད་ནང་ལག་བསྟར་བྱེད་བཞིན་པའི་སློབ་གསོས་ཟླ་གསུམ་གྱི་ནང་ནས། བཅའ་སྡོད་སློབ་གྲྭ་འགྲིམ་མཁན་གྱི་བྱིས་པ་ཚོ་རང་གི་གཞིས་ཁྱིམ་ལ་རྒྱུས་མངའ་མེད་ཅིང་ཕྱི་ནས་ཡོང་བའི་མགྲོན་པོ་ལྟ་བུར་བསྒྱུར་གྱིན་ཡོད། ལོ་ངོ་བདུན་གྱི་རྗེས་ནས་ཁོ་ཚོས་ང་རྒྱལ་ཆེན་པོ་ཞིག་གི་ཐོག་ནས་རང་ཉིད་ཀྱི་ཕ་མ་དང་གཉེར་ཉེ་སོགས་ཀྱིས་རྒྱ་སྐད་བཤད་མི་ཤེས་པར་སྐྱོན་བརྗོད་བྱེད་པ་དང་། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༥ ནས་བཟུང་རྒྱ་ནག་གཞུང་གིས་ཁྱིམ་ཚང་དང་ཕ་མ། སློབ་གྲྭ་བཅས་ལ་གནོན་ཤུགས་སྤྲོད་མགོ་བཙུགས་ཏེ་རྒྱ་སྐད་མ་གཏོགས་བཀོལ་སྤྱོད་བྱེད་མི་ཆོག་པའི་སྲིད་ཇུས་བཟུང་ཡོད། ལྷག་པར་དུ་སློབ་གྲྭའི་ནང་བོད་སྐད་བཤད་མཁན་གྱི་བྱིས་པར་བྱིས་པ་ཚང་མས་འཕྱ་དམོད་བྱེད་དགོས་པའི་ཁོར་ཡུག་བསྐྲུན་འདུག ངས་འདས་པའི་ལོ་ངོ་ ༣༠ རིང་བོད་ནང་དུ་སློབ་གསོའི་ལས་དོན་གཉེར་བའི་ཉམས་མྱོང་གཞིར་བཞག་ན། རྒྱ་ནག་གིས་བོད་ནང་དུ་བཙུགས་པའི་བཅའ་སྡོད་སློབ་གསོའི་ལམ་ལུགས་དེས། བོད་ཀྱི་མི་རབས་གཞོན་པ་ཚོ་རྩ་བ་ནས་བོད་ཀྱི་དཔལ་ཡོན་ལས་ཁ་བྲལ་གཏོང་བཞིན་ཡོད། ཅེས་བརྗོད་འདུག
ཡང་ཁོང་གིས། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་འགན་དབང་ཡོངས་ལ་སྟངས་འཛིན་དང་དྲག་གནོན་བྱས་ཏེ། དགེ་འདུན་པ་རྣམས་ལ་བོད་ཀྱི་དགོན་སྡེ་ཁག་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་དབང་ཆ་མེད་ཁར། དཔེར་ན་ཆོས་ཕྱོགས་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལྟ་བུ་ཡིན་ཡང་། དམར་ཤོག་ཚོགས་པའི་བཀོད་འདོམ་ལ་ཉན་དགོས་ཀྱི་ཡོད་པ་དང་ཆོས་ལུགས་དམར་ཤོག་གི་ལྟ་གྲུབ་ལ་བསྒྱུར་བཞིན་པའི་ཉེན་ཁ། དེ་བཞིན། བོད་ནང་བཅའ་སྡོད་སློབ་གྲྭའི་ལམ་ལུགས་ལག་བསྟར་བྱས་ཏེ་བོད་ཕྲུག་ས་ཡ་གཅིག་ལྷག་རྒྱ་སྐད་རྒྱ་ཡིག་ཁོ་ན་མ་གཏོགས་མི་ཤེས་པའི་མི་རབས་ཤིག་ཏུ་བསྒྱུར་དང་བསྒྱུར་མུས་ཡིན་པ་དང་། བཅའ་སྡོད་སློབ་གྲྭའི་ལམ་ལུགས་འོག་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་སྒྲོམ་གཞིར་འགྱུར་བ་བཏང་སྟེ་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་ཏུ་གཏོང་ཐབས་བྱེད་བཞིན་ཡོད་སྐོར་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་རྩ་བརླག་གཏོང་བཞིན་པ་དང་ས་ཁམས་ཆབ་སྲིད་བརྟན་ལྷིང་མེད་པ། ད་དུང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་སྐོར་སོགས་བརྗོད་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བ་དེས། ཤེས་ཡོན་དང་སྤྱི་ཚོགས་ཁྲོད་དུ་རྒྱ་ཡིག་ཁྱབ་སྤེལ་གཏོང་དགོས་པའི་བཀའ་རྒྱ་བཏང་ཡོད་ཀྱང་། བོད་ཡིག་དང་སྐད་ཡིག་གཞན་དག་ཁྱབ་སྤེལ་གཏོང་རྒྱུའི་འགན་ལེན་གང་ཡང་མེད་པས། སྐད་ཡིག་དང་རིག་གཞུང་གི་ཐོབ་ཐང་ཉམས་རྒུད་དུ་འགྲོ་བར་སེམས་འཚབ་ཆེན་པོ་བསླངས་ཡོད། ཁྲིམས་ཡིག་དེའི་དོན་ཚན་ ༦༣ པའི་ནང་། རྒྱ་ནག་གི་རྒྱལ་ཁབ་གཅིག་གྱུར་ལ་གནོད་སྐྱོན་ནམ་ཁ་བྲལ་གཏོང་བར་ངོས་འཛིན་བྱས་པའི་རྒྱ་ནག་ཕྱི་ལོགས་ཀྱི་མི་སྒེར་དང་ཚོགས་པ་ཁག་ལ་ཁྲིམས་ལུགས་ཀྱི་ཐོག་ནས་འགན་ལེན་འཁུར་དུ་འཇུག་དགོས་པའི་གཏན་འབེབས་བྱས་ཡོད། འཛམ་གླིང་རྒྱལ་ཁབ་གང་སར་གནས་པའི་བཙན་བྱོལ་བོད་མི་རྣམས་དང་། བོད་དང་ཤར་ཊུ་ཀི་སི་ཐིན་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་དོན་དུ་གཉེར་མཁན་རང་དབང་ལྡན་པའི་འཛམ་གླིང་གི་མི་ཚང་མར་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་ཤུགས་ཆེ་རུ་གཏོང་གི་ཡོད་པས། རྒྱ་ནག་གིས་ས་མཚམས་ལས་བརྒལ་བའི་རྒྱལ་ཁབ་གཞན་གྱི་གཞི་རྩའི་རང་དབང་ལ་གནོད་སྐྱོན་གཏོང་སྲིད་པའི་ཉེན་བརྡའང་བཏང་འདུག
བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ལགས་ཀྱིས། རྒྱ་ནག་གཞུང་གིས་དེ་སྔ་ནས་བོད་མི་མང་པོ་ཞིག་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་པ་མངོན་གསལ་དང་ཡོངས་གྲགས་ཆགས་མེད། ཉེ་ཆར་རྒྱ་ནག་གཞུང་གིས་ངའི་ལས་རོགས་རྒན་རྒྱལ་ལོ་ལགས་སུ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མགོ་བཙུགས་པ་དེས། ཁེ་ན་ཌའི་ནང་རྒྱ་ནག་གིས་མངོན་གསལ་དོད་པོའི་ཐོག་ནས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སྲིད་ཇུས་སྤེལ་བཞིན་པ་གསལ་བོ་ཆགས་ཡོད། ཁོང་གིས་བོད་ནང་གི་བཅའ་སྡོད་སློབ་གསོའི་ལམ་ལུགས་འཛམ་གླིང་ནང་ཡོངས་བསྒྲགས་བྱས་ཏེ་བོད་ཀྱི་སྐད་ཡིག་དང་བོད་པའི་བྱིས་པ་ཚོའི་ཐོབ་ཐང་སྲུང་སྐྱོབ་བྱས་པ་ཁོ་ནར་བརྟེན་ནས་རྒྱ་ནག་གིས་ཁོང་ཁྲིམས་ལ་གཏུགས་ཡོད། ཅེས་དང་ཉེ་ལམ་ལྷོ་ཨ་ཧྥེ་རི་ཁའི་སྐུ་ཚབ་དོན་གཅོད་ཁང་ལ་འབར་རྫས་ཀྱིས་གཏོར་རྒོལ་བཏང་བའི་དོན་རྐྱེན་གྱི་རྒྱབ་ཏུ་རྒྱ་ནག་གཞུང་ཡོད་པ་གསལ་བོ་ཡིན་སྐོར་སོགས་བརྗོད་འདུག
ཁོང་ཅག་གིས་ཁེ་ན་ཌའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ཆུང་བ་དང་ཁེ་ན་ཌའི་གཞུང་ལ་འབོད་སྐུལ་ཁག་ཅིག་ཞུས་པའི་ཁྲོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ལ་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱ་རྒྱུ་གཏན་འགོག་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཁྱབ་འགན་འཛིན་ཝོལ་ཀར་ཊུར་ཀི་ (Volker Türk) ལགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བ་དེ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་ལ་ཁེ་ན་ཌ་གཞུང་གིས་ཡོངས་གྲགས་ཐོག་ནས་རྒྱབ་སྐྱོར་བྱེད་དགོས་པ་དང་། ཁྲིམས་ལུགས་དེས་ཁེ་ན་ཌའི་མི་སེར་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་མིན་ལ་ལྟ་ཞིབ་བྱེད་དགོས་པ། དེ་བཞིན་ཁེ་ན་ཌས་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་བཅས་རྒྱལ་སྤྱིའི་མཐུན་གྲོགས་རྒྱལ་ཁབ་ཁག་དང་མཉམ་དུ་རྒྱལ་ཁབ་གཞན་གྱི་ཁྲིམས་ལུགས་ལ་ཐེ་གཏོགས་བྱེད་པའི་རྒྱ་ནག་གི་ཁྲིམས་ལུགས་དེར་གདོང་ལེན་བྱེད་པར་མཐུན་སྦྱོར་དང་ལན་འདེབས་བྱེད་དགོས། ཁེ་ན་ཌ་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་སྐྱོན་བརྗོད་དང་ཁྲིམས་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ལས་འགལ་བ་ཞིག་ཡིན་པར་ངོས་འཛིན་དགོས། བོད་ནང་དུ་བཅའ་སྡོད་སློབ་གསོའི་སྲིད་ཇུས་ལག་བསྟར་མཚམས་འཇོག་དགོས། རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སྲིད་ཇུས་ལ་གདོང་ལེན་བྱས་ཏེ་བོད་མི་དང་ཡུ་གུར་བ་སོགས་སྲུང་སྐྱོབ་བྱེད་དགོས། ཁེ་ན་ཌ་གཞུང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་སྲིད་བྱུས་དང་དངུལ་གྱི་རོགས་སྐྱོར་གནང་སྟེ། བཙན་བྱོལ་དུ་བོད་ཀྱི་ངོ་བོ་དང་། སྐད་ཡིག རིག་གཞུང་སོགས་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད།
གསར་འགོད་པ། སྐལ་བཟང་སྦྱིན་པ།




