དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་རྗེས་དྲན་གྱི་ཆིག་སྒྲིལ་མེ་ལྕེའི་སྐོར་བསྐྱོད་ལས་འགུལ་དེ་བཞུགས་སྒར་དྷ་ས་ནས་དངོས་སུ་དབུ་འཛུགས་བྱས་སོང་།

ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་ཕྱག་ཏུ་བསྣམས་པའི་བོད་ཀྱི་རྒྱལ་དར་འགྲེམས་སྟོན་དང་སྦྲགས། ཆིག་སྒྲིལ་མེ་ལྕེའི་སྐོར་བསྐྱོད་ལས་འགུལ་དེ་དབུ་འཛུགས་གནང་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག། དེ་བཞིན་བོད་མི་མང་སྤྱི་འཐུས་ཁག་ཅིག་སོགས་ཆེད་ཕེབས་གནང་འདུག
ཐེངས་འདིའི་སྐོར་བསྐྱོད་ལས་འགུལ་དང་འབྲེལ་ནས། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ཁྲོད། ད་བར་ང་ཚོས་ཤེས་རྟོགས་བྱུང་བར་གཞིགས་ན་བོད་ཕྱི་ནང་གཉིས་ནས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས་ ༡༦༩ ཙམ་གྱིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་རང་ལུས་མེར་སྲེག་གནང་ཡོད་པ་དང༌། ཉེ་ཆར་ཡང་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢ ཉིན་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་ཐང་དུ་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ནས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་སྲེག་གནང་ཡོད་པ་དང༌། ཁོང་གི་མི་ཚེའི་ཆེས་མཐའ་མར་བོད་མི་རྣམས་ལ་རེ་འདུན་ཤུགས་དྲག་དང་བཅས་ཞལ་ཆེམས་སྐར་མ་དྲུག་ལྷག་ཅན་ཞིག་བརྙན་ལམ་ནས་བཞག་ཡོད་པ་དེས་རྐྱེན་པས་རྒྱལ་སྤྱིའི་ཐོག་བོད་དོན་འཐབ་རྩོད་ཀྱི་མེ་ལྕེ་བསྐྱར་དུ་ཤུགས་ཆེར་སྦར་ཡོད། བོད་ཀྱི་མི་རབས་གསར་པ་རྣམས་ཀྱི་སེམས་ཁམས་སུའང་བོད་མི་རིགས་ཀྱི་རྒྱལ་ཞེན་ལ་རྒྱ་དང༌། ལྷག་བསམ་སྙིང་སྟོབས། བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་གསར་པ་ཞིག་སྐྲུན་ཡོད་པ་རེད། ལྷག་པར་རྒྱལ་གཅེས་དམ་པ་ཁོང་གི་ཞལ་ཆེམས་ནང་གལ་ཆེ་ཤོས་ཤིག་ནི་བོད་རང་བཙན་ལེན་རྒྱུ་དང་བོད་མི་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་དགོས་གལ་ཆེ་བ་གསུངས་ཡོད་པས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཆིག་སྒྲིལ་གྱི་མེ་ལྕེ་ཞེས་པའི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་རྒྱལ་སྤྱིའི་ནང་སྤེལ་བ་དང་ལྷན་དུ་རྒྱལ་གཅེས་པ་དམ་པ་ཁོང་གིས་ཆེས་མཐའ་མར་སྒྲེང་འཛུགས་གནང་བའི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དེ་བཞིན་འགྲེམས་སྟོན་ཞུ་རྒྱུ་ཡིན། ཞེས་གསལ་འདུག
ཡང་བསྒྲགས་གཏམ་ནང་། རྒྱལ་དར་དེ་ནི་བོད་རང་བཙན་རྒྱལ་ཁབ་དེ་བཞིན་དགྲ་བོ་རྒྱ་དམར་སྲིད་གཞུང་གིས་དྲག་པོས་བཙན་འཕྲོག་བྱས་པ་དྲན་སྐུལ་ཆེད་ཀྱི་མཚོན་དོན་ཞིག་ཡིན་པ་མ་ཟད། རྒྱལ་དར་འདི་ནི་རྒྱལ་དར་གཞན་དང་མི་འདྲ་བར་བོད་མི་རྣམས་ཀྱི་མངོན་འདོད་དང༌། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ལྷག་བསམ་དང་བློས་གཏོང༌། སྙིང་སྟོབས། དེ་བཞིན་བོད་རང་དབང་རང་བཙན་ཐོབ་པའི་རེ་བ་བཅས་མཚོན་གྱི་ཡོད། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་ཞལ་ཆེམས་ནང་སྙིང་དོན་གཞན་ཞིག་ནི་ད་ལྟ་བོད་མི་ཚོ་ལ་ཆབ་སྲིད་ཀྱི་དཀའ་ངལ་དང་རང་དབང་ཡོངས་སུ་རྫོགས་པ་མེད་པ་དེ་བོད་རང་བཙན་ཤོར་བའི་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་རེད། ཅེས་གསུངས་པ་ལྟར་ང་ཚོས་བོད་རང་བཙན་ཚུར་ལེན་ཐབས་སུ་བོད་ནང་གི་བོད་མི་ཚོའི་ཛ་དྲག་གི་གནས་བབ་དང་མངོན་འདོད་གཞིར་བཞག་གི་ཐོག་བཙན་བྱོལ་རང་དབང་ལུང་པའི་ནང་གནས་བཞུགས་བོད་མི་སྤྱི་སྒེར་ཡོངས་ནས་རྡོག་རྩ་ཆིག་སྒྲིལ་གྱིས་རྒྱལ་སྤྱིའི་ཐོག་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་རྒྱུར་སྔར་ལྷག་སྒོ་གང་ས་ནས་ཤུགས་སྣོན་རྒྱག་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་དང་། ཆིག་སྒྲིལ་གྱི་མེ་ལྕེ་ཞེས་པའི་ལས་འགུལ་འདི་ནི་རྒྱལ་གཅེས་དཔའ་བོ་ཚོར་ཆེ་བསྟོད་དང་རྒྱལ་སྤྱིའི་སྐོར་བསྐྱོད་ཙམ་མ་ཡིན་པར་འདི་ནི་འཛམ་གླིང་གི་བོད་རིགས་སྤུན་ཟླ་ཡོངས་རྡོག་རྩ་ཆིག་སྒྲིལ་གྱིས་མ་འོངས་བོད་ཀྱི་བདེན་མཐའ་གསལ་སླད་ཆིག་སྒྲིལ་གྱི་མེ་ལྕེའི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཞིག་ཡིན། ཞེས་གསལ་འདུག
ཆིག་སྒྲིལ་མེ་ལྕེའི་སྐོར་བསྐྱོད་ལས་འགུལ་དེ་དེ་རིང་ནས་དངོས་སུ་དབུ་འཛུགས་བྱས་ཏེ། རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེ་ཉི་ཤུ་རྩ་ལྷག་གི་ནང་སྐོར་བསྐྱོད་དང་བོད་དོན་དྲིལ་བསྒྲགས་གནང་རྒྱུ་ཡིན་པ་མ་ཟད། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་ལོ་མཆོད་བར་འཛམ་གླིང་གི་ཡུལ་གྲུ་གང་སར་སྐོར་བསྐྱོད་གནང་འཆར་ཡོད་འདུག དེ་བཞིན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་སྐོར་བསྐྱོད་སྐབས། བོད་མི་རྣམས་ཀྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་བྱ་དགོས་པའི་གཞེན་སྐུལ་ཞུ་རྒྱུ་ཡིན་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

