ཨོ་ལིམ་པིག་རྩེད་འགྲན་གྱི་ངོ་བོ་འདི་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་མཁན་ནི་རྒྱ་ནག་རང་ཉིད་ཡིན་པ་ལས་རྒྱལ་སྤྱིའི་མི་མང་དང་བོད་མི་ཚོ་མིན།
ལོ་འདིའི་ཕྱི་ཟླ་གསུམ་པའི་ནང་བོད་དུ་མི་མང་སྒེར་ལངས་བྱས་པ་ནས་ད་ལྟའི་བར་བོད་མི་ ༦༥༠༠ ལྷག་འཛིན་བཟུང་བྱས་པའི་ནང་བོད་མི་ ༦༥ ཙམ་ལ་ཁྲིམས་ཐག་བཅད་ཡོད་པ་རེད། དེ་མིན་ཤི་རྨས་བྱུང་བའི་བོད་མི་དང་རིག་འཚོ་མ་ཟིན་པའི་བོད་མི་ཡང་གང་མང་ཡོད་ལ། བོད་མི་ཚོའི་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་སྟེ་བོད་མིའི་ཞི་རྒོལ་ཁག་ལ་དྲག་གནོན་དང༌། སྨྲ་བརྗོད་རང་དབང་འཕྲོག་པ། གཞུང་དང་ལྟ་སྤྱོད་མ་མཐུན་པ་ཁག་གང་བྱུང་འཇུ་བཟུང་འོག མནར་གཅོད་དང་ཁྲིམས་ཆད་གཏོང་བ་སོགས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་འདུག
ཨོ་ལིམ་པིག་རྩེད་འགྲན་རྒྱ་ནག་ཏུ་འཚོགས་རྒྱུ་གཏན་འཁེལ་བ་ནས། རྒྱ་ནག་གིས་བོད་ནང་གཙོ་བྱས་པའི་རྒྱ་ནག་མངའ་ཁོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་ཡོད་ཀྱང༌། ད་ལྟ་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་དང༌། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་ཀྱི་གནོན་ཤུགས་ལ་མ་ལྟོས་པར། ཨོ་ལིམ་པིག་ལ་ཉིན་གཉིས་ལས་མེད་པའི་དེ་རིང་ཡང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་འགྱུར་བ་ཅི་ཡང་མེད་པ་དང༌། ལྷག་པར་དུ་ཨོ་ལིམ་པིག་གི་རྩེད་འགྲན་མཇུག་རྫོགས་རྗེས་བོད་ནང་གི་གནས་སྟངས་དང༌། གཞིས་ལུས་མི་མང་ལ་དམ་དྲག་དང་མནར་གཅོད་གཏོང་བར་བློ་འཚབ་དང་སེམས་ཁུར་བྱེད་བཞིན་ཡོད་པའི་གནས་སྟངས་འོག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཚེས་ ༦ ཉིན་ཡ་ང་བའི་བོད་ནང་གི་དྲག་གནོན་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་གྱི་གསར་འགོད་གསལ་བསྒྲགས་ཞིག་སྤེལ་ཡོད།
འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ཁང་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་གསུངས་དོན། ཨོ་ལིམ་པིག་རྩེད་འགྲན་འདི། ཆབ་སྲིད་ཀྱི་ངོ་བོ་ལ་བསྒྱུར་མཁན་ནི་རྒྱལ་སྤྱིའི་མི་མང་དང་བོད་མི་མ་ཡིན་པར། རྒྱ་ནག་རང་ཉིད་ཡིན། དེ་ནི་ཟླ་ ༦ པའི་ཚེས་ ༢༡ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་པེ་ཅིན་གྱི་ཨོ་ལིམ་པིག་དཔལ་འབར་བརྒྱུད་སྤྲོད་བྱས་སྐབས། ཨོ་ལིམ་པིག་གི་དཔལ་འབར་དེ་བོད་འདི་རྒྱ་ནག་གི་མངའ་ཁོངས་ཡིན་པ་གསལ་སྟོན་གྱི་ལག་ཆར་བཟུང་བ་རེད། ཅེས་གསུངས་པ་དང༌། ཡང་གསར་འགོད་གསལ་བསྒྲགས་སུ། ཨོ་ལིམ་པིག་རྩེད་འགྲན་ནི་མིའི་རིགས་ཀྱི་ཞི་བདེ་དང་མཛའ་མཐུན། རང་དབང་དང་འཆམ་མཐུན། དགའ་འབོད་སོགས་ཀྱི་མཚོན་དོན་ཡིན་ན། རྒྱ་ནག་གིས་ཟླ་ ༦ ཚེས་ ༢༡ ཉིན་ལྷ་སར་དྲག་ཆས་ཉེན་རྟོག་དམག་མི་དང༌། སྤྱི་བདེ་ཉེན་རྟོག་པ་སོགས་འབོར་ཆེན་བཀྲམ་ནས། བོད་མིའི་ཁྲོམ་གཞུང་དང༌། ལམ་མདོ་ཁག་ཏུ་སྐོར་གཡེང་དང་དམ་དྲག་བྱེད་པ་ནི་ཨོ་ལིམ་པིག་གི་རེ་འདུན་དང་རྒྱབ་འགལ་སོང་ཡོད་པ་དང༌། དེ་བཞིན་ཟླ་ ༧ ཚེས་ ༢༧ ཉིན་ལྷ་སར། བོད་རང་སྐྱོང་ལྗོངས་ཀྱི་ཨོ་ལིམ་པིག་རྩེད་འགྲན་བདེ་འཇགས་ལས་དོན་བཀོད་སྒྲིག་གི་ཚོགས་འདུའི་ཐོག་ཏུ་ཡང་ཏཱ་ལའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་བྲལ་གཏོང་བའི་བྱ་སྤྱོད་དེ་མཐའ་གཅིག་ཏུ་གཏོར་གཏོང་རྒྱུ་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་ཡོད་ཚུལ་བཀོད་ཡོད། ཡང་གསལ་བསྒྲགས་སུ། ཉེ་ཆར་བོད་ནང་བྱུང་བའི་མི་མང་སྒེར་ལངས་ཆེན་མོ་ནི་ ༡༩༨༨ དང་ ༡༩༨༩ ལོར་བྱུང་བའི་སྒེར་ལངས་དེ་དག་ལས་ཀྱང་ཛ་དྲག་ཆེ་བ་དང༌། གཞི་རྒྱ་ཆེ་བ་ཡོད། ཆོལ་ཁ་གསུམ་ནས་ཞིང་པ་དང་འབྲོག་པ། སློབ་མ་དང་གྲྭ་བཙུན་སོགས་བོད་ཁྱོན་ཡོངས་ཀྱི་མི་མང་གང་མང་ཅིག་ལས་འགུལ་འདིའི་ཁྲོད་དུ་ཞུགས་ཡོད་པ་རེད། ཁོ་ཚོས་མཉམ་ཞིབ་བྱས་པ་ལས་ཤེས་གསལ་ལྟར་ན། ཟླ་གསུམ་པའི་ནང་བོད་དུ་མི་མང་སྒེར་ལངས་བྱས་པ་ནས་ད་ལྟ་བར་བོད་མི་ ༦༥༠༠ ལྷག་འཛིན་བཟུང་བྱས་པའི་ནང་བོད་མི་ ༦༥ ཙམ་ལ་ཁྲིམས་ཐག་བཅད་ཡོད་པ་རེད། དེ་མིན་ཤི་རྨས་བྱུང་བའི་བོད་མི་དང་རིག་འཚོ་མ་ཟིན་པའི་བོད་མི་ཡང་གང་མང་ཡོད། ཅེས་དང་ཡང་། བོད་མི་ཚོའི་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་སྟེ་བོད་མིའི་ཞི་རྒོལ་ཁག་ལ་དྲག་གནོན་དང༌། སྨྲ་བརྗོད་རང་དབང་འཕྲོག་པ། གཞུང་དང་ལྟ་སྤྱོད་མ་མཐུན་པ་ཁག་གང་བྱུང་འཇུ་བཟུང་འོག མནར་གཅོད་དང་ཁྲིམས་ཆད་གཏོང་བ་སོགས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང༌། བོད་མི་ཚོའི་ཆོས་ལུགས་དད་མོས་ཀྱི་ཁེ་དབང་འཕྲོག་སྟེ་དགོན་སྡེ་སོགས་གཙོ་བྱས་པའི་བོད་ཁྱོན་ཡོངས་ལ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ཆབ་སྲིད་ཀྱི་སློབ་གསོ་སྤེལ་ཏེ། བོད་མིའི་སེམས་ཁམས་ལ་གནོན་ཤུགས་དང་དཀའ་ངལ་སྤྲོད་བཞིན་པ་སོགས་བོད་ནང་གི་བོད་མི་ཚོའི་གནས་སྟངས་དང༌། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་བློ་འཚབ་སྐྱེས་དགོས་པའི་གནས་སུ་ལྷུང་ཡོད་ཚུལ་སོགས་བཀོད་ཡོད།
ད་ལོ་བོད་ནང་བྱུང་བའི་དངོས་ཡོད་གནས་ཚུལ་དང་འདྲ་པར་སོགས་ལས། བོད་ནང་བོད་མིའི་སྒེར་ལངས་ཆེན་མོ་ཞེས་འོད་སྡེར་ཞིག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང༌། དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བསྡུ་སྒྲིག་བྱས་ཡོད་པ་དང༌། ཚེས་ ༦ གི་ཕྱི་དྲོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མི་མང་ལ་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག