ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་མི་རིགས་ཁག་གིས་བོད་དོན་ཐད་ཚོགས་འདུ་འཚོགས་ཏེ། ད་ནས་བཟུང་ཁྱིམ་ཚང་སོ་སོའི་ཉི་མ་རེ་རེའི་ཟས་རིན་ལས་དངུལ་ཅུང་རེ་ཟུར་འཇོག་གིས་བོད་རང་བཙན་ཆེད་གཏོང་རྒྱུ་དང༌། སློབ་གྲྭར་འགྲོ་བའི་བྱིས་པ་ཚོར་སློབ་གསོ་བཏང་སྟེ། བོད་རང་བཙན་ལེན་དགོས་པ་རེད། ང་ཚོ་བོད་དུ་འགྲོ་དགོས་པ་རེད་ཅེས། ཉིན་རེའི་རྔན་པ་ཉོ་བྱེད་དངུལ་ལས་ཀྱང་ཟུར་འཇོག་གིས་བོད་དོན་ཆེད་གཏོང་རྒྱུ་བྱས་ཡོད་ཟེར།
ཕྱི་ཚེས་ ༡༠ ཉིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་བཅས་མི་ ༣༠༠ ལྷག་རྒྱ་གར་རྒྱལ་ས་ལྡི་ལིའི་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་སྒར་ཐོག་ཏུ་འཛོམས་ཏེ། རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་དང་ཟས་བཅད་ངོ་རྒོལ། རྔམ་སྟོན་ཁྲོམ་སྐོར་སོགས་མགོ་འཛུགས་ཞུས་ཡོད་ལ། སྐབས་དེར་རྒྱ་གར་གྲངས་ཉུང་མི་རིགས་ཆེས་མཐོའི་ཚོགས་ཆུང་གི་ཚོགས་མི་དང༌། ཧི་མ་ལ་ཡ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཧི་མ་ལ་ཡ་ནང་ཆོས་མཐུན་ཚོགས་ཀྱི་ཚོགས་གཙོ་བླ་མ་ཆོས་འཕེལ་བཟོད་པ་ལགས་ཀྱིས་གསུང་བཤད་གནང་དོན། རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་གྱིས་བོད་མི་མང་པོ་དམར་གསོད་དང༌། དགོན་སྡེ་མང་པོ་སྟོང་བ་བཟོས་པར་བོད་མི་ཡོངས་དང་བོད་དོན་རྒྱབ་སྐྱོར་བ་ཚང་མ་བློ་ཕམ་ཆེན་པོ་སྐྱེས་ཡོད། ཕྱོགས་གཞན་ཞིག་ནས་བལྟས་ན། གནད་དོན་དེ་བརྒྱུད་ནས་བོད་དོན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེ་རུ་ཕྱིན་ཡོད། སྔོན་བྱུང་མ་མྱོང་བའི་གནས་ཚུལ་ཞིག་ལ། རྒྱ་ནག་སྲིད་འཛིན་གྱིས་ཀྱང་༧རྒྱལ་བ་རིན་པོ་ཆེ་དང་མཉམ་དུ་སྐད་ཆ་བཤད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད། རྒྱུ་མཚན་དེ་དག་གིས་ཚང་མར་རེ་བ་ཕྲན་བུ་སླེབས་ཡོད་ཀྱང༌། རྗེས་སུ་༧གོང་ས་མཆོག་གི་སྐུ་ཚབ་རྒྱ་ནག་ལ་ཕེབས་ཏེ། རྒྱ་ནག་དཔོན་རིགས་ཚོ་དང་མཉམ་དུ་སྐད་ཆ་བཤད་སྐབས། ང་ཚོ་བོད་ཕྱི་ནང་གཉིས་ཀའི་རེ་བ་སྟོང་ཟད་ལྟ་བུ་ཆགས་ཡོད། རྒྱ་ནག་གིས་ཨོ་ལིམ་པིག་རྗེས་སུ་སྐད་ཆ་བཤད་རྒྱུ་ཡིན། ཏཱ་ལའི་བླ་མས་འདི་མཚམས་འཇོག་དགོས། གཞོན་ནུ་ལྷན་ཚོགས་ཀྱིས་དེ་བྱ་མི་ཆོག་ཅེས་བཤད་ཡོད་ཀྱང༌། མ་འོངས་པར་རེ་བ་རྒྱག་རྒྱུ་མེད་པ་གསལ་བོ་རེད། འོན་ཀྱང་དེ་ཙམ་ལ་བརྟེན་ནས་ང་ཚོའི་སེམས་ཤུགས་ཆག་མི་རུང༌། བོད་མི་སྐྱབས་བཅོལ་བ་ཡིན་ནའང་འདྲ། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ་ཡིན་ནའང་འདྲ། རྒྱལ་ཁབ་ཕྱི་ནང་གི་བོད་དོན་རྒྱབ་སྐྱོར་བ་ཡིན་ནའང་འདྲ། ང་ཚོ་ཚང་མས་ཨོ་ལིམ་པིག་རྗེས་སུ་གང་མགྱོགས་འཆར་གཞི་སྒྲིག་སྟེ། འཚེ་བ་མེད་པའི་ཐོག་ནས་ལམ་ཁ་གཞན་ཞིག་འཚོལ་དགོས། ལས་འགུལ་གཞན་ཞིག་རྩོམ་དགོས། བོད་ཕྱི་ནང་གཉིས་ཀྱི་མི་དམངས་ཚོས་བསམ་བློ་མང་པོ་གཏོང་གིན་ཡོད་ལ། བོད་དོན་རྒྱབ་སྐྱོར་བ་ཚང་མས་འཆར་གཞི་མང་པོ་སྒྲིག་གིན་ཡོད། ༧གོང་ས་མཆོག་དང་བོད་རྒྱ་ཆེའི་མི་དམངས། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་ཚང་མས་འཚེ་བ་མེད་པའི་ཐོག་ནས་ལམ་ཁ་གཞན་ཞིག་མ་བརྩམ་ན། དོན་དག་འགྲུབ་རྒྱུ་གང་ཡང་མི་འདུག་ཅེས་སྐད་ཆ་ཡོང་གིན་འདུག
རྒྱ་གར་ནང་གི་བོད་དོན་རྒྱབ་སྐྱོར་བ་ཚང་མ་ཅན་དྷི་སྒར་ལ་ཉིན་གཉིས་རིང་འཚོགས་ཏེ། གྲོས་ཆོད་བཞག་ཡོད་པ་རིམ་གྱིས་སླེབས་ཡོང་གི་རེད། སྤྱི་ལོ་ ༡༩༡༤ ལོའི་གོང་དུ་བོད་རང་བཙན་གཙང་མ་རེད། དེ་དུས་རྒྱ་གར་དང་བོད་ཀྱི་ས་མཚམས་ལ་མག་མོ་ཧན་ས་ཐིགས་བརྒྱབས་ཏེ་ཡིག་ཆ་བཟོས་ཡོད། སྐབས་དེར་རྒྱ་གར་དང་བོད་ཀྱི་སྐུ་ཚབ་ཀྱིས་ལོ་དེའི་ཟླ་ ༧ ཚེས་ ༡༣ ཉིན་སིམ་ལར་གྲོས་ཆོད་བཞག་སྟེ་ས་ཡིག་བརྒྱབས་ཡོད། རྒྱ་གར་དང་རྒྱ་ནག་གི་ས་མཚམས་ཟེར་བ་ཞིག་རྩ་བ་ནས་མེད། ད་ལྟའང་རྒྱ་དཀར་ནག་གི་ས་མཚམས་ཟེར་བ་ཞིག་ངོས་ལེན་བྱ་ཐབས་རྩ་བ་ནས་མེད། དེ་དག་ལག་ལེན་བསྟར་ཐུབ་ལ། ད་ལོའི་སྤྱི་ཟླ་ ༧ ཚེས་ ༣ ཉིན་ཧི་མ་ལ་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཉིན་གསུམ་རིང་སིམ་ལར་ཚོགས་འདུ་འཚོགས་ཏེ། ད་བར་ཨོ་ལིམ་པིག་ལ་རེ་བ་བརྒྱབས་ཀྱང་གྲུབ་འབྲས་གང་ཡང་མི་འདུག ད་ནི་བོད་དོན་རྒྱབ་སྐྱོར་བ་ཡོངས་ཀྱིས་འཆར་གཞི་གཞན་ཞིག་སྒྲིག་དགོས་ཀྱིན་འདུག་ཅེས་དོན་ཚན་ ༡༡ ཐག་གཅོད་བྱུང་ཡོད། དེ་དག་བོད་པ་གཙོ་བོར་གྱུར་བའི་རྒྱ་གར་གཞུང་དང་མི་དམངས། དེ་བཞིན་འཛམ་གླིང་མི་དམངས་ཡོངས་ཀྱིས་གསལ་བོ་ཤེས་དགོས། ད་ལྟའི་གནས་སྟངས་ལ་གཞིགས་ན། ད་ནི་བོད་ཕྱི་ནང་གཉིས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོངས་ཀྱིས་བོད་རང་བཙན་གཙང་མ་རྩོད་ལེན་བྱ་རྒྱུའི་དུས་ལ་སླེབས་པས་མི་ཚད། དུས་ཚོད་འཕྱི་དྲགས་འདུག དེའི་ཐོག་ལ་ཚང་མས་ཧུར་ཐག་གནང་རོགས། ནང་ཁུལ་མཐུན་ལམ་གནང་རོགས། ཕན་ཚུན་བཟོད་སྒོམ་གནང་རོགས་ཞེས་གསུངས་སོང༌།
ཡང་རྒྱ་གར་བྱང་ཕྱོགས་ཧི་མ་ལ་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ནང་ཆོས་མཐུན་ཚོགས་ཀྱི་འགན་འཁུར་བ་བསོད་ནམས་ལྷུན་འགྲུབ་ལགས་ཀྱིས་བརྗོད་པར། ངས་འདི་ནས་གསལ་བོ་བཟོ་དགོས་པ་ཞིག་ལ། ཁ་སང་ང་ཚོ་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་མཛད་རིམ་ཞིག་ལ་ཆེད་དུ་བལྟ་རུ་སོང་བ་ཡིན། དེའི་ནང་སྤྱི་ལོ་ ༡༩༤༧ ཟླ་ ༣ ནང་གྷན་དྷི་མཆོག་གིས་འཛམ་གླིང་གི་རྒྱལ་ཁབ་མང་པོའི་འཐུས་མི་སྐུང་སྟེ། ལྡི་ལིར་ཚོགས་འདུ་ཞིག་འཚོགས་འདུག་ལ། སྐབས་དེར་བོད་ཀྱི་འཐུས་ཚབ་ཚོགས་ཞུགས་གནང་འདུག དེ་ལ་བལྟས་ན་སྤྱི་ལོ་ ༡༩༤༧ ལོར་ཡང་བོད་དེ་རང་བཙན་གཙང་མ་ཡིན་པ་གསལ་བོ་རེད། ཡིག་ཆ་དེའི་ངོ་བཤུས་རག་ཐབས་བྱས་ཏེ་འཛམ་གླིང་ལ་གསལ་སྟོན་བྱ་རྒྱུ་ཡིན། ད་ལོ་གསུམ་བཅུའི་དུས་དྲན་ནས་ང་ཚོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཁག་གིས་བོད་དོན་ཐོག་ལས་འགུལ་ཤུགས་ཆེ་རུ་བཏང་ཡོད་ལ། སྔོན་ལོ་རྒྱུས་ནང་བྱུང་མ་མྱོང་བ་ཞིག་ལ། ཉེ་ཆར་སེ་ལ་གྷོལ་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་ ༧༠༠༠ ཙམ་འཛོམས་ཏེ་ལས་འགུལ་སྤེལ་ཡོད། སྐབས་དེར་ཚོགས་འདུ་འཚོགས་ཏེ། ད་ནས་བཟུང་ཁྱིམ་ཚང་སོ་སོའི་ཉི་མ་རེ་རེའི་ཟས་རིན་ལས་དངུལ་ཅུང་རེ་ཟུར་འཇོག་གིས་བོད་རང་བཙན་ཆེད་གཏོང་རྒྱུ་དང༌། སློབ་གྲྭར་འགྲོ་བའི་བྱིས་པ་ཚོར་ཡང་སློབ་གསོ་བཏང་སྟེ། བོད་རང་བཙན་ལེན་དགོས་པ་རེད། ང་ཚོ་བོད་དུ་འགྲོ་དགོས་པ་རེད་ཅེས། ཉིན་རེའི་རྔན་པ་ཉོ་བྱེད་དངུལ་ལས་ཀྱང་ཟུར་འཇོག་གིས་བོད་དོན་ལ་གཏོང་རྒྱུ་བྱས་ཡོད་ཅེས་བརྗོད་སོང༌།
སྐབས་དེར་འདི་གའི་གསར་འགོད་པས་བླ་མ་ཆོས་འཕེལ་བཟོད་པ་ལགས་སུ། གལ་ཏེ་བོད་རང་བཙན་གཙང་མའི་ཐོག་ལ་སྲིད་བྱུས་འགྱུར་བ་བཏང་བ་ཡིན་ན། རྒྱལ་སྤྱིའི་སྟེང་ནས་བོད་དོན་ལ་རྒྱབ་སྐྱོར་གང་འདྲ་ཡོང་མིན་དྲིས་པར་ཁོང་གིས། དེ་བརྒྱ་ཆའི་བརྒྱ་ཐམ་པའི་རོགས་རམ་ཡོང་གི་རེད། རྒྱ་གར་གཞུང་གི་ངོས་ནས་ཀྱང་ད་ལྟའི་བར་བོད་དོན་ལ་རྒྱབ་སྐྱོར་མ་བྱས་པ་མིན། དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་བྱས་ཡོད། དངོས་སུ་ཆོས་དང་རིག་གཞུང༌། མི་རིགས་སྲུང་སྐྱོབ་ཆེད་རོགས་རམ་བྱེད་ཀྱིན་ཡོད་ལ། ཤུགས་ནས་ཀྱང་ཕྱོགས་མང་པོ་ཞིག་ལ་རོགས་རམ་བྱས་ཡོད། མ་འོངས་པར་བོད་པའི་རྩ་དོན་ཐད་ལངས་ཕྱོགས་གསལ་བོ་ཞིག་དང་སྲིད་ཇུས་མཁྲེགས་པོ་ཞིག་བཟོས་པ་ཡིན་ན། རྒྱ་གར་གཞུང་གིས་སྔར་ལས་ལྷག་པར་དངོས་ཤུགས་བརྒྱུད་གསུམ་ནས་རོགས་རམ་ཡོང་བར་ཡིད་ཆེས་ཡོད་ཟེར།
ཕྱི་ཚེས་ ༦ ཉིན་རྒྱ་གར་ཧི་མ་ལ་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང༌། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཁག་གི་མགོ་ཁྲིད། ཧི་མ་ཅལ་མངའ་སྡེ་འོག་གི་ཚོགས་པ་ ༢༢ ཀྱི་སྣེ་མོ་བ། དེ་བཞིན་བོད་པའི་སློབ་གྲྭ་དང་གདན་ས་ཁག་གི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ ༤༠༠ ལྷག་གིས་ལྡི་ལིར་ཚོགས་འདུ་སྐུང་སྟེ། བོད་མིར་གདུང་སེམས་མཉམ་སྐྱེད་དང༌། འབྱུང་འགྱུར་བོད་དོན་ལས་འགུལ་སྤེལ་ཕྱོགས། དེ་བཞིན་རྒྱལ་སྤྱི་དང་རྒྱ་གར་གཞུང་ལ་བོད་དོན་རྒྱབ་སྐྱོར་རོགས་འདེགས་ཡོང་བར་འབོད་སྐུལ་ཞུ་ཕྱོགས་བཅས་ལ་གོ་བསྡུར་བྱས་ཡོད་པ་དང༌། སྐབས་དེར་གྲོས་ཆོད་དོན་ཚན་བདུན་བཞག་ཡོད་པའི་ནང་དོན་གཙོ་བོ། དང་པོ། སྤྱི་ལོ་ ༡༩༦༢ ལོར་རྒྱ་གར་དང་རྒྱ་ནག་གཉིས་དམག་བརྒྱབས་ཡོད་པ་དང༌། ལོ་དེའི་ཟླ་ ༡༡ པའི་ཚེས་ ༡༤ ཉིན་རྒྱ་གར་གྲོས་ཚོགས་ནང་རྒྱ་གར་གྱི་ས་ཆ་རྒྱ་ནག་འོག་ཤོར་ཡོད་པ་དག་ལས་སྤྱི་ལེ་གཅིག་ཡིན་རུང་ཚུར་རག་ཐབས་ལ་འབད་བརྩོན་བྱ་རྒྱུ། གཉིས་པ། ཉེ་ཆར་སིམ་ལར་ཚོགས་འདུ་འཚོགས་པའི་ནང་དོན་ལྟར། སིམ་ལའི་ཆིངས་ཡིག་གི་མག་མོ་ཧན་ས་ཐིགས་ནང་ཚུད་དུ་གང་ཡོད་པ་དེ་ནམ་ཡང་ང་ཚོའི་ཡིན་པ་རྒྱ་གར་གཞུང་ལ་གསལ་འདེབས་བྱ་རྒྱུ། གསུམ་པ། བོད་དེ་འཚེ་མེད་ཞི་བདེའི་བསྟི་གནས་མ་ཆགས་བར་༧རྒྱལ་བ་ཡིད་བཞིན་ནོར་བུ་དང་རྒྱ་ནག་གཞུང་གཉིས་བར་དོན་ཕན་ལྡན་པའི་གྲོས་མོལ་ཡོང་རྒྱུར་རྒྱ་གར་གཞུང་གིས་རོགས་རམ་རྒྱབ་སྐྱོར་གནང་དགོས་པ། བཞི་བ། རྒྱ་གར་གྱི་སྲིད་དོན་ཚོགས་པ་ཚང་མས་ལས་རིམ་ནང་ངེས་པར་དུ་བོད་དོན་སྐོར་འཇུག་དགོས་པ། ལྔ་བ། རྒྱ་གར་གྱི་སྲིད་དོན་མགོ་ཁྲིད་ཚོ་དང་གྲོས་ཚོགས་འཐུས་མིས་ཧི་མ་ལ་ཡའི་མངའ་ཁུལ་སྲུང་སྐྱོབ་ཆེད། བོད་དེ་ཞི་བདེ་བསྟི་གནས་ཡོང་ཐབས་ལ་གོ་བསྡུར་ཡང་ཡང་གནང་དགོས་པ། དྲུག་པ། ལ་དྭགས་ནས་ཨ་རུ་ན་ཅལ་བར་གྱི་ལམ་དང་ཆུ། ཤེས་ཡོན། འཕྲོད་བསྟེན་སོགས་ཕྱོགས་ཚང་མར་ལྟ་སྐྱོང་ཡག་ཏུ་གཏོང་དགོས་པ། བདུན་པ། རྒྱ་གར་སྲུང་སྐྱོབ་དང༌། འཛམ་གླིང་ཞི་བདེ་བཅས་ཀྱི་ཆེད། རྒྱ་གར་གཞུང་གིས་བོད་དེ་ཞི་བདེ་བསྟི་གནས་ཤིག་ཡོང་ཐབས་ལ་ངེས་པར་དུ་རྒྱབ་སྐྱོར་རོགས་རམ་བྱ་དགོས་པ་བཅས་ཡིན་འདུག་ལ། གོང་གི་གྲོས་ཆོད་དེ་རྒྱ་གར་སྲིད་འཛིན་དང་སྲིད་བློན། ཕྱི་སྲིད་བློན་ཆེན། སྲིད་དོན་ཚོགས་པ་ཁག་གི་ལས་ཁུངས་དང༌། གྲོས་ཚོགས་འཐུས་མི་ཡོངས་བཅས་ལ་འབུལ་རྒྱུ་ཡིན་འདུག
ཡག་པོ་རེད།