ཟླ་
སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བདུན་པའི་ཐོག་ངོ་འབྱོར་གྱི་སྤྱི་འཐུས་རྣམས་དང༌། རེས་མོས་ཚོགས་གཙོ་གསར་པ་བཅས་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་བརྗོད་རྒྱུ་ཡིན།
དེང་སྐབས་བོད་ནང་གི་གནས་སྟངས་དང་ང་ཚོའི་ལངས་ཕྱོགས་བཅས་ཐེངས་མང་བརྗོད་ཟིན་ཁར། ཉེ་ཆར་གསུམ་དུས་ཀྱི་ཡོངས་ཁྱབ་གསུང་འཕྲིན་དུའང་ཞིབ་འཁོད་ཡོད་པ་ཀུན་གྱི་བློ་ངེས་ཡོད་ཤག་ལ་བསྐྱར་ཟློས་མ་དགོས།
ཉེ་བའི་བདུན་ཕྲག་ཁ་ཤས་ནང་ད་ལྟའི་བོད་ཀྱི་ཛ་དྲག་གི་གནས་བབ་དང༌། བོད་མིའི་ཞི་བའི་གྱེན་ལངས་དང་བོད་གཞུང་མང་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་ཚིགས་བཅས་དང་བསྟུན་ཡོ་རོབ་དང་ཨ་རིའི་གྲོས་ཚོགས་ཀྱིས་མཚོན་རྒྱལ་ཁབ་མང་པོའི་གྲོས་ཚོགས་ཁག་གི་ཐུགས་སྣང་ཆེན་པོས་དོན་སྙིང་ལྡན་པའི་གྲོས་ཆོད་བཞག་པ་དང༌། གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་གསལ་སྟོན་བྱས་པ་དེ་དག་གཞིས་བྱེས་བོད་མི་ཡོངས་ཀྱི་སྙིང་སྟོབས་སྤེལ་བའི་ཆ་རྐྱེན་དང༌། བོད་ཀྱི་རྩ་དོན་ལ་ཕན་ངེས་བྱུང་ཡོད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་གལ་གནད་ཆེ་ཤོས་ཤིག་ཡིན་པས་དེའི་ངོས་ནས་ཀྱང་དྲང་བདེན་ལ་དགའ་བའི་རྒྱལ་ཁབ་རྣམས་ཀྱི་དབུས་དང་མངའ་སྡེའི་གྲོས་ཚོགས་ཁག་དང་འབྲེལ་ལམ་གང་ཐུབ་ཀྱིས་བོད་ཀྱི་འདས་པའི་བྱུང་རབས་དང༌། ད་ལྟའི་གནས་བབ། འབྱུང་འགྱུར་གྱི་མངོན་འདོད་བཅས་ཀྱི་སྐོར་གོ་རྟོགས་གོང་མཐོར་སྤེལ་སླད་དྲིལ་བསྒྲགས་དང༌། དོན་འབྲས་ཐོན་ངེས་ཀྱི་རྒྱབ་སྐྱོར་ཐོབ་ཐབས་ཀྱི་འབད་རྩོལ་ཤུགས་སྐྱེད་དང་འབྲེལ། སྒྲུབ་ཕྱོགས་ཀྱི་ལས་འགུལ་གང་ལ་ཇི་འོས་ཐོག་འབད་འབུངས་སྔར་ལྷག་བྱ་གལ་ཆེ།
དེ་བཞིན་བོད་མིའི་མང་གཙོའི་ཕེལ་རིམ་གོང་མཐོར་འགྲོ་ཐབས་དང་ཁྲིམས་བཟོའི་ལས་དོན་གནད་སྨིན་ཡོང་ཐབས་སུ་སྤྱི་འཐུས་ཚང་མས་མང་གཙོའི་ལྟ་གྲུབ་དང༌། ཁྲིམས་ཀྱི་དབང་བསྒྱུར་ལ་སྙིང་ནས་བརྩི་བཀུར་ཐོག གུ་ཡངས་དཀྱེལ་ཆེའི་བློ་གྲོས་ཀྱིས་རྟོན་བཞིའི་འཇུག་ལྡོག་མ་འཆོལ་བའི་སྒོ་ནས་སྤྱི་སྨན་འདུན་གྲོས་ལྷུག་པོར་གནང་དགོས།
སྐབས་བབས་གྲོས་ཚོགས་ཀྱི་ལས་དོན་ལམ་ལྷོང་དང༌། འགྲོ་ཀུན་བདེ་བའི་སྨོན་འདུན་བཅས།
ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས་ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༡༧ ལ།།
མ་ཟད་བདག་ཉིད་ཆེན་པོ་གྷན་དྷིས། གྲོས་ཚོགས་ཀྱི་འཐུས་མི་དེ་ཚོ་བཅོས་མ་དང་རང་དོན་ཅན་དུ་མཐོང་གི་ཡོད། ཚང་མས་རང་གི་དོན་དག་སྒྲུབ་རྒྱུ་ལ་བསམ་བློ་གཏོང་གི་ཡོད། འཇིགས་སྣང་གི་དབང་གིས་གྲོས་ཚོགས་ཀྱི་ལས་ཀ་ཅུང་ཟད་བྱེད་ཀྱི་ཡོད། ཅེས་གསུངས་འདུག གསུང་དུམ་བུ་འདི་ང་ཚོའི་གྲོས་ཚོགས་ལ་འོས་པོ་ཨེ་འདུག དྲ་གྲོགས་ཚོ།
ངའི་རྒྱུན་ཤེས་ལྟར་ན། ད་ལན་གསུངས་འཕྲིན་ཕེབས་པ་ལ་ཐུགས་རྗེ་ཞུའི་གྲོས་ཆོད་ཅིག་འཇོག་རྒྱུ་ཡིན་པ་དང་། གྲོས་ཆོད་དེའི་ནང་བཀའ་བཞིན་བསྒྲུབ་རྒྱུ་ཡིན་སྐོར་འཁོད་རྒྱུ་རེད།་ཡིན་ནའང་དོན་དངོས་སུ་བཀའ་གནང་བ་དེའི་ནང་དོན་དངོས་དེ་ལག་བསྟར་བྱ་ཡུལ་གྱི་ལས་རིམ་གཏན་འབེབ་གང་ཡང་བྱེད་ཀྱི་མ་རེད། བྱེད་སྟངས་འདི་ནི་གསུང་ཆོས་ཞུ་སྐབས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་དམ་འབུལ་བྱེད་སྲོལ་ལྟ་བུ་ཞིག་རེད། དོན་དངོས་སུ་བདག་ཉིད་ཆེན་པོ་གྷན་དྷིས། ཁྱེད་རང་ནས་བྱིས་པ་རྟག་ཏུ་བྱིས་པའི་གནས་སྐབས་སུ་བསྡད་པ་མཐོང་མྱོང་ངམ། དེང་ལོ་བདུན་བརྒྱ་ཙམ་སོང་བའི་རྗེས་སུ་ཡང་གྲོགས་ཚོགས་བྱིས་པའི་གནས་སྐབས་སུ་ལུས་ཡོད་ན། དེ་ག་དུས་ནར་སོན་ནམ། ཞེས་གསུངས་ཡོད།
དེ་བཞིན་མུ་མཐུད་དེ་གསུང་འཕྲིན་དུ། དོན་འབྲས་ཐོན་ངེས་ཀྱི་རྒྱབ་སྐྱོར་ཐོབ་ཐབས་ཀྱི་འབད་རྩོལ་ཤུགས་སྐྱེད་དང་འབྲེལ། སྒྲུབ་ཕྱོགས་ཀྱི་ལས་འགུལ་གང་ལ་ཇི་འོས་ཐོག་འབད་འབུངས་སྔར་ལྷག་བྱ་གལ་ཆེ། ཞེས་གསལ་འདུག་ན། བཙན་བྱོལ་དང་། བོད་ནང་། རྒྱ་ནག རྒྱལ་སྤྱི་བཅས་ཀྱི་ནང་དོན་འབྲས་ཐོན་ངེས་ཐད་འབད་རྩོལ་བྱེད་ཕྱོགས་གང་དང་གང་འཛིན་སྐྱོང་དང་མི་མང་། ལྷག་པར་སྤྱི་ལྷན་རང་ངོས་ནས་འབད་རྩོལ་བྱ་རྒྱུ་བཅས་ཀྱི་སྐོར་ལ་ལམ་སྟོན་དང་གཏན་འབེབས་གང་གནང་ཡོད་འདུག ཁྱད་པར་སྒྲུབ་ཕྱོགས་ཀྱི་ལས་འགུལ་གང་ལ་ཇི་འོས་ཐོག་འབད་འབུངས་སྔར་ལྷག་གསུངས་འདུག་ན་དེའི་ཐད་ག་རེ་གནང་ཡོད་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་གལ་གནད་ཆེ་ཤོས་ཤིག་ཡིན་པས་དེའི་ངོས་ནས་ཀྱང་དྲང་བདེན་ལ་དགའ་བའི་རྒྱལ་ཁབ་རྣམས་ཀྱི་དབུས་དང་མངའ་སྡེའི་གྲོས་ཚོགས་ཁག་དང་འབྲེལ་ལམ་གང་ཐུབ་ཀྱིས་བོད་ཀྱི་འདས་པའི་བྱུང་རབས་དང༌། ད་ལྟའི་གནས་བབ། འབྱུང་འགྱུར་གྱི་མངོན་འདོད་བཅས་ཀྱི་སྐོར་གོ་རྟོགས་གོང་མཐོར་སྤེལ་སླད་དྲིལ་བསྒྲགས་དང༌། ཞེས་གསུངས་འདུག་པས་དྲིལ་བསྒྲགས་ཀྱི་ལས་དོན་ཐད་འཛིན་སྐྱོང་ལ་ལམ་སྟོན་གང་དང་བྱས་ཡོད།