ཡུ་རོབ་གླིང་གི་བོད་དོན་ལས་འགུལ་གྱི་གདོང་ལེན་གསར་པ།
སྐུ་ཚབ་སྐལ་བཟང་རྒྱལ་མཚན་གྱི་རྩོམ། ལུང་རིགས་རྒྱལ་གྱིས་བསྒྱུར།
༡༩༨༩ ལོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་ཚོས་སྣེ་ཁྲིད་པའི་དམངས་གཙོའི་ལས་འགུལ་ལ་ཁྲག་དྲི་བྲོ་བའི་བཙན་གནོན་བྱས་རྗེས་ཙམ་ལ། རྒྱ་ནག་འདི་ཆབ་སྲིད་ཀྱི་ཁེར་རྐྱང་གི་རྣམ་པ་ནས་བསྐྱར་དུ་འཛམ་གླིང་གི་གར་སྟེགས་སྟེང་མངོན་སྐབས་སུ། སྲིད་དོན་ཉམས་ཞིབ་པ་སྐོར་ཞིག་གི་རྒྱ་ནག་གིས་དཔལ་འབྱོར་ཡར་རྒྱས་དང་ཆབ་སྲིད་ཀྱི་འགྱུར་བབ་ལ་བསྟུན་ནས་བོད་དོན་ནི་སྣང་མེད་དུ་ཤོར་རྒྱུ་ཡིན་པའི་ལྟ་ཚུལ་བཟུང་། ང་ལྟ་ཚུལ་འདི་ལ་ནམ་ཡང་འཐད་པ་མེད། རྒྱུ་མཚན་ནི་ངའི་གཞི་རྩའི་ལྟ་ཚུལ་ནི་བོད་དོན་གྱི་གལ་ཆེའི་རང་བཞིན་དང་ཛ་དྲག་གི་རང་བཞིན་འདི་ནི་མཐར་གཏུགས་ན་བོད་ནང་གི་དངོས་ཡོད་གནས་སྟངས་དང་། བོད་མི་རིགས་ཀྱི་མངོན་འདོད་དང་ཆོད་སེམས་ཀྱིས་ཐག་བཅད་ཡོད་པའི་རྐྱེན་གྱིས་ཡིན།
༢༠༠༨། བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཀྱི་དཀྱོགས་མཚམས་ཤིག
འདས་པའི་ལོ་ ༦༠ རིང་བོད་ལ་དབང་བསྒྱུར་བྱས་སྐབས། པེ་ཅིན་གྱིས་བོད་དོན་དཀའ་རྙོག་འདིའི་རྩ་བ་སེལ་བའི་ཆེད་དུ་ཐབས་ཤེས་ཡོད་རྒུ་བཏོན་ཡོད། འདི་སེལ་བའི་ཆེད་དུ་རྒྱ་ནག་གིས་འདས་པའི་ལོ་རབས་དག་གི་ནང་ཚད་གཞི་འདྲ་མིན་གྱི་ཐོག་ནས་བོད་ནང་བཙན་གནོན་བྱས་ཡོད། ཡིན་ཡང་། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ལོ་རྒྱུས། ངོ་རྟགས་བཅས་ལ་བརྩི་བཀུར་དང་ངོས་འཛིན། གོ་རྟོགས་མ་ཐུབ་པའི་གཞི་རྩའི་ནོར་འཁྲུལ་ལ་བརྟེན་ནས་སྲིད་བྱུས་མཐའ་དག་ལོག་ལམ་དུ་ཕྱིན་ཡོད། བོད་མི་རིགས་ཀྱི་སེམས་དང་བསམ་པ་འགུགས་པའི་སྲིད་བྱུས་ཤིག་འཚོལ་རྒྱུའི་ཚབ་ཏུ། པེ་ཅིན་གྱིས་དུས་རྒྱུན་ནས་བོད་ལ་དབང་བསྒྱུར་དང་འཛིན་སྐྱོང་བྱེད་པའི་རྩ་དོན་དེ་དྲག་ཤུགས་དང་བཙན་གནོན་གྱི་ཐབས་ལམ་སྤྱད་ཡོད།
ལོག་ལམ་དུ་ཕྱིན་པའི་སྲིད་བྱུས་འདི་དག་གི་མཇུག་འབྲས་སུ། དེང་སྐབས་བོད་མི་རིགས་ཀྱི་ཕྱི་རྒོལ་གྱི་བསམ་བློ་དེ་སྔར་ལས་ཀྱང་ཤུགས་ཆེ་རུ་ཕྱིན་ཡོད། ༡༩༥༠ ང་གྲངས་ནས་མགོ་བཙུགས་པའི་བོད་མིའི་ཕྱི་རྒོལ་དང་རང་དབང་འཐབ་རྩོད་དེ་དུས་རབས་ཉི་ཤུའི་ནང་གི་མི་རབས་རྣམས་ཀྱིས་དེ་རིང་བར་དུ་ཁྱེར་ཡོང་བ་རེད། ཡིན་ཡང་། ལོ་སྔོན་མར་བོད་ས་ཡོངས་སུ་ངོ་རྒོལ་བྱུང་བ་དེས་དཀྱོགས་མཚམས་གལ་ཆེན་ཞིག་བསྟན་ཡོད་དེ། དེང་སྐབས་བོད་མི་རིགས་ཀྱི་ཕྱི་རྒོལ་དང་རང་དབང་གི་འཐབ་རྩོད་དེ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་གི་བོད་ཀྱི་མི་རབས་རྣམས་ཀྱིས་འཁྱེར་གྱིན་ཡོད། ཁོང་ཚོ་ནི་རྒྱ་ནག་གི་དབང་བསྒྱུར་འོག་ནས་སྐྱེས་ཤིང་འཚར་བའི་གྲས་ཡིན།
ལོ་སྔོན་མར་བྱུང་བའི་དུས་རབས་ཉེར་གཅིག་པའི་བོད་ཀྱི་མི་རབས་རྣམས་ཀྱི་གྱེན་ལངས་དེས་བོད་ཀྱི་གནད་དོན་དེ་སླར་ཡང་རྒྱལ་སྤྱིའི་དོ་སྣང་གི་དཀྱིལ་སྙིང་དུ་འཁྱེར་ཡོང་སྟེ། དུས་རབས་འདིའི་སྲིད་དོན་གྱི་གྲོས་གཞི་ཞིག་ལ་བརྟན་པོར་བཞག་ཡོད། བོད་དོན་འདི་དངོས་ཡོད་དང་འོས་མཐུན་གྱི་ལམ་ནས་གླེང་ཞིང་། བློ་ཐག་ཉེ་བོ་དང་དྲང་པོའི་སྒོ་ནས་འབྲེལ་མོལ་དང་ཞི་མོལ་བརྒྱུད་ཐག་མ་བཅད་བར་དུ་དཀའ་རྙོག་འདི་མུ་མཐུད་དུ་ལྷག་ངེས་པ་ནི་གསལ་བོ་རེད། དཀའ་རྙོག་འདི་རང་བཞིན་གྱིས་ཡལ་འགྲོ་བར་རེ་བ་དེ་ནི་སྨོན་སེམས་ཙམ་དང་ཉེན་ཁ་ཆེ་བའི་སྲིད་དོན་གྱི་ཚོད་རྩིས་ཤིག་རེད། དེ་ལས་ལྷག་པར། ལོ་སྔོན་མའི་བོད་ནང་གི་དོན་རྐྱེན་དེ་དག་གིས་ད་དུང་གསལ་བོར་བསྟན་པ་ནི། བོད་ནང་གི་དོན་རྐྱེན་དེ་དག་གིས་འཛམ་གླིང་འདིར་རྒྱ་ནག་གིས་འབྲེལ་བ་འཛིན་ཕྱོགས་དང་འཛམ་གླིང་ནང་རྒྱ་ནག་གི་ལངས་ཕྱོགས་ལ་གནོད་སྐྱོན་བཟོ་གིན་ཡོད།
འཛམ་གླིང་སྟེང་གི་རྒྱ་ནག་གི་བྱེད་ནུས་ལ་ཤུགས་རྐྱེན།
ང་ལ་དུས་རྒྱུན་ནས་ལྟ་ཚུལ་ཞིག་ཡོད་པ་ནི། རྒྱལ་ཁབ་ཅིག་འཛམ་གླིང་གི་གར་སྟེགས་སྟེང་ཅི་ཙམ་གྱིས་གལ་ཆེན་དུ་གྱུར་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ལས་ཀྱང་རྒྱལ་ཁབ་དེའི་དངོས་ཡོད་གནས་སྟངས་མཐའ་དག་ལ་ཕྱོགས་ཡོངས་ནས་དོ་སྣང་ཆེན་པོ་སྤྲོད་གི་རེད། བོད་ཀྱི་གནད་དོན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཅིག་གྱུར་དང་བརྟན་ལྷིང་ལ་འབྲེལ་ཡོད་སྟབས། ངའི་བསམ་ཚུལ་ལ། འཛམ་གླིང་སྟེང་རྒྱ་ནག་གི་གནས་བབ་ཅི་ཙམ་གྱིས་འཕར་བ་དང་མཉམ་དུ། བོད་ཀྱི་གནད་དོན་ལའང་མུ་མཐུད་ནས་སྔར་ལས་ལྷག་པའི་དོ་སྣང་ཡོང་བ་དང་གལ་ཆེན་རང་བཞིན་དུ་འགྱུར་བར་འདོད།
འདི་དང་གཅིག་མཚུངས་སྒོས། ད་བར་དུ་བོད་དོན་འཐབ་རྩོད་འདི་འཁོར་སྐྱོད་བྱེད་སའི་སྲིད་དོན་གྱི་ཁོར་ཡུག་དེ་ལའང་ཉེ་བའི་ཆ་ནས་བཟུང་འགྱུར་བ་ཆེན་པོ་ཞིག་བྱུང་ཡོད་པ་ནི་ལྡོག་ཐབས་མེད་པའི་དངོས་ཡོད་ཅིག་རེད། འཛམ་གླིང་སྟེང་རྒྱ་ནག་གི་གོ་བབ་ནི་ཤུགས་ཆེན་པོ་ཆགས་ཡོད་པ་རེད། རྒྱུ་མཚན་ནི་ཡུ་རོབ་གྱི་གཞུང་ཕལ་ཆེ་བར་མཚོན་ན་རྒྱ་ནག་ནི་ཁོང་ཚོའི་རྒྱལ་སྤྱིའི་མཉམ་རོགས་གལ་ཆེན་ཞིག་ཆགས་ཡོད་པ་རེད། ཁོང་ཚོས་རྒྱ་ནག་ལ་བཟུང་བའི་འབྲེལ་བ་ནི་ཕྱོགས་མང་པོ་ཞིག་ནས་རྒྱ་ཆེན་པོ་དང་། སྣ་མང་ཅན། ཆ་ཚང་བ། གལ་ཆེན་པོ་བཅས་རེད།
རྒྱབ་ལྗོངས་འདི་ལ་བརྟེན་ནས་བོད་དོན་ལས་འགུལ་གྱིས་འགྱུར་ཟིན་པའི་ཆབ་སྲིད་ཀྱི་ཁོར་ཡུག་ཅིག་ལ་གདོང་གཏད་ཡོད།
ཡུ་རོབ་ཀྱིས་རྒྱ་ནག་ལ་བཟུང་བའི་མཉམ་ཞུགས་དང་ཁུ་སིམ་པའི་རྒྱལ་འབྲེལ་སྲིད་བྱུས།
ཉེ་ལམ་ངས་ཡུ་རོབ་ཀྱི་སྲིད་གཞུང་འགའ་ཤས་མཉམ་དུ་བགྲོ་གླེང་བྱས་རིམ་དུ། ང་ལ་དོ་སྣང་བྱུང་བ་ཞིག་ནི་དེང་སྐབས་བོད་ཀྱི་གནད་དོན་འདི་དོ་གལ་ཆེན་པོའི་སྒོ་ནས་ལྟ་གིན་འདུག ཡུ་རོབ་སྲིད་གཞུང་ཁག་གིས་ཚོགས་འདུ་སོགས་ཚུད་པའི་རིམ་པ་འདྲ་མིན་ནས་རྒྱ་ནག་མཉམ་དུ་རྒྱལ་ཁབ་གཉིས་སམ་སྣ་མང་གི་འབྲེལ་བ་འཛིན་དུས་བོད་དོན་གླེང་འདུག ལོ་སྔོན་མའི་བོད་ནང་གི་ཛ་དྲག་དོན་རྐྱེན་གྱི་རྗེས་ནས་བཟུང་ཡུ་རོབ་གྱི་སྲིད་གཞུང་མང་པོ་ཞིག་གིས་བོད་དོན་ཀྱི་ཛ་དྲག་རང་བཞིན་དང་དོ་གལ་རང་བཞིན་ལ་གོ་རྟོགས་ཆེན་པོ་བྱུང་འདུག་པ་ཤེས་ཐུབ་གི་འདུག དེའི་མཇུག་འབྲས་ལ་བརྟེན། ངའི་དོ་སྣང་ལྟར་ན། ཡུ་རོབ་སྲིད་གཞུང་དག་གི་ཁྲོད་ན་ཁོང་ཚོའི་འབྲེལ་ཡོད་རྒྱ་ནག་གཞུང་གི་མི་སྣར་ཐུག་དུས་བོད་དོན་གྱི་ཐད་གོ་རྟོགས་གསལ་བོ་དང་ཛ་དྲག་ཆེ་བ། མཐར་སྐྱེལ་གྱི་རྣམ་པའི་ཐོག་ནས་གླེང་རྒྱུའི་ཆོད་སེམས་ཆེན་པོ་ཡོད་མཁན་འདུག
ཕྱོགས་གཞན་ནས་བཤད་ན། དེང་སྐབས་ཡུ་རོབ་སྲིད་གཞུང་དག་གིས་བོད་དང་འགྲོ་བ་མིའི་ཐོབ་ཐང་གི་ཕྱོགས་ནས་རྒྱ་ནག་ལ་ཡོངས་གྲགས་ཀྱིས་སྐྱོན་བརྗོད་བྱེད་རྒྱུ་དེར་སྔར་ལས་བློ་དོགས་དང་མོས་འདུན་མེད་པ་གསལ་བོ་ཆགས་ཀྱིན་པ་དེ་ཡང་དངོས་ཡོད་རེད། རྒྱ་ནག་འདི་འཛམ་གླིང་གི་དབུ་ཁྲིད་གལ་ཆེན་ཞིག་ལ་འཕེལ་གྱིན་པའི་ཕན་ནས། མི་རྣམས་ཀྱི་དགོངས་ཚུལ་གཅིག་ནི་ཁུ་སིམ་པའི་རྒྱལ་འབྲེལ་ནི་རྒྱ་ནག་ནང་དམངས་གཙོ་དང་གུ་ཡངས། འགྲོ་བ་ཐོབ་ཐང་ཡར་རྒྱས་གཏོང་རྒྱུའི་ཐབས་ལམ་ནུས་པ་ཅན་ཞིག་ལ་བརྩི་གིན་འདུག འདས་པའི་ལོ་ཤས་རིང་གི་ཆབ་སྲིད་ཀྱི་འཕེལ་རིམ་དང་རྒྱ་ནག་ནང་གི་ད་ལྟའི་གནས་སྟངས་ཀྱིས་ལྟ་ཚུལ་འདི་ནི་ནོར་འཁྲུལ་ཡིན་པ་ར་སྤྲོད་བྱས་ཡོད་པ་རེད། འོན་ཀྱང་ཐབས་སྐྱོ་བ་ཞིག་ལ། སྲིད་གཞུང་མང་པོ་ཞིག་གིས་མུ་མཐུད་ནས་ལངས་ཕྱོགས་འདི་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། ཁོང་ཚོས་འདི་ལྟར་འཛིན་དོན་ནི་སྲིད་དོན་གྱི་ཐབས་བཀོད་ཅིག་ཡིན་དང་ཡང་ན་འདི་ལས་ལྷག་པའི་སྲིད་དོན་གྱི་གདམ་ག་མེད་པས་ཡིན་མིན་ནི་བཤད་དཀའ་བ་ཞིག་རེད།
ཁུ་སིམ་པའི་རྒྱལ་འབྲེལ་སྲིད་བྱུས་ཀྱི་སྐྱོན་ཆ་དང་ལྡོག་ཕྱོགས་ཀྱི་གྲུབ་དོན་ཁག
སྲིད་དོན་མི་སྣ་དང་གཞུང་ཚབ་མི་སྣ། སྲིད་དོན་ཉམས་ཞིབ་པ་དག་གིས་ཇི་ལྟར་བྱས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཁྲིམས་ཀྱི་དབང་བསྒྱུར། དམངས་གཙོ་བཅས་ལ་ཕན་ནུས་ལྡན་པའི་གོང་སྤེལ་དང་སྐུལ་འདེད་བྱ་ཕྱོགས་ལ་བགྲོ་གླེང་བྱེད་བཞིན་པ་ནི་གནད་དོན་གལ་ཆེན་པོ་དང་གསལ་བོ་ཞིག་རེད། ཡིན་ཡང་། བགྲོ་གླེང་འདི་དག་གིས་དམིགས་བཀར་གྱིས་རྒྱ་ནག་གི་དབུ་ཁྲིད་རྣམས་དང་། སྲིད་གཞུང་གླེང་བཞིན་པ་མ་གཏོགས་རྒྱ་ནག་ནང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ནུས་ཤུགས་དེ་ཡོངས་སུ་སྣང་མེད་ལ་བཏང་འདུག རྒྱ་ནག་ནང་དུ་འགྱུར་བ་འདི་དག་ཡོང་ཐབས་སུ་རྒྱ་ནག་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་དག་གིས་བྱེད་ལས་གང་འདྲ་ཞིག་འདོན་གྱིན་པ་དང་མུ་མཐུད་ནས་འདོན་ངེས་པ། དེའི་གལ་གནད་བཅས་ཀྱི་ཐད་རྩ་བ་ནས་གོ་རྟོགས་མེད་པ་དང་བརྩི་མཐོང་མེད་པར་གྱུར་འདུག མཐར་དེད་ན། རྒྱ་ནག་ནང་དུ་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ནུས་ཤུགས་མངོན་འགྱུར་བྱུང་ན་ད་གཟོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་དུ་ཆབ་སྲིད་དང་སྤྱི་དམངས་ཀྱི་གཞི་རྩའི་ཐོབ་ཐང་ལ་བརྩི་བཀུར་བྱེད་པ་དེ་བསྐྱར་གསོ་དང་མངོན་འགྱུར་ཡོང་ཐུབ། ཡིད་སྐྱོ་བ་ཞིག་ལ། བགྲོ་གླེང་འདི་དག་གི་སྐབས་སུ། རྒྱ་ནག་ནང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་གི་ལས་འགུལ་ཁག་ལ་རྒྱབ་སྐྱོར་དང་སྐུལ་འདེད་བྱེད་པའི་གནད་དོན་འདི་དག་ནི་ད་བར་དུ་ཟུར་བརྗོད་དང་ཞོར་འཕྲོས་ཀྱི་རྣམ་པར་བཞག་ཡོད།
དྲག་གནོན་དང་མནར་གཅོད་ཀྱི་འོག་ཚུད་པའི་མི་དམངས་ལ་མཚོན་ན་སྤྱི་ཚོགས་ཀྱི་སེམས་ཁྲལ་དང་གདུང་སེམས་མཉམ་སྐྱེད་ཐོབ་མ་ཐུབ་པ་ནི་གནད་དོན་ཚབས་ཆེན་ཞིག་ཡིན། འཇིགས་སྐུལ་དང་དམ་དྲག དངངས་སྐྲག་གི་འོག་ཤོར་བ་དག་ལ་མཚོན་ན་རེ་བ་དང་འཆར་སྣང་ནི་ཁོང་ཚོའི་མངོན་འདོད་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཉག་གཅིག་ཡིན། འཇིག་རྟེན་འདི་ན་ཁོང་ཚོའི་མགོར་ལྷུང་བའི་དྲང་བདེན་མ་ཡིན་པ་དང་སྡུག་བསྔལ་འདི་དག་ལ་ངོས་འཛིན་བྱེད་མཁན་དང་། ཁོང་ཚོ་འགོག་སྡོམ་བྱེད་མཁན་མིན་པར། ཁོང་ཚོའི་རང་དབང་གི་ཆེད་དུ་ལས་ཀ་སྒྲུབ་མཁན་དང་སྐད་འབོད་བྱེད་མཁན་འདུག་སྙམ་པའི་ཤེས་པ་དེ་ནི་སེམས་སྐུལ་དང་མངོན་འདོད། སྟོབས་ཤུགས་བཅས་ཀྱི་ཁྱད་འཕགས་ཀྱི་འབྱུང་ཁུངས་ཡིན། ཡུལ་ཕྱོགས་གང་སར་བཙན་གནོན་གྱི་འོག་ཤོར་བའི་མི་དམངས་ལ་མཚོན་ན་སྤྱི་ཚོགས་ཀྱི་སེམས་ཁྲལ་དང་གདུང་སེམས་མཉམ་སྐྱེད་ནི་ཁོང་ཚོའི་རེ་བ་དང་འཆར་སྣང་གི་མེ་ལྕེ་དེའི་འཚོ་རླུང་ཡིན། དེར་བརྟེན། བཙན་གནོན་བྱེད་མཁན་དག་གིས་ནམ་རྒྱུན་ (ནང་སྲིད་ལ་བྱུས་གཏོགས་) མ་བྱེད་ཅེས་སྐྱོན་བརྗོད་ཤུགས་ཆེན་པོ་བྱེད་པ་དང་། (ནང་མོལ་) གྱི་ཚུལ་དུ་གྲོས་མོལ་བྱེད་ཆོག་ཟེར་བ་སོགས་ཀྱི་རྒྱུ་མཚན་ཡང་འདི་ལ་ཐུག་ཡོད་པ་རེད། འདི་ནི་ཁོང་ཚོས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལས་འགུལ་བ་རྣམས་ལ་སེམས་ཁམས་ཀྱི་ཐོག་ནས་དམག་རྒྱག་སྟངས་ཀྱི་ཁྱད་ཆོས་གལ་ཆེན་ཞིག་ཡིན། བཙན་གནོན་འོག་ཤོར་མཁན་རྣམས་ཀྱི་སྡུག་བསྔལ་དང་མནར་གཅོད་དེ་ཕྱི་རོལ་གྱི་འགྲོ་བ་མི་རྣམས་ཀྱིས་མི་ཤེས་པ་དང་འབྲེལ་ལམ་བཅད་པ། ཁོང་ཚོ་བརྗེད་ཟིན་པ་ལྟ་བུའི་ཚོར་སྣང་དེས་ཁོང་ཚོའི་མངོན་འདོད་དང་གདེང་ཚོད། རེ་བ་བཅས་ལ་ཚབས་ཆེའི་ཤུགས་རྐྱེན་ཐེབས་པ་དེ་ལྟ་བུ་ཞིག་བཙན་གནོན་བྱེད་མཁན་ཚོར་ཡོང་གི་མེད་པ་ནི་མངོན་གསལ་ཡིན།
སྲིད་དོན་པའི་དབང་ཤུགས་ཀྱིས་མི་དམངས་ཀྱི་ནུས་ཤུགས་གནོན་པ།
སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དང་ཡི་རང་། གདུང་སེམས་མཉམ་སྐྱེད་སོགས་ཀྱི་རྣམ་འགྱུར་དང་སྐད་ཆ་ནི་ཇི་འདྲའི་གལ་ཆེན་ཞིག་ཡིན་པ་ནི་འདས་པའི་དུས་ཀྱི་ལས་འགུལ་མི་འདྲ་བ་དག་གིས་གསལ་བོར་བསྟན་ཡོད་པ་རེད། འདི་ལྟའི་དོན་རྐྱེན་གསལ་བོ་ནི་ལྷོ་ཨབ་རི་ཁའི་ནང་གི་ Apartheid ཞེས་པ་སྟེ། རིགས་རྒྱུད་དབྱེ་འབྱེད་ཀྱི་སྲིད་བྱུས་དེར་ངོ་རྒོལ་བྱས་པའི་ལས་འགུལ་དང་། ཝེ་ཐུ་ནམ་གྱི་དམག་འཁྲུག་ལྟ་བུ་རེད། ཡུ་རོབ་ནང་དུ་བཙན་གནོན་འོག་ཚུད་པ་རྣམས་ཀྱི་རེ་བ་དང་སེམས་ཤུགས། འཆར་སྣང་སོགས་རྒྱུན་འཛིན་ཡོང་བའི་ཆེད་དུ་རྣམ་འགྱུར་སྟོན་པ་དང་སྐད་ཆ་བཤད་རྒྱུ་དེ་ཅི་ཙམ་གལ་ཆེན་ཡིན་མིན་ནི་སྔོན་མའི་ཡུ་རོབ་ཀྱི་དམར་ཤོག་རྒྱལ་ཁབ་དག་ནང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་དག་གི་བསྒྲགས་གཏམ་ཁག་ནང་གསལ་བོར་བཀོད་ཡོད་པ་རེད།
ཡུ་རོབ་སྲིད་གཞུང་མང་པོ་ཞིག་གིས་རྒྱ་ནག་གིས་བོད་ནང་བཙན་གནོན་བྱེད་ཀྱིན་པ་འདིར་ཡོངས་ཁྱབ་ཀྱི་སྐྱོན་བརྗོད་གནང་བ་ལ་སྲིད་དོན་གྱི་ཚད་བཀག་ཅིག་དགོས་པར་ཚོར་བཞིན་པ་འདིའི་ཐོག་ནས་ཤེས་ཐུབ་ནི། ཡུ་རོབ་ནང་གི་བོད་མིའི་ལས་འགུལ་གྱིས་འགྱུར་ཟིན་པའི་ཆབ་སྲིད་ཀྱི་ཁོར་ཡུག་ཅིག་ལ་གདོང་གཏད་ཡོད་པ་ནི་མངོན་གསལ་ཆགས་ཡོད། སྲིད་གཞུང་དག་གིས་རྒྱ་ནག་ལ་ཡོངས་ཁྱབ་ཀྱི་སྐྱོན་བརྗོད་བྱེད་པར་ཚོད་འཛིན་བྱེད་པའི་ལག་ལེན་འདིའི་ཐོག་ནས་བལྟས་ན་བོད་དོན་ལས་འགུལ་ལའང་གལ་གནད་དང་བྱེད་སྒོའི་སྐོར་ལ་བསྐྱར་ཞིབ་དང་བསམ་བློ་བསྐྱར་དུ་གཏོང་མི་དགོས་པའི་ངེས་པ་མེད། སྲིད་དོན་གསར་པ་འདིའི་དོན་དངོས་ལས་འབྱུང་རྒྱུའི་གཏན་ཚིགས་རང་བཞིན་གྱི་གྲུབ་དོན་ནི། གཞུང་འབྲེལ་གྱིས་ཡོངས་ཁྱབ་སེམས་འཚབ་དང་རྒྱབ་སྐྱོར་མེད་ཀྱང་སྤྱིར་བཏང་གི་མི་སེར་དང་གསར་འགོད་བརྒྱུད་ལམ་དག་གིས་ཐད་ཀར་དུ་སྤྱི་ཚོགས་ཀྱི་བྱེད་སྒོ་བརྒྱུད་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་སྟོན་སྟངས་གཉིས་ཀྱི་ཐོག་ནས་ལྗིད་ཤུགས་སྙོམ་སྒྲིག་བྱེད་རྒྱུ་དེ་ཡིན།
བྷེར་ལིན་གྱི་བོད་དོན་གདུང་སེམས་མཉམ་སྐྱེད་འདུ་འཛོམས།
ལོ་སྔོན་མའི་ཕྱི་ཟླ་ ༥ པའི་ནང་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་དང་ས་གནས་བོད་རིགས་ཚོགས་པ་གཉིས་ཀྱིས་༧གོང་ས་མཆོག་བྷེར་ལིན་དུ་ཆིབས་བསྒྱུར་གནང་སྐབས་བོད་དོན་ལ་གདུང་སེམས་མཉམ་སྐྱེད་ཀྱི་འདུ་འཛོམས་ཤིག་གོ་སྒྲིག་བྱས་པ་རེད། སྐབས་དེར་འཇར་མན་མི་དམངས་སྟོང་ཕྲག་ཉི་ཤུ་རྩ་གཅིག་བྷེར་ལིན་གྱི་བྷུ་རན་ཌེན་བྷུར་གྷི་སྒོ་ཆེན་དུ་འཛོམས་ཏེ་༧གོང་ས་མཆོག་དང་བོད་མི་རིགས་ལ་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་བསྟན་པ་རེད། དེ་ནི་བོད་མི་རིགས་ཀྱི་འཚེ་བ་མེད་པའི་རང་དབང་འཐབ་རྩོད་ལ་མང་ཚོགས་ཀྱིས་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་བསྟན་པ་གཞི་རྒྱ་ཆེ་ཞིང་ཡིད་འགུག་གི་ནུས་པ་ཆེ་ཤོས་ཤིག་ཡིན། རྒྱ་ནག་གཞུང་དང་འཇར་མན་གཞུང་གང་ལ་ཡིན་ཡང་། རང་དབང་གི་མི་སེར་སྟོང་ཕྲག་མང་པོས་བོད་དོན་ཐོག་ཐུན་མོང་གི་དམིགས་ཡུལ་དང་ཐུན་མོང་གི་གོ་བརྡ་སྤྲོད་ཆེད་ཞི་བདེའི་མཉམ་འཛོམས་བྱས་པ་འདི་ལས་ལྷག་པའི་གོ་བརྡ་གསལ་བོ་དང་ཤུགས་ཆེན་པོ་ཞིག་སྤྲོད་རྒྱུ་མེད།
འདུ་འཛོམས་དེས་བརྡ་ལན་གལ་ཆེན་འགའ་ཕུལ་ཡོད། ཐོག་མ་དེར། འཇར་མན་མང་ཚོགས་ཀྱིས་བོད་དོན་འཐབ་རྩོད་དང་༧གོང་ས་མཆོག་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོད་པ་དེ་འཇར་མན་གཞུང་ལ་བརྡ་ལན་ཕུལ་ཡོད། འདུ་འཛོམས་དེ་ནི་འཇར་མན་གཞུང་ལ་བོད་དོན་ཐོག་ཧུར་ཐག་བྱེད་དགོས་པའི་འབོད་སྐུལ་བཙན་པོ་ཞིག་ཆགས་ཡོད། གཉིས་པ་དེར། གཞི་རྒྱ་ཆེ་བའི་གསར་འགོད་དང་བརྒྱུད་ལམ་ཁག་གིས་མི་འབོར་ ༢༥༠༠༠ ལྷག་གི་འདུ་འཛོམས་དེ་རྒྱ་ཆེན་པོར་ཁྱབ་སྤེལ་བྱས་པ་དེས་བོད་དོན་ནི་འཇར་མན་སྤྱི་མཐུན་མནའ་འབྲེལ་རྒྱལ་ཁབ་ཀྱི་མི་དམངས་ཚོའི་རྒྱལ་ཁབ་རང་བཞིན་གྱི་སེམས་ཁྲལ་གྱི་གནད་དོན་ཞིག་ཡིན་པ་གསལ་བོར་བསྟན་པ་རེད། དེར་བརྟེན། བོད་དོན་ནི་འཇར་མན་དང་རྒྱ་ནག་གཉིས་བར་གྱི་འབྲེལ་བའི་སྐབས་སྣང་མེད་གཏོང་མི་ཐུབ་པའི་གནད་དོན་ཞིག་ཏུ་གྱུར་ཡོད།
གསུམ་པ་ནི། བོད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་གིས་འཇར་མན་སྲིད་གཞུང་ལ་གནོན་ཤུགས་སྤྲོད་ཐུབ་ཀྱང་། རྒྱ་ནག་གིས་འཇར་མན་གྱི་མང་ཚོགས་དང་གསར་འགོད་བརྒྱུད་ལམ་གྱི་ཁ་འགོག་མི་ཐུབ་པའི་གོ་བརྡ་དེ་རྒྱ་ནག་གཞུང་པ་སྤྲད་ཡོད། དེ་ལས་ལྡོག་སྟེ། སྲིད་གཞུང་ཁག་ལ་རྒྱ་ནག་གི་གནོན་ཤུགས་འོག་ནས་ཇི་ཙམ་གྱི་ཚོད་འཛིན་ཐེབས་ན། དྲང་བདེན་དང་འགྲོ་བ་མིའི་གདུང་སེམས་ཚོར་མཁན་སྤྱིར་བཏང་གི་མི་སེར་རྣམས་ཀྱིས་ཉམས་ཆུང་དང་མནར་གཅོད་འོག་ཏུ་ཤོར་མཁན་ཚོའི་ཕྱོགས་ནས་ལངས་ཏེ་རང་འགུལ་གྱིས་ལས་འགུལ་རྩོམ་པའི་ཚོར་བ་དེ་ཙམ་གྱིས་ཇེ་ཆེར་འགྲོ་གི་རེད། བྷེར་ལིན་གྱི་བོད་དོན་གདུང་སེམས་མཉམ་སྐྱེད་འདུ་འཛོམས་བྱུང་བའི་རྒྱུ་རྐྱེན་ངོ་མ་ཡང་འདི་ཡིན། ༧གོང་ས་མཆོག་ལུང་པ་དེར་ཕེབས་སྐབས་འཇར་མན་གྱི་ཆན་སི་ལོར་ ཨན་རྗེ་ལ་ མེར་ཁེལ་ ལགས་ཕྱི་རྒྱལ་དུ་ཕྱོགས་ཕེབས་གནང་ཡོད། འཇར་མན་གྱི་ཕྱི་སྲིད་བློན་ཆེན་དང་སྐུ་ཞབས་ Steinmeier དང་འཇར་མན་སྲིད་འཛིན་སྐུ་ཞབས་ Horst Köhler རྣམ་གཉིས་ནས་༧གོང་ས་མཆོག་ལ་མཇལ་རྒྱུ་དང་ལེན་གནང་མེད། གནས་སྟངས་འདིས་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ས་གནས་བོད་རིགས་ཚོགས་པ་གཉིས་ལ་འདུ་འཛོམས་འདི་གོ་སྒྲིག་བྱ་རྒྱུའི་དམིགས་ཡུལ་བསྐྲུན་ཞིང་། འཇར་མན་མི་དམངས་སྟོང་ཕྲག་དག་གིས་རང་རང་གི་འདོད་པ་དང་རང་རང་གི་འགྲོ་སོང་ལ་བརྟེན་ནས་སྐད་འབོད་བྱས་པ་རེད། འདུ་འཛོམས་འདི་ཉིན་ ༡༠ ནང་དུ་གོ་སྒྲིག་བྱེད་ཐུབ་སོང་བ་དེས་འཇར་མན་དུ་བོད་ཀྱི་འཐབ་རྩོད་ཐད་རྒྱབ་སྐྱོར་གྱི་གཞི་རྩ་བརྟན་པོོ་དང་ཡོངས་ཁྱབ་ཀྱི་དགོས་འདུན་ཞིག་ཡོད་པ་མངོན་སུམ་གྱིས་བསྟན་ཡོད།
རྒྱ་ནག་ལ་ཡང་དག་པའི་བརྡ་ལན་སྤྲོད་དགོས་པའི་གལ་ཆེན་རང་བཞིན།
བོད་ནང་གི་ད་ལྟའི་ཡ་ང་བའི་གནས་སྟངས་དང་། ༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་དང་རྒྱ་ནག་གི་དབུ་ཁྲིད་ཚོའི་བར་གྱི་འབྲེལ་མོལ་མཚམས་ཆད་པར་མ་ལྟོས་པར། བོད་དང་རྒྱ་ནག་གི་མ་འོངས་པའི་འབྲེལ་བ་དེ་ཕན་ཚུན་ཡིད་ཆེས་མེད་པ་དང་ཞེ་འཁོན་གྱི་རིམ་པ་ནས་ཕར་བརྒལ་ཏེ། ཕན་ཚུན་བརྩི་བཀུར་དང་ཡིད་ཆེས། ཐུན་མོང་གི་འདོད་འདུན་ལ་ངོས་འཛིན་ཐུབ་པའི་གཞི་རྩའི་སྟེང་ནས་འབྲེལ་བ་ཞིག་ཆགས་རྒྱུར་རེ་བ་དང་གདེང་ཚོད་ཡོང་རྒྱུར་རྒྱུ་མཚན་ངེས་ཅན་ཡོད་པ་རེད། འགྱུར་རིམ་དང་འཕེལ་རིམ་འདི་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྲིད་གཞུང་ཁག་དང་འཛམ་གླིང་མི་དམངས། གསར་འགོད་བརྒྱུད་ལམ་བཅས་ཀྱིས་རྒྱ་ནག་གཞུང་ལ་ཡང་དག་པའི་བརྡ་ལན་སྤྲོད་པ་བརྒྱུད་སྐུལ་འདེད་དང་། གཞོགས་འདེགས། སྣེ་ཁྲིད་བྱེད་ཐུབ་པ་ཞིག་རེད། བརྒྱུད་རིམ་འདིའི་ཁྲོད་གང་ཟག་རེ་རེ་ནས་བོད་དོན་གླེང་ཞིང་བོད་དོན་བསྒྲུབ་ནས་མཐུན་སྦྱོར་དང་ཤུགས་རྐྱེན་སྤྲོད་ཐུབ། འཛམ་གླིང་ཁྱོན་ཡོངས་ནས་བོད་དོན་ཐོག་མུ་མཐུད་ནས་རྒྱབ་སྐྱོར་དང་སེམས་ཁུར་སྟོན་པ་དེ་ལ་ཕུགས་རྒྱང་རིང་པོའི་ཐོག་ནས་བལྟས་ན། བཟང་ཕྱོགས་ཀྱི་ནུས་པ་དང་བོད་དོན་འདིར་ཞི་བདེའི་ཐག་གཅོད་ཅིག་ཡོང་བར་ཆབ་སྲིད་ཀྱི་ཁོར་ཡུག་ངེས་ཅན་ཞིག་བསྐྲུན་ཐུབ་རྒྱུ་དེར་དོགས་པ་མེད།
མཆན། རྩོམ་ཡིག་འདི་ནི་༧གོང་ས་མཆོག་གི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཕྱི་ཚེས་ ༣ ཉིན་སྤེལ་ཡོད་ལ། ཁོང་གི་ཆོག་མཆན་འོག་བོད་བསྒྱུར་བྱས་པ་ཡིན། འགྱུར་མ་དག་པ་དང་མ་གསལ་བ་ཡོད་ན་གཤམ་གྱི་དྲ་ཐག་ tibet-envoy.eu/content/ བརྒྱུད་དབྱིན་ཡིག་གི་མ་རྩོམ་ལ་གཟིགས་རོགས།
རྩོམ་ཡིག་འདི་ངས་དབྱིན་བོད་གཉིས་ནང་ཐེངས་གཅིག་བཀླགས་པས་རྩ་བའི་ཆ་ནས་བསྒྱུར་ཡག་པོ་བྱུང་བའི་འཚོར་སྣང་ཞིག་བྱུང་བས་དགའ་བསུ་ཞུ། འོན་བཏང་རྩོམ་འདིའི་མགོ་བརྗོད་དུ་དབྱིན་ཡིག་ནང་། ” New Challenges For The Tibet Movement In Europe” ཞེས་འཁོད་འདུག
བོད་བསྒྱུར་ནང་། ཡུ་རོབ་གླིང་གི་བོད་དོན་ལས་འགུལ་གྱི་གདོང་ལེན་གསར་པ། ཞེས་བསྒྱུར་འདུག
ཡུ་རོབ་ནང་བོད་དོན་ལས་འགུལ་གྱི་ཁ་གཏད་གསར་པ། ཞེས་བསྒྱུར་ན་ཅུང་ལེགས་པར་སེམས་ཏེ་སྤྱི་ཚོགས་ཁྲོད་དེ་ཙམ་གྱིས་ཁྱད་པར་མེད་ཀྱང་། ཆབ་སྲིད་ཐད་ལ་བེད་སྤྱོད་གཏོང་དུས་ཚིག་གི་གོ་ནུས་ཁྱད་ཆེན་པོ་འགྲོ་བཞིན་ཡོད་པས་དཔྱོད་ལྡན་ཚོས་དགོངས་འཇགས་ཞུ།།
སྤོབ་པ་མཐའ་ཡས་ལགས། ཐུགས་རྗེ་ཆེ། ཡིན་ཡང་ཤོ་ལོ་ཀ་འདིར་སྐྱོན་ཞིག་ཏན་ཏན་འདུག་སྙམ། ངས་བཤད་ཀྱིན་པ་ནི་བརྡ་སྤྲོད་ཀྱི་ཆ་ནས་ཡིན། ནས་སྒྲ་དང་དེའི་རྗེས་ཀྱི་བྱེད་སྒྲ་གཉིས་ཀྱི་ཐོག་ནས་གོ་བརྡ་མི་འཕྲོད་པའི་ཆ་ཞིག་འདུག
གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས། །
འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན། །
ལྷག་བསམ་རྣམ་དཔྱོད་དཔུང་བ་རབ་བརྟན་ནས། །
དུས་ཀུན་ཕྱག་ན་པདྨོས་རྗེས་གཟུང་ཤོག །
ཤོ་ལོ་ཀ་འདི་ནི་སྲིད་སྐྱོང་རྭ་སྒྲེང་གི་གསུངས་བྱིན་རླབས་ཅན་ནོ། །བློ་ཐོག་ཏུ་ཡོད་པ་ཡིག་ཐོག་ཏུ་ཕབ་སྟབས་ཆད་ལྷག་ནོར་བ་ཡོད་མེད་མ་ངེས་སོ། །
མཆན་པོ་གསུམ་པས་བཤད་པ་ལྟར། ང་ཚོའི་སྲིད་དོན་མི་སྣ་དག་གིས་ནམ་རྒྱུན་གཏམ་བཤད་རྐྱང་གནང་བ་ལས་ཕྱག་རྩོམ་འབྲི་མཁན་ཉུང་ཉུང་རེད། རྒྱ་གར་དང་ཨ་རིའི་གསར་འགྱུར་ཆེ་ཁག་ཏུ་ཆེད་མཁས་པ་དང་སྲིད་དོན་པ་དག་གིས་རྩོམ་ཡིག་འབྲི་མཁན་ནམ་རྒྱུན་མཐོང་རྒྱུ་འདུག དེ་བས་སྐབས་ཐོག་གི་གནས་སྟངས་འདིའི་རིགས་རྩོམ་ཡིག་གི་ལམ་ནས་སྤེལ་རྒྱུ་ནི་གལ་ཆེན་པོ་རེད།
སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ནི་༧གོང་ས་མཆོག་གི་ཡུ་རོབ་སྐུ་ཚབ་ཡིན་སྟབས། ཁོང་གིས་འདི་ལྟར་དབྱེ་ཞིབ་གཏིང་ཟབ་མོ་དང་འབྲེལ་ཡོད་མི་སྣར་ཐད་ཀར་གཏུགས་ནས་བྲིས་པའི་རྩོམ་ཡིག་འདི་འདྲ་ནི་ང་ཚོ་བོད་རིགས་གཞོན་སྐྱེས་ཚོས་ལྟ་ཀློག་བྱ་རྒྱུ་གལ་ཆེན་པོ་རེད་འདོད།
ཁ་བ་དཀར་པོ། འོན་ཏེ། ཟམ་གདོང་བླ་མས་ད་བར་འདིའི་ཐད་ལ་གོ་སྐབས་དམ་འཛིན་གནང་མི་འདུག་གམ།
སྲིད་དོན་མི་སྣ་ཚོས་འདི་ལྟར་རང་རང་གི་རྣམ་དཔྱོད་བེད་སྤྱོད་བཏང་སྟེ་རྩོམ་ཡིག་འབྲི་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་རེད། དཔེར་ན་ཟམ་གདོང་ཚང་དང་རྒྱ་རི་ཚང་སོགས་ཀྱིས་འདི་ལྟར་འབྲི་དགོས་ངེས་ཤིག་རེད།
སྐུ་ཞབས་ལུང་རིགས་རྒྱལ་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འགྱུར་ཚད་ལྡན་འདི་འདྲ་མཐོང་དཀོན་ཙམ་རེད། མ་འོངས་པ་ནའང་འདི་འདྲ་གང་མང་བསྒྱུར་པའི་རེ་བ་ཞུ་བཞིན་ཡོད།
རྩོམ་ཡིག་འདི་འདྲ་བོད་སྒྱུར་གནང་མཁན་གང་ན་སུ་ཡོད་པ་དག་ལ་སེམས་གཏིང་ནས་གུས་མདུད་ཞུ།