མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ཀྲུང་གོའི་བོད་ཀྱི་ཏཱ་ལའི་བླ་མར་འདོད་ཀྱིན་ཡོད།

བོད་ཀྱི་དུས་བབ།
༢༠༠༩/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

མི་ཚང་མས་ངའི་སྐོར་གླེང་སློང་བྱེད་སྐབས། བོད་ཀྱི་ཏཱ་ལའི་བླ་མ་ཟེར་གི་རེད་མ་གཏོགས། སུ་གཅིག་གིས་ཀྱང་རྒྱ་ནག་གི་ཏཱ་ལའི་བླ་མ་ཟེར་གི་མ་རེད། འོན་ཀྱང་། རྒྱ་ནག་གིས་ཀྲུང་གོའི་བོད་ཀྱི་ཏཱ་ལའི་བླ་མ། ཞེས་འདོད་ཀྱིན་ཡོད་པ་རེད། དེ་བཞིན་དུ་ནང་ཆོས་ལའང་། ཀྲུང་གོའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཟེར་གྱིན་ཡོད། དོན་དངོས་ལོ་རྒྱུས་ཐོག་ཏཱ་ལའི་བླ་མ་བོད་པའི་ཏཱ་ལའི་བླ་མ་རེད། ཅེས་༧གོང་ས་མཆོག་གིས་གསུངས།

 

ལྡི་ལི་མཐོ་སློབ་དང་ཝ་ར་ནཱ་སི་མཐོ་སློབ་གཉིས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༡༩ ནས་ ༢༡ བར་གྱི་ཉིན་གསུམ་རིང་ལྡི་ལི་མཐོ་སློབ་ནང་༼ བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ཐོག་རྒྱལ་སྤྱིའི་མཁས་པའི་བགྲོ་གླིང་ཚོགས་འདུ ༽ ཞུ་བ་ཞིག་སྐོང་ཚོགས་གནང་ཡོད་ལ། ཐེངས་འདིའི་བོད་རིག་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུར་རྒྱལ་ཁབ་དང་ཡུལ་གྲུ་ཁག་ ༡༧ ཙམ་གྱི་མཁས་དབང་དང་མཐོ་སློབ་ཀྱི་དགེ་རྒན་ཆེན་མོ་ ༥༠ ཚོགས་ཞུགས་གནང་སྟེ། དཔྱད་རྩོམ་ཁག་ ༤༢ ཙམ་སྒྲོག་སྦྱོང་བྱས་ཏེ། ཉིན་གསུམ་རིང་ཡུལ་ལུང་འདྲ་མིན་གྱི་བོད་རིག་པའི་ཆེད་མཁས་པ་དག་གིས་བགྲོ་གླེང་གོ་བསྡུར་དང་བསམ་ཚུལ་བརྗེ་རེས་ལྷུག་པོར་བྱས་ཡོད། ཕྱི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣ དང་ཕྱེད་ཀའི་སྟེང་སློབ་གྲྭའི་ཚོགས་ཁང་ཆེན་མོར་བགྲོ་གླེང་མཇུག་སྡོམ་མཛད་སྒོ་ཚོགས་ཤིང་། དེར་སྤྱི་ནོར་༧གོང་ས་མཆོག་ཆིབས་སྒྱུར་གྱིས་བགྲོ་གླེང་ཚོགས་ཞུགས་པ་རྣམ་པ་དང་། ཟུར་ཉན་དུ་བཅར་མཁན་བོད་རིགས་སློབ་མ་བཅས་ལ་གསུང་བཤད་གནང་ཡོད།

 

སྐབས་དེར་༧གོང་ས་མཆོག་གིས་བོད་པའི་ལོ་རྒྱུས་བགྲོ་གླེང་གི་སྐབས་བབ་གལ་ཆེའི་རང་བཞིན་གསུངས་དོན། ཐེངས་འདིར་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་སྐོར་ལ་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་བསྡུས་པ་འདི་ཧ་ཅང་དགོས་པ་སྐབས་སུ་བབ་པ་ཞིག་རེད། འོན་ཀྱང་། བོད་རིག་པའི་བགྲོ་གླེང་ཚོགས་འདུ་གང་ཞིག་ཡིན་རུང་། ཕྱོགས་ལྷུང་གཡོ་གཟུར་མེད་པའི་ཐོག་ནས་གནད་དོན་ལ་ཞིབ་འཇུག་མཐིལ་ཕྱིན་བྱས་ཏེ། དངོས་ཡོད་གནས་ཚུལ་དང་བདེན་དོན་འཚོལ་རྒྱུ་གལ་ཆེན་པོ་རེད། ལྷག་པར་དུ་ལོ་རྒྱུས་སྨྲ་བ་ཞིག་ལ་མཚོན་ན། དེ་བས་ཀྱང་བདེན་པ་བརྡར་ཤ་གཅོད་རྒྱུ་གནད་ཀྱི་དོན་སྙིང་རེད། བགྲོ་གླེང་ཐོག་ཡུལ་ལུང་འདྲ་མིན་གྱི་མཁས་དབང་མང་པོས་བོད་པའི་བྱུང་རབས་ལོ་རྒྱུས་དང་། སྤྱི་ཚོགས། རིག་གཞུང་སྐོར་གྱི་རྒྱུ་ཆ་གསར་པ་མང་པོ་འཚོལ་སྒྲུབ་དང་སྔོག་འདོན་བྱས་ཡོད་པ་རེད། གོ་ཐོས་སུ་མཁས་དབང་ཞིག་གིས་ཁྲཱར་ཀི་སི་ཐན་ནས་ཀྱང་བོད་པའི་ལོ་རྒྱུས་ཐད་རྒྱུ་ཆ་གསར་པ་རག་ཡོད་རབས་གོ་སོང་། ས་ཁམས་རིག་པ་དང་འཕེལ་འགྱུར་སྨྲ་བའི་ཐོག་ནས་བཤད་ན། གདོད་མའི་སྤྱི་ཚོགས་སྐབས་བོད་པ་དང་ཁྲཱར་ཀི་སི་ཐན་གཉིས་ལའང་འབྲེལ་བ་ཏན་ཏན་ཡོད་རྒྱུ་རེད་སྙམ། ཞེས་དང་།

 

བོད་པའི་གདོད་མའི་ལོ་རྒྱུས་དེ་ཞེ་དྲག་གསལ་བོ་ཡོད་པ་མ་རེད། དེར་བརྟེན་ཡུལ་ལུང་འདྲ་མིན་ནས་རྒྱུ་ཆ་འཚོལ་དགོས། ཉེ་རབས་དང་དེང་རབས་བོད་པའི་ལོ་རྒྱུས་ལའང་། སྲིད་དོན་དང་ཁོར་ཡུག་གི་དབང་གིས་གནས་ཚུལ་འདྲ་མིན་བྱུང་ཡོད། འོན་ཀྱང་། དོན་དངོས་གནས་སྟངས་གང་ཡིན་ངེས་པར་དུ་གསལ་བོ་བཟོ་རྒྱུ་གལ་ཆེན་པོ་རེད། ངས་རྟག་པར་འདི་ལྟར་བཤད་ཀྱིན་ཡོད། དཔེར་ན། མི་ཚང་མས་ངའི་སྐོར་གླེང་སློང་བྱེད་སྐབས། བོད་ཀྱི་ཏཱ་ལའི་བླ་མ་ཟེར་གི་རེད་མ་གཏོགས། སུ་གཅིག་གིས་ཀྱང་རྒྱ་ནག་གི་ཏཱ་ལའི་བླ་མ་ཟེར་གི་མ་རེད། འོན་ཀྱང་། རྒྱ་ནག་གིས་ཀྲུང་གོའི་བོད་ཀྱི་ཏཱ་ལའི་བླ་མ། ཞེས་འདོད་ཀྱིན་ཡོད་པ་རེད། དེ་བཞིན་དུ་ནང་ཆོས་ལའང་། ཀྲུང་གོའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཟེར་གྱིན་ཡོད། དོན་དངོས་ལོ་རྒྱུས་ཐོག་ཏཱ་ལའི་བླ་མ་བོད་པའི་ཏཱ་ལའི་བླ་མ་རེད། བོད་པ་ནི་སྐད་ཡིག་རིག་གཞུང་ལོགས་སུ་ཡོད་པ་ཞིག་རེད། གཟུར་གནས་ཀྱི་ལོ་རྒྱུས་སྨྲ་བ་སུ་ཞིག་གིས་ཀྱང་ཀྲུང་གོའི་ཏཱ་ལའི་བླ་མར་མཐོང་གི་མ་རེད། ཅེས་རྩེད་མཚར་དང་སྦྲགས་ཏེ་གསུངས་བྱུང་།

 

ཡང་༧གོང་ས་མཆོག་གིས་ཟུར་ཉན་དུ་བཅར་མཁན་བོད་རིགས་སློབ་མ་ཚོར་སྔ་རབས་བོད་པའི་ནང་ཆོས་དང་། དེང་གི་འཛམ་གླིང་ཚན་རིག་གཉིས་ཟུང་འབྲེལ་ཐོག་སྦྱང་བརྩོན་གནང་དགོས་པའི་འབོད་སྐུལ་ཞུས་དོན། ང་ཚོས་འདས་པའི་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་ཤེས་ཡོན་ཐོག་བློ་རིག་བསྒྲིམས་ཏེ། གྲུབ་འབྲས་གང་ལ་གང་འཚམ་བླངས་ཡོད། འོན་ཀྱང་། ད་དུང་ཡང་ཆོག་ཤེས་བྱས་ཏེ་སྡོད་པའི་དུས་ཚོད་རྩ་བ་ནས་མ་རེད། ངས་ནམ་རྒྱུན་བཤད་ཀྱིན་ཡོད་པ་ལྟར། ལས་རིགས་འདྲ་མིན་ཐོག་རིགས་གཅིག་རྐང་འཛིན་བྱས་ཏེ་སློབ་སྦྱོང་མཐར་ཕྱིན་པ་གནང་དགོས། བོད་ནང་གི་བོད་རིགས་རྒྱ་ཆེའི་མི་མང་ལ་ཧ་ལས་པའི་སེམས་ཤུགས་དང་སྙིང་སྟོབས་ཡོད་པ་ཚང་མས་མཁྱེན་གསལ་རེད། འོན་ཀྱང་ཁོང་ཚོར་རང་དབང་ཡོད་པ་མ་རེད། ང་ཚོར་རང་དབང་ཡོད་བཞིན་དུ་སྒྱིད་ལུག་དང་རྣམ་གཡེང་། དོན་དག་ཆུང་ཚགས་ལ་མགོ་འཁོར་བ་སོགས་བྱས་ན་ཐབས་སྐྱོ་བོ་རེད། རྩ་ཆེའི་གོ་སྐབས་འདིའི་ཉི་མ་གཅིག་ཀྱང་འཕྲོ་བརླག་ཏུ་མི་གཏོང་བར་ཤེས་ཡོན་སྦྱོང་བརྩོན་གནང་དགོས། ཁྱེད་ཅག་གིས་ད་བར་ཧུར་ཐག་གནང་ཡོད་ལ། ད་དུང་ཡང་ཤུགས་རྒྱག་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་དང་།

 

རྒྱལ་སྤྱིའི་མཁས་དབང་རྣམ་པས་བོད་རང་ལ་རྩ་ཆེ་བའི་རིག་གཞུང་དང་། གཏིང་ཟབ་མོའི་སངས་རྒྱས་ཀྱི་བསྟན་པ་ཞིག་ཡོད་པ་ཤེས་ཀྱིན་ཡོད། ཉེ་ཆར་ང་ཉི་ཧོང་ལ་ཕྱིན་སྐབས་ཀྱང་མཁས་དབང་མང་པོར་ཐུག་སོང་། ཡུལ་དེར་ཐེག་ཆེན་གྱི་ཆོས་སྤྱི་དང་གསང་སྔགས་ཀྱི་ཆོས་དར་སྲོལ་ཆེན་པོ་ཡོད། འོན་ཀྱང་། བོད་དུ་ཡོད་པ་ལྟ་བུའི་ནང་ཆོས་ཞིབ་ཚགས་པོ་ཞིག་དང་སྤུས་དག་པོ་ཞིག་ང་ཚོར་ཡོད་པ་མ་རེད་ཅེས་གསུང་གིན་འདུག བོད་ཀྱི་མེས་པོ་དམ་པ་ཚོས་དཀའ་ལས་བརྒྱབས་ཏེ་བོད་ནང་ལ་གསར་དུ་བཙུགས་པའི་སངས་རྒྱས་པའི་ལྟ་གྲུབ་དེ་ཧ་ཅང་གི་རྒྱ་ཆེན་པོ་དང་ཆ་ཚང་བ་ཞིག་རེད། སེམས་ཀྱི་རྣམ་བཞག་ཐད་ནས་ཚན་རིག་པ་དག་གིས་ཀྱང་རེ་བ་རྒྱག་ས་བོད་པའི་སངས་རྒྱས་ཆོས་ཆགས་ཡོད། དེ་དག་ཁྱེད་རང་ཚོས་ངོ་ཤེས་པ་བྱས་ཏེ་དེང་རབས་ཀྱི་ཤེས་ཡོན་སློབ་སྦྱོང་དང་ཆབས་གཅིག སྔ་རབས་པས་གསོག་སྒྲུབ་བྱས་པའི་བོད་རང་གི་རིན་པོ་ཆེ་དེའང་ངོ་ཤེས་པ་བྱ་དགོས། དེ་གཉིས་ཟུང་འབྲེལ་བྱས་ན་ད་གཟོད་རང་སྐྱིད་པ་རོགས་བདེ་བ། ཚེ་འདི་དོན་དང་ལྡན་པ། ཚེ་ཕྱི་མར་ལམ་བྲོ་ཡོད་པ་ཞིག་ཆགས་ཡོད། ཅེས་གསུངས་བྱུང་།

 

ཚོགས་འདུ་མཇུག་སྒྲིལ་མ་ཐག་འདི་གའི་གསར་འགོད་པས་ཝ་ར་ནཱ་སི་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་བྱམས་པ་བསམ་གཏན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། ད་རེབ་ང་ཚོ་ལྡི་ལི་མཐོ་སློབ་དང་ཝ་ར་ནཱ་སི་མཐོ་སློབ་གཉིས་ཟུང་འབྲེལ་ཐོག ༼ བོད་ཀྱི་ལོ་རྒྱས་དང་རིག་གཞུང་ཐོག་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཚོགས་འདུ་ ༽ ཉིན་གསུམ་རིང་ཚོགས་པ་རེད། ཚོགས་འདུ་འདིར་ཡུལ་གྲུ་ཁག་ ༡༧ ནས་མཁས་དབང་ ༥༠ ཙམ་ཕེབས་འདུག་ལ། ཁོང་ཅག་བོད་པའི་ལོ་རྒྱུས་དང་རིག་གཞུང་ཐོག་རྩོམ་ཡུག་དང་དཔེ་དེབ་མང་པོ་བྲིས་ཡོད་པ་དག་རེད། ཐེངས་འདིར་ཆེད་དུ་གྲ་སྒྲིག་བྱས་པའི་དཔྱད་རྩོམ་ ༤༢ ཙམ་སྒྲོག་སྦྱོང་གནང་སོང་། ཚོགས་ཞུགས་པ་དག་གིས་སོ་སོར་བློ་སྐྱེད་གསར་པ་རག་རྒྱུར་རེ་བ་བརྒྱབས་ཡོད་པ་བཞིན། བགྲོ་གླེང་ཐོག་གནས་ཚུལ་གསར་བ་མང་པོ་སྤུངས་ཐུབ་པ་བྱུང་སོང་། ཚོགས་ཆུང་གཉིས་བགོས་ཏེ་དཔྱད་རྩོམ་ཁག་ལ་བགྲོ་གླེང་གོ་བསྡུར་ཞིབ་ལྷུག་གནང་བ་ཡིན། ཐེངས་འདིར་དཔྱད་རྩོམ་ཁག་གི་ཐོག་ལ་བགྲོ་གླེང་བྱུང་ཡོད་སྟབས། དོ་བདག་གིས་བསྐྱར་ཞིབ་དང་དོགས་སེལ་བྱས་ཏེ། རྗེས་མ་ང་ཚོར་འབྱོར་སྐབས་དེབ་གཟུགས་སུ་འགྲེམས་སྤེལ་བྱ་རྒྱུ་ཡིན། ཞེས་གསུངས་བྱུང་།

 

ཡང་ཁོང་གིས་བགྲོ་གླེང་ཚོགས་འདིའི་དམིགས་ཡུལ་སྐོར་གསུངས་དོན། མི་གཅིག་གམ་ཕྱོགས་གཅིག་གི་ཤེས་བྱའི་གནས་ལ་མཐར་ཕྱིན་པ་ཞིག་སྦྱང་འདོད་དང་ཤེས་འདོད་ཡོད་ནའང་། དེ་དང་འབྲེལ་བའི་ཡིག་ཆ་རག་ཐུབ་པ་ཤིན་ཏུ་ནས་དཀའ་ལས་ཁག་པོ་རེད། འདི་ལྟར་འཛམ་གླིང་ཡུལ་གྲུ་ཁག་འདྲ་མིན་ནས་མཁས་དབང་མང་པོ་འཛོམས་ཡོང་སྐབས། མི་གཅིག་གིས་མ་མཐོང་བ་དང་མ་ཐོས་པ་མི་གཞན་ཞིག་གིས་མཐོང་ཐོས་ཡོང་སྲིད་སྟབས། དེ་དག་ཕན་ཚུན་ལ་ཉན་བཤད་དང་བརྗེ་ལེན། བགྲོ་གླེང་སོགས་བྱས་པ་བརྒྱུད་དེ་སྔར་མ་མཐོང་བ་དང་མ་ཐོས་པའི་ཡིག་ཆ་མང་པོ་ཞིག་རག་འགྲོ་བ་དང་། དེ་བཞིན་ཕན་ཚུན་ལ་བློ་སྐྱིད་གསར་པ་བསྟེར་བ། སྔར་གྱི་དོགས་གནས་དང་རྣམ་རྟོག་གིས་འོལ་ཚོད་བྱས་བཞག་པ་དག་ལའང་སྒྲོ་འདོག་ཆོད་པ་རེད། ཝ་ར་ནཱ་སི་ལྟ་བུར་མཚོན་ན། ད་ལྟའི་བར་བོད་ཀྱི་ལོ་རྒྱུས་ཐོག་ཚོགས་འདུ་ཟུར་དུ་ཚོགས་པ་དེ་འདྲ་ཡོད་པ་མ་རེད། ལྷག་པར་དུ་ཐེངས་འདིར་རྒྱ་གར་གྱི་མཐོ་རིམ་སློབ་གྲྭ་ཆེ་ཤོས་ཤིག་དང་ཟུང་འབྲེལ་ཐོག བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ཐོག་ལ་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཚོགས་འདུ་བསྐངས་པ་དང་པོ་ཆགས་ཡོད། ཅེས་ངོ་སྤྲོད་གནང་བྱུང་།

༼ གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་རྒྱ་གར་རྒྱལ་ས་ལྡི་ལི་ནས་སྤེལ ༽

 

 

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༧ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 14

  1. འཇམ་བཟང says:
    ལོ་ 15 སྔོན།

    རྒྱ་ནག་དེ་ཧམ་སེམས་ཆེ་ལ་དཔེ་རེད།

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    བོད་པའི་རྒྱབ་རྩ་ཕྱི་རྒྱལ་ཁག་དང་འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་ཁག་ནས་བཙལ་འཚོལ་བྱེད་བཞིན་པ་དངོས་དོན་རེད། ང་དགུ་ལོ་ནས་ད་བར་དུ་རྒྱ་ནག་གིས་རྫུན་བསྒྲགས་བྱས་བྱས་གཉིས་ཀར་གྲུབ་འབྲས་བླ་མེད་ཅིག་ཐོན་ཡོད་པ་དེང་གི་བོད་ཀྱི་གནས་སྟངས་འདི་ལས་གསལ་བོར་ཤེས་ཀི དེ་བས་འཛམ་གླིང་གི་རྒྱལ་ཁབ་ཁག་གཙོ་བྱས་བོད་མི་རང་གིས་ཀྱང་བོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་ནང་དུ་འདུག་རྒྱུར་ངེས་ལེན་མི་བྱེད་རང་བྱེད་རེད། གལ་སྲིད་དེ་རིང་བོད་ལ་སྟོབས་ཤུགས་དང་ཕྱོགས་གང་ཐད་ནས་འདང་བསྡད་ཡོད་ན། རྒྱ་ནག་ལ་མ་རེ་ནའང་ཆོག་པ་རེད།རྒྱ་ནག་གི་རྩ་ཁྲིམས་འོག་མ་བསྡད་ནའང་འགྲིག་གི་རེད་ལ། སྡོད་དགོས་དོན་ཡང་ཡོད་པ་མ་རེད། བོད་མི་ཚོར་འདུག་འདོད་ཀྱང་ཡོད་མ་རེད། འདི་ཕྱོགས་གཅིག་རེད།
    རྒམ་ནག་གིས་རྫུན་བསྒྲགས་བྱས་པའི་འབྲས་བུར་དེང་སང་བོད་ཟེར་བ་འདི་རྒྱལ་ཁབ་རང་བཙན་པ་ཞིག་ཡིན་པར་འཛམ་གླིང་གི་གཞུང་དང་སྒེར་སུས་ཀྱང་བཤད་ཐུབ་ཀི་ཡོད་པ་མ་རེད། འདི་རྫུན་བསྒྲགས་དེའི་འབྲས་མངོན་གྱུར་བ་རེད།
    མི་ཞིག་ཡིན་པའི་ཆ་ནས་རང་གི་བསམ་ཚུལ་རང་གིས་གླེང་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་ཞིག་རེད།
    ངེས་པར་དུ་གཞན་ཞིག་གིས་ཟེར་རྗེས་འབྲངས་དགོས་པ་མ་རེད། ཡང་ངེས་པར་དུ་གཞན་ཞིག་ཀྱང་བཤད་དགོས་པ་མ་རེད། གང་ལྟར་རང་གི་ཅི་བསམ་པ་དེ་བཤད་ན་བཟང་ཆ་ལྡན་གི་རེད།

    Reply
  3. ནད་པ says:
    ལོ་ 15 སྔོན།

    གཞི་དངོས་པོའི་གནས་ལུགས་སམ་རང་གཤིས་ལ་སུས་ཀྱང་འགྱུར་བ་གཏོང་ཐབས་མེད། ཆུ་མེ་རུ་འདོད་ཀྱང་ཆུ་ལས་གཞན་དུ་འགྱུར་མི་སྲིད་ལ། མེ་ཆུ་རུ་འདོད་ཀྱང་ཆུ་ལས་གཞན་དུ་འགྱུར་མི་སྲིད་པ་ཞིག་རེད།

    དེར་བརྟེན་རྒྱ་ནག་གིས་ཀྲུང་གོའི་བོད་ལྗོངས་དང་གཅིག ཀྲུང་གོའི་བོད་རྒྱུད་ནང་བསྟན་དང་གཉིས། ཀྲུང་གོའི་ཏྭ་ལའི་བླ་མ་དང་གསུམ་ཞེས་ཁ་ནས་མ་ཎི་བགྲངས་བ་ལྟར་རྗོད་བཞིན་ཡོད་ཀྱང་དོན་དངོས་ལ་འགྱུར་བ་གང་ཡང་གཏོང་མི་ཐུབ།

    འོན་ཀྱང་ང་ཚོར་དགོས་པ་ནི་ཚིག་སྐམ་པོ་ཞིག་མིན་པར་དོན་རྗེན་པ་ཞིག་ཡིན་སྟབས་༸ གོང་ས་མཆོག་དང་། བོད་གཞུང་། བོད་མི་རིགས་བཅས་ཀྱི་ཐུགས་མདུན་ལྟར་དོན་དངོས་མངོན་འགྱུར་གཅིག་ཡོང་ཐུབ་པ་དགོས་རྒྱུ་དེ་ཧ་ཅང་གི་གལ་འགངས་ཆེ་བ་ཞིག་རེད་སྙམ།

    Reply
  4. བཙན་པོའི་བུ། says:
    ལོ་ 15 སྔོན།

    ངས་འདི་ནས་ནན་གྱིས་ཞུ་འདོད་པ་ཞིག་ལ། བོད་ཀྱི་དུས་བབ་ཚང་གི་གསར་འགོད་པ་དག་གིས་དུས་དང་རྣམ་པ་ཀུན་ཏུ་གསར་འགྱུར་བསྡུ་བསྐོངས་ཀྱི་ཕྱོགས་ལ་འབད་པ་ལྷུར་ལེན་བྱས་པ་བསྔགས་བརྗོད་དང་། ཕྱོགས་མཚུངས་གསར་འགྱུར་ཁག་དུས་ཐོག་ཏུ་སྤེལ་བར་རྗེས་སུ་ཡི་རང་ཡོད།
    འོན་ཀྱང་། རྗེས་ཕྱོགས་ངེས་པར་དུ་ཤེས་དགོས་པ་ཞིག་ལ། གསར་འགོད་པ་ནི་གནས་ཚུལ་གསར་བ་བཟོ་མཁན་དེ་མ་ཡིན་པར། གང་ཞིག་ན་གནས་ཚུལ་གསར་བ་ཞིག་ཡོད་པ་དེ་ཀློག་པ་པོ་དག་གི་སྤྱན་སྔར་འབུལ་མཁན་དེ་ཡིན་པས། ཁྱེད་ཅག་གིས་གནས་ཚུལ་རྣམས་ཕྱོགས་བསྒྲིགས་བྱེད་སྐབས་གནས་ཚུལ་གང་ཡང་རུང་བ་དེ་གསར་བ་ཡིན་པ་གང་ཞིག་ལ། གནས་ཚུལ་དེ་ཡིག་ཐོག་ཏུ་བཀོད་རྗེས་བརྡ་དག་ལ་ཡང་ངེས་པར་དུ་གཟབ་དགོས། གལ་སྲིད་ཁྱེད་ཀྱིས་བརྡ་དག་ནོར་ནས་གནས་ཚུལ་ཞིག་ཡིག་ཐོག་ཏུ་བཀོད་པ་ཡིན་ན། དེ་བཞིན་གནས་ཚུལ་དེའི་གོ་བ་ཡང་གཞན་ཞིག་ཏུ་འགྱུར་འགྲོ་བས། རྗེས་ཕྱོགས་ཆད་ལྷག་དང་བརྡ་དག་སོགས་ཀྱི་ཕྱོགས་ལ་ཅི་ནས་ཀྱང་གཟབ་པར་འཚལ། ཁྱེད་ཅག་གསར་འགོད་པའི་ལས་འགན་གཙོ་བོ་གཅིག་ནི། གནས་ཚུལ་གང་ཡང་རུང་བ་ཞིག་ཡིག་ཐོག་ཏུ་བཀོད་པའི་ཚེ་ན། ཆད་ལྷག་དང་ནོར་སྐྱོན་མེད་པ་ཞིག་ཡོང་བར་འབད་རྒྱུ་དེ་ཡིན། དེ་མིན་ཆད་ལྷག་དང་ནོར་སྐྱོན་ཅན་གྱི་གསར་འགྱུར་སྤེལ་བ་ན། གསར་འགོད་པ་དེ་ངེས་པར་དུ་ཁྲིམས་ཐོག་ལ་འགྲོ་དགོས། རྒྱུ་མཚན་ནི། གསར་འགོད་པས་གནས་ཚུལ་རྫུན་བཟོ་བྱས་ཡོད་པས་ཡིན། མདོར་ན། གསར་འགོད་པ་དག་གིས་ཆད་ལྷག་དང་ཡིག་ནོར་ལ་གཟབ་དགོས། གལ་སྲིད་དེ་ལྟར་གཟབ་གཟབ་མ་བྱས་པ་ཡིན་ན། ངེད་ཀློག་པ་པོ་དག་གིས་ཀྱང་ཁྱེད་གསར་འགོད་པས་གང་བྲིས་པ་རྣམས་གཞིར་བཟུང་ནས་གོ་བ་ལོག་སྒྲུབ་བྱ་ངེས་ཡིན། སྐབས་དེར་ཁྱེད་གསར་འགོད་པར་འགན་ཅི་ཞིག་ཡོད་པ་གཞི་ནས་ཤེས་ངེས། འོན་ཀྱང་། ང་ཚོ་ཚང་མ་དམིགས་ཡུལ་གཅིག་གི་ཆེད་དུ་འབད་ཀྱིན་ཡོད་སྟབས། ཁྱེད་གསར་འགོད་པ་དག་གིས་ཀྱང་ང་ཚོ་ཀློག་པ་དག་ལ་བསམ་ཤེས་ཤིག་བྱེད་ཐུབ་པའི་རེ་བ་ཡོད།

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ཁ་གསལ་བོ་ཞེ་བོ་རེད། ༸གོང་ས་མཆོག་དང་བོད་གཞུང་གིས་ཀྱང་རྟགས་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་འདུག་རྒྱུ་ཡིན་ཟེར་བ་རེད། ང་ཚོ་ཡང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབངས་མི་ཡིན་པར་ཁས་བླངས། དེ་ནས་དེའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་འདུག་རྒྱུ་ཡང་ཁས་བླངས་རྗེས། རྒྱ་ནག་གིས་བཤད་བཞིན་པ་ལྟར། ཀྲུང་ཧྭ་མི་རིགས་ཟེར་བ་དེ་ཆགས་པ་རེད། གོང་གི་དེ་དག་ཁས་བླངས་ཟིན་པས་ད་འདི་ལ་གཡོལ་ས་ཡོད་ནི་མ་རེད། བོད་མི་རིགས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་མི་མི་རིགས་ཤིག་ཆགས་པ་རེད། བོད་ཀྱི་རིག་གནས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཆགས་པ་རེད། བོད་ཀྱི་ཏཱ་ལའི་བླ་མ་ཡང་ཀྲུང་ཧྭ་མི་རིགས་ཀྱི་ཏཱ་ལའི་བླ་མ་ཅགས་པ་རེད། ཀྲུང་ཧྭ་མི་རིགས་ཟེར་ན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་གྱིས་དབང་སྒྱུར་བཞིན་པའི་ཀྲུང་གོ་རྒྱལ་ཁབ་འདི་ལ་ཟེར་བ་རེད། ད་ཏཱ་ལའི་བླ་མ་ཡང་ཀྲུང་གོའི་ཏཱ་ལའི་བླ་མ་དང་ཡང་ན། ཀྲུང་གོའི་བོད་ཀྱི་ཏཱ་ལའི་བླ་མ་ཆགས་པ་རེད། འདི་ལ་སྐད་ཆ་ཀྱ་ཀྱུ་བྱེད་ས་ཡོད་པ་མ་རེད། གལ་སྲིད་ཏཱ་ལའི་བླ་མ་ཀྲུང་གོའི་བོད་ཀྱི་ཏཱ་ལའི་བླ་མ་ཡིན་པར་ལས་ལེན་མི་འདོད་ན། བོད་ཟེར་བ་འདི་བོད་རྒྱལ་ཁབ་ཡིན་དགོས་པ་རེད། འདི་ལ་གོ་བ་མི་ལོན་རྒྱུ་ཞིག་དང་རྙོག་དྲ་འདྲ་གང་ཡང་ཡོད་པ་མ་རེད། ང་ཚོའི་ཕྱོགས་ནས་རྒྱ་ནག་གི་སྐད་ཆ་བཤད་སྟངས་དེ་ལྟར་མ་བཤད་པ་ཙམ་ལས། དོན་ལ་གཅིག་ཆགས་བསྡད་ཡོད་པ་རེད། འདྲ་མི་འདྲ་ཡིན་པ་ཚང་མ་ཁས་བླངས། དེ་ནས་ཏཱ་ལའི་བླ་མ་ཀྲུང་གོའི་བོད་ཀྱི་ཏཱ་ལའི་བླ་མ་ཡིན་ཟེར་བར་དོགས་འདྲོགས་ཆེན་པོ་བྱེད་ས་མི་འགྲོ་གི་འདོད་གི

    Reply
  6. གྲགས་པ་རྒྱ་མཚོ། says:
    ལོ་ 15 སྔོན།

    འོས་ལངས་ཀྱིས་བཤད་པ་དེ་དངོས་གནས་རེད། བཙན་བྱོལ་བོད་གཞུང་གི་འདོད་ཚུལ་དེ་ག་རང་རེད། གཞན་པ་ལ་ཐབས་ཤེས་ག་རེ་ཡོད་དམ།

    Reply
  7. འོས་ལངས། says:
    ལོ་ 15 སྔོན།

    གོང་དུ་༼རྒྱ་ནག་གིས་ཀྲུང་གོའི་བོད་ཀྱི་ཏཱ་ལའི་བླ་མར་འདོད་ཀྱིན་ཡོད་པ་རེད་༽ཅེས་པ་ནི་རྒྱ་ནག་གི་མངོན་འདོད་ཙམ་ཡིན་པར་གསུངས་འདུག་ཀྱང་། དོན་དུ་བཙན་བྱོལ་བོད་གཞུང་གིས་ཀྱང་ཧ་ཅང་ཁ་གསལ་མིན་པའི་ཚུལ་གྱིས་དེ་དང་འདྲ་མཚུངས་ཤིག་ངོས་ལེན་བྱས་བསྡད་ཡོད་པ་རེད། དེ་འདྲའི་ཉེར་ལེན་ལ་བརྟེན་ནས་ཨ་མེ་རི་ཀ་ལ་སོགས་པའི་རྒྱལ་ཁབ་མང་པོའི་དཔོན་རིགས་ཚོས་བོད་དེ་རྒྱ་ནག་གི་ཆ་ཤས་སུ་ངོས་ལེན་བྱས་དང་བྱེད་བཞིན་ཡོད། རྒྱ་གཞུང་གིས་ཁོ་ཚོའི་མངོན་འདོད་དེ་དག་ཐབས་ལམ་ཅི་ཞིག་གི་སྒོ་ནས་འགྲུབ་ཐབས་རང་བྱེད་པ་མ་གཏོགས། དེ་ལས་གཡོལ་བའམ་ཕྱིར་བཤོལ་འདྲ་ཕལ་ཆེར་བྱེད་མི་སྲིད་པ་ལྟ་བུ་རེད། གང་ལྟར་ཀྲུང་གོའི་བོད་ཅེས་པ་ཞིག་ཆགས་ཚར་དུས། ད་ནི་ཀྲུང་གོའི་བོད་བརྒྱུད་ནང་བསྟན་ཟེར་བ་དང་། ཀྲུང་གོའི་བོད་ཀྱི་རིག་གནས། ཀྲུང་གོའི་བོད་ཀྱི་སྒྱུ་རྩལ། ཀྲུང་གོའི་བོད་ཀྱི་སྤྲུལ་སྐུ། ཀྲུང་གོའི་ཨུ་ཡོན་ཀྲང་གཞོན་པ་པན་ཆེན་སོགས་ལྟ་བུའི་མིང་ནི་རང་བཞིན་གྱིས་འབྱུང་ངེས་ཤིང་སྤྱོད་འོས་པ་ཞིག་རེད།

    Reply
  8. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ལོད་ལ་སོ། ཁྱེད་ཀྱིས་ལྗགས་ལན་གསལ་བོ་གནང་བར་ཐུགས་རྗེ་ཞེས་ལན་བརྒྱར་ཞུས་པ་ཡིན་ཏོ།།ཧཧཧ

    Reply
  9. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ཡ་ཡ་་་་་དྲ་གྲོགས་གཅན་བཟོད་རྒྱམ་ལགས། འོན་ཀྱང་། ཐེངས་འདིའི་རྩོམ་ཡིག་ཁག་ཕལ་ཆེ་བ་དབྱིན་ཡིག་ནང་བྲིས་འདུག་ལ། རྒྱ་ཡིག་སོགས་སྐད་ཡིག་གཞན་ནང་བྲིས་པ་ཡང་རེ་ཟུང་འདུག དེ་བཞིན། ཐེངས་འདིའི་ཚོགས་ཐོག་གི་གཏམ་བཤད་ཁག་ཀྱང་དབྱིན་སྐད་ཁོ་ན་རེད། བགྲོ་གླེང་གོ་སྒྲིག་གནང་མཁན་དང་བགྲོ་གླེང་ཚོགས་ཞུགས་པའི་གྲས། ཝར་ནཱ་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་བྱམས་པ་བསམ་གཏན་ལགས་ཀྱིས་གསུངས་པ་ལྟར་ན། དཔྱད་རྩོམ་དེ་དག་ལ་བསྐྱར་ཞིབ་རེ་བྱས་རྗེས་དེབ་གཟུགས་སུ་དཔར་འགྲེམས་བྱ་རྒྱུ་ཡིན་ཟེར།

    Reply
  10. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    དོན་འགྲུབ་བཀྲ་ཤིས་ལགས། དེར་འདུས་པའི་མཁན་པ་ཚོའི་དཔྱད་རྩོམ་དག་ནམ་ཞིག་ལ་གང་ཞིག་ནས་བཀླག་ཐུབ་མིན་དང་། དེ་མིན་ན་རྩོམ་ཡིག་རེ་ཟུང་རེ་ལག་ཏུ་ཨེ་ཡོང་ལྟོས་ནས་ཤོག ཐུགས་རྗེ་གཟིགས།

    Reply
  11. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ལྷོ་ཕྲུག་སྣ་བོ་ཆེ་ལགས། གོང་གི་གསར་འགྱུར་དང་རྩོམ་ཡིག་གཉིས་ཀ་ཞིབ་ཀློག་གནང་སྟེ་དོན་ཕན་ལྡན་པའི་གསལ་བཤད་གནང་བར་ཐུགས་རྗེ་ཆེ། ང་ཚོའི་གསར་ཁང་ལ་རྒྱལ་ཁབ་དང་ཡུལ་ལུང་ཁག་གི་མིང་བརྡ་བོད་སྒྱུར་བྱས་པའི་ལག་དེབ་ཅིག་ཡོད་ཀྱང་། ཉིན་འདི་འགར་ང་རང་ལྡི་ལིར་ཡོད་སྟབས། དག་ཆ་ངེས་པ་ཞིག་འབྲི་ཐུབ་མ་སོང་། དེ་རིང་གསར་འགྱུར་འདི་ཐོག་མར་འབྲི་སྐབས་ཀྱང་ལག་དེབ་དེ་ཡིད་ལ་ཡང་ཡང་འཁོར་ཡང་། ཐ་སྙིད་ཀྱི་དག་ཆ་ཡིད་ལ་མ་དྲན་སྟབས། སྒྲ་གདངས་ཡོང་ཅི་ཐུབ་ཀྱིས་སྒྱུར་ཙམ་བྱས་པ་ཡིན།

    Reply
  12. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 15 སྔོན།

    ས་མིང་དང་མི་མིང་གི་བརྡ་ཆད་གཅིག་གྱུར་མེད་པའི་དཀའ་ངལ་ཡོད་སྐོར་ད་ལྟ་རང་འདིར་བཀོད་པའི་རོང་པོ་དགེ་བཤེས་བློ་བཟང་སྙན་གྲགས་ལགས་ཀྱི་རྩོམ་ཡིག་ལས་མཐོང་མ་ཐག་ཡིན།

    ངེས་ཆ་གསལ་པོ་ཞིག་ཀྱང་མེད་ཀྱང་དུས་རྒྱུན་ Turkistan ལ་བོད་བརྡ་ཏུར་ཀི་སི་ཏན་ཞེས་སྤྱོད་ཀྱིན་ཡོད་ཚོད། འོན་ཀྱང་དེ་རིང་འདིར་ཁྲཱར་ཀི་སི་ཐན་ཞེས་བྲིས་གནང་འདུག གཅིག་བྱས་ན་རྗེས་ཕྱོགས་ Delhi ལ་དེང་སང་ཕྱི་གླིང་བ་རྣམས་ཀྱིས་འབོད་པའི་སྒྲ་གདངས་དང་མཐུན་པའམ་དེ་ལུགས་དབང་བཙན་པར་བྱས་ཏེ་བོད་བརྡ་ཌའི་ལི་ཞེས་འབྲི་སྐབས་ཀྱང་ཡོང་སྲིད།

    གཅིག་གྱུར་མེད་པའི་བརྡ་ཆད་འདི་ཚོ་ཆར་ཤུལ་གྱི་ཤ་མོ་ལས་ཀྱང་སྐྱེ་མྱུར་བ་འདུག

    དྲྭ་གྲོགས་སུ་ལ་གོང་དུ་ཏུར་ཀི་སི་ཏན་ནས་རྙེད་པར་གསུངས་པའི་ལོ་རྒྱུས་ཀྱི་རྒྱུ་ཆ་དེའི་ཐད་མཁྱེན་རྟོགས་འདྲ་ཡོད་ཚེ་ངེས་པར་གསལ་བཤད་ཅིག་གནང་རྒྱུ་མཁྱེན་ཞུ།

    Reply
  13. gongkarsem says:
    ལོ་ 15 སྔོན།

    ཧ་ཅང་ཡག་པོ་འདུག ཡིན་ན་ཡང་འདི་འདྲ་འདུས་ཚོགས་ལ་བོད་མི་རྒན་པ་མཁས་དབང་ཚོ་མཉམ་ཞུགས་ཐུབ་ཡོད་ན་དགའ་བ་ལ།
    གཞོན་སྐྱེས་ཚོ་ནི་ང་རྒྱལ་དང་ཕྱོགས་རིས་གི་རྒྱན་སྤྲས་དང་ཆོས་ལུགས་ལ་གུས་མིན་ཤ་སྟག་ཡིན།།

    Reply
  14. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    གསར་འགྱུར་དུས་ཐོག་དུ་གནང་བ་དེར་དུས་བབ་ཚང་ལ་བཀའ་དྲིན་ཆེ་ཞུ། ༧སྐྱབས་མགོན་བླ་མའི་བཞེད་དོན་མྱུར་འགྲུབ་ཤོག ༧སྐུ་ཚེ་བརྟན་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese