རྒྱ་བལ་འབྲུག་གསུམ་གྱི་བོད་མི་མང་པོ་ཕྱི་རྒྱལ་ཁག་ཏུ་འགྲོ་ཐབས་བྱས་ཏེ་དཀའ་ངལ་སྣ་ཚོགས་འཕྲད་ཀྱི་ཡོད་པ་ལྟར། བོད་རིགས་བུ་མོ་གཉིས་གཞན་གྱི་མགོ་སྐོར་འོག་ཚུད་དེ་སྒོར་མོ་མང་པོ་ཤོར་བ་མ་ཟད། ཨ་ཧྥེ་རི་ཁའི་མཐའ་འཁོབ་ཅིག་ཏུ་གཡུགས་ཏེ་དཀའ་ངལ་ཆེན་པོ་འཕྲད་ཡོད་འདུག
ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༦ ཉིན་ཕྱི་རྒྱལ་ཁག་ཏུ་མི་གཏོང་མཁན་རྒྱ་མཚོ་ཟེར་བ་ཞིག་གིས། བོད་རིགས་བུད་མེད་གཉིས་དང་བལ་ཡུལ་གྱི་མི་ ༥ བཅས་ཁྱོན་མི་གྲངས་ ༧ ཡུ་རོབ་ནང་གཏོང་རྒྱུ་བྱས་ཏེ། ལྡི་ལི་ནས་ལྷོ་ཨ་ཧྥི་རི་ཁའི་(Burkina Faso Ouagadougou)ཟེར་བའི་ས་ཆ་ཞིག་ཏུ་བསྐྱལ་ཡོད་པ་དང་། དེ་རུ་ཟླ་ ༦ ཙམ་ལྷག་རྗེས། མི་དེས་ཁོང་ཚོའི་དངུལ་དང་ཕྱི་སྐྱོད་ལག་འཁྱེར་ཚང་མ་འཁྱེར་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་སྟབས། བལ་པོའི་ལམ་གྲོགས་ཚོས་བོད་རིགས་གཅིག་པ་ཡིན་པའི་ཉེས་འཛུགས་འོག བོད་པའི་བུ་མོ་གཉིས་ལ་རྡུང་རྡེག་མནར་གཅོད་མང་པོ་བཏང་ཡོད་འདུག
རྗེས་སུ་དགོང་མོ་ཞིག་ལ་བུ་མོ་གཉིས་ཐབ་ཚང་གི་སྒེའུ་ཁུང་ནས་མཆོངས་ཏེ་བྲོས་ཡོད་པ་དང་། སྟབས་ལེགས་ནས་བུ་མོ་གཅིག་གིས་ལག་འཁྱེར་ཁ་པར་འཁྱེར་ཡོད་སྟབས། ཡར་མར་ལ་འབྲེལ་བ་བྱས་མཐར་ ༢༠༡༤ ལོའི་ཟླ་ ༡ ཚེས་ ༣ ཉིན་སྡེ་དགེའི་སྐད་འཕྲིན་ཚོགས་པ་ཞིག་ལ་འབྲེལ་བ་མཐུད་ཐུབ་སྟེ། སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་གནས་ཚུལ་དེ་སྙན་གསེང་ཞུས་ཡོད་ཅིང་། དབུས་ནས་གོ་སྒྲིག་གནང་བ་ལྟར་ཡན་ལག་ཁང་གིས་ཚོགས་ཆུང་ཞིག་བཙུགས་ཏེ། ཚོགས་ཆུང་གི་ཚོགས་མི་ཨ་རིར་གནས་སྡོད་དཀོན་མཆོག་བསྟན་འཛིན་ཞུ་བ་ལྷོ་ཨ་ཧྥི་རི་ཁའི་ནང་བསྐྱོད་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་སྐྱབས་བཅོལ་ལས་ཁུངས་སུ་བུ་མོ་གཉིས་ཀྱི་གནས་ཚུལ་ཞུས་པ་བརྒྱུད་གནས་སྐབས་རིང་ཨ་ཧྥི་རི་ཁའི་ནང་གནས་སྡོད་ཆོག་པའི་ཡིག་ཆ་བཟོས་རྗེས་ཁོ་ཕྱིར་ལོག་ཡོད་པ་དང་། བུ་མོ་གཉིས་ལོ་གཅིག་ལྷག་རིང་ལྷོ་ཨ་ཧྥི་རི་ཁའི་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ཁང་དུ་བསྡད་རྗེས། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༧ ཉིན་བུ་མོ་ཁོ་རང་གཉིས་ཀྱི་འདོད་པ་ལྟར་ཁེ་ན་ཌའི་སྐྱབས་བཅོལ་ཁང་དུ་འབྱོར་ཡོད་འདུག
འདི་གའི་གསར་འགོད་པས་བུ་མོ་གཉིས་དང་དཀོན་མཆོག་བསྟན་འཛིན་ལགས། དེ་བཞིན་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ལ་འབྲེལ་བ་བྱས་ཏེ། ཐེངས་འདིའི་ཞིབ་ཕྲའི་གནས་ཚུལ་རྒྱུས་ལོན་བྱས་པར། ཐོག་མ་བུ་མོ་གཉིས་ལ་རྒྱ་མཚོ་ཟེར་བ་དེར་འབྲེལ་བ་ཇི་ལྟར་བྱུང་བའི་སྐོར་དྲིས་པར། བུ་མོ་ xxxx ལགས་ཀྱིས་སྔོན་ཆད་ང་ཚོས་ཕན་ཚུན་ངོ་ཤེས་ཀྱི་མེད། ལྡི་ལིར་ཡོད་པའི་ངེད་གཉིས་ཀྱི་གྲོགས་མོ་ཞིག་བརྒྱུད་དེ་ངོ་ཤེས་པ་རེད། ཁོ་མོར་སྐལ་བཟང་རྒྱ་མཚོ་ཟེར་བ་ཞིག་གིས་ཕྱི་རྒྱལ་དུ་འགྲོ་མཁན་རེ་འཚོལ་རོགས་བྱོས་ལབ་འདུག ད་དུང་ཕྱི་རྒྱལ་དུ་བཏང་ན་མི་རེས་ཧིན་སྒོར་འབུམ་ ༡༠ དང་ཕྱེད་ཀ་རེ་སྤྲོད་དགོས་པ་མ་ཟད། དེའི་ནང་ནས་འབུམ་ ༣ དང་ཕྱེད་ཀ་སྔོན་ལ་སྤྲོད་དགོས་ཀྱི་ཡོད་སྐོར་དང་། སྐལ་བཟང་རྒྱ་མཚོ་ཟེར་བ་དེས་ཡུ་རོབ་ཀྱི་རྒྱལ་ཁབ་གང་དུ་གཏོང་དགོས་ནའང་གཏོང་ཐུབ་ཀྱི་ཡོད་པ་མ་ཟད། བརྟན་པོ་ཞེ་དྲག་ཡོད་ཟེར་གྱི་འདུག་ཅེས་ངེད་གཉིས་ལ་བཤད་སོང་། དེ་ནས་ངེད་གཉིས་ཧྥ་རན་སིར་འགྲོ་རྒྱུ་བྱས་ཏེ་སྐལ་བཟང་རྒྱ་མཚོ་ཟེར་བ་དང་སྐད་ཆ་མང་པོ་བཤད་རྗེས། སྔོན་ལ་བལ་པོའི་ནག་རིས་ཊཱ་(Nagrita) བཟོ་བར་ཧིན་སྒོར་ཁྲི་ ༥ རེ་སྤྲད་པ་ཡིན། ཐོག་མ་དྷ་ས་ནས་ཡིན་པའི་ཨ་ནེ་ཞིག་དང་ཨ་ཅག་ཅིག་སོགས་བོད་མི་མང་པོ་ཞིག་གིས་ཀྱང་བལ་པོའི་ནག་རིས་ཊཱ་བཟོ་རྒྱུ་བྱས་འདུག་ཀྱང་། ཁོང་ཚོས་མི་གཏོང་མཁན་དེ་ག་འདྲ་ཡོད་མེད་རྩད་གཅོད་བྱས་ཏེ། མོ་རྒྱག་ཏུ་བཅུག་རྗེས་མོ་ཡག་པོ་མི་འདུག་ཟེར་ནས་ཕྱིར་འཐེན་བྱས་སོང་། ངེད་གཉིས་ཀྱིས་སྒོར་ཁྲི་ ༥ རེ་སྤྲད་ཚར་སྟབས། གལ་སྲིད་ངེད་གཉིས་ཀྱི་ངོས་ནས་འགྲོ་གི་མིན་ལབ་ན་དངུལ་དེ་ཚུར་སློག་མིན་མི་ཤེས་སྟབས། བླ་མ་ཞིག་ལ་མོ་བརྒྱབ་པར་མོ་ཡག་པོ་འདུག་གསུངས་བས་ངེད་གཉིས་འགྲོ་རྒྱུ་སེམས་ཐག་བཅད་པ་ཡིན། སྐལ་བཟང་རྒྱ་མཚོ་ཟེར་བ་དེས་༧གོང་ས་མཆོག་དང་ས་སྐྱ་གོང་མ་རིན་པོ་ཆེ་སོགས་བླ་མ་ཆེ་རུ་ཆེ་ཚད་ལ་དཔང་བཙུགས་ནས་བརྟན་པོ་ཞེ་དྲག་ཡོད། ད་བར་མི་མང་པོ་བཏང་བ་ཡིན། གལ་སྲིད་གཏོང་མ་ཐུབ་ན་སྒོར་མོ་ཚང་མ་ཕྱིར་སློག་ངེས་ཡིན་ཞེས་མནའ་མང་པོ་བསྐྱལ་སོང་། ཡིན་ནའང་། མི་གཏོང་མཁན་དངོས་གནས་དེར་ངོ་ཐུག་རྒྱུ་བྱུང་ཡོད་པ་མ་རེད། ཕྱིས་སུ་ང་ཚོ་ལམ་ལ་ཆས་སྐབས་གཞི་ནས་མི་དེར་ངོ་ཐུག་ནས་ཧིན་སྒོར་འབུམ་ ༣ དང་ཕྱེད་ཀ་སྔ་འདོན་གྱིས་སྤྲད་པ་ཡིན། སྐབས་དེར་ཁོ་ཚོས་ཉིན་བཅུའི་ནང་ཚུད་དུ་ངེད་གཉིས་ཧྥ་རན་སིའི་ནང་བསླེབས་ཐུབ་པ་བྱེད་ཆོག་ཅེས་ཁས་ལེན་བྱས་སོང་། ཞེས་སོགས་བརྗོད་བྱུང་།
ཡང་ཁོ་མོས་མུ་མཐུད་དུ་བརྗོད་དོན། ༢༠༡༣ ཕྱི་ཟླ་ ༧ པའི་ནང་ངེད་གཉིས་རྒྱ་གར་ནས་ཐོན་སྐབས་རོགས་པ་བལ་པོའི་མི་ཡོད་སྐོར་ཅི་གང་ལབ་མ་སོང་། ང་ཚོ་ལྷོ་ཧྥི་རི་ཁའི་ལེ་མོ་ཐོ་གྷོ་(Lemo Togo)ཟེར་བའི་ས་ཆ་དེར་བསླེབས་སྐབས། རྒྱ་མཚོས་བལ་པོའི་མི་འགའ་བསླེབ་ཀྱི་ཡོད་པས་ཁོ་ཚོར་བསྒུག་དགོས་ཟེར། ང་ཚོ་ས་ཆ་དེར་བསྡད་ནས་ཉིན་ ༡༦ འགོར་རྗེས། བལ་པོའི་སྐྱེས་པ་ ༣ དང་བུད་མེད་ ༢ བཅས་མི་ ༥ བསླེབས་སོང་། དེ་ནས་ང་ཚོ་ལེ་མོ་ཐོ་གྷོ་ནས་མཚན་གཅིག་ལ་བྷར་ཁེ་ནཱ་ཧྥ་སོ་(Burkina Faso Ouagadougou)ཟེར་བ་ཞིག་ཏུ་ཕྱིན་པ་དང་། ས་ཆ་དེ་ནས་ང་ཚོ་ཚང་མ་ཁང་པ་གཅིག་གི་ནང་དུ་བཞག་སོང་། ཁོང་ཚོས་གཏོང་གི་ཡིན་གཏོང་གི་ཡིན་ཟེར་ནས་ཟླ་བ་ ༣ ལྷག་ཕྱིན་སོང་། ས་ཆ་དེ་ན་ཁོ་རང་ལ་ཁང་པ་ཡོད་སྐོར་བརྗོད་སོང་ཡང་ང་ཚོར་གང་ཡང་བསྟན་མ་སོང་། བལ་པོའི་མི་ཚོས་ཁོ་ལ་རླུང་ཡང་ཡང་བསྟན་སྟབས་ཐེངས་གཅིག་བལ་པོའི་སྐྱེས་པ་ཞིག་གཏོང་ཐབས་བྱས་ཀྱང་གཏོང་ཐུབ་མ་སོང་། ང་ཚོ་ས་དེར་ཡུན་རིང་ལྷག་སྟབས་བལ་པོའི་ལམ་རོགས་སྐྱེས་པ་ཞིག་ལ་དུག་སྦྲང་གིས་སོ་བརྒྱབ་སྟེ་གྲོངས་སོང་། རིམ་གྱིས་ཁོ་རང་ཡང་ང་ཚོ་དང་བར་ཐག་ཇེ་རིང་དུ་བཏང་སྟེ། མཚམས་རེར་མི་ནག་པོ་རེའི་ལག་ཏུ་ཚལ་དེ་འདྲ་བསྐུར་ཡོང་བ་མ་གཏོགས་ཁོ་རང་དེ་ཙམ་ཡོང་གི་མི་འདུག བར་སྐབས་ཤིག་ནས་ཁོ་གང་དུ་སོང་མིན་གོ་ཐོས་མེད་པ་ཆགས་སོང་། ང་ཚོའི་ཡིག་ཆ་ནག་རིས་ཊཱ་དང་སྒོར་མོ་ཁོ་རང་གི་ལག་ཏུ་ཡོད་པ་རེད། ཅེས་བརྗོད་བྱུང་།
ཡང་གསར་འགོད་པས། ཨ་ཧྥི་རི་ཁར་སྡོད་རིང་དཀའ་ངལ་གང་འདྲ་འཕྲད་ཡོད་མེད་དྲིས་པར་ཁོང་མོས་བརྗོད་དོན། མི་དེ་གར་སོང་ཧ་མ་གོ་བ་ཆགས་རྗེས། ཁོ་བོད་པ་ཡིན་པའི་རྐྱེན་གྱིས་བལ་པོའི་ལམ་རོགས་ཚོས་ངེད་གཉིས་ལ་སྡིགས་དམོད་དང་གཅར་རྡུང་སོགས་བཏང་ནས་བརྙས་བཅོས་མང་པོ་བྱས་སོང་། ངེད་གཉིས་ལ་གཅར་རྡུང་གཏོང་གི་ཡོད་པ་ཧ་གོ་ན་ལམ་ཁྲིད་བསླེབ་ཡོང་གི་རེད་བསམས་ཏེ། ཁོ་ལ་ཁ་པར་བཏང་ནས་ངེད་གཉིས་ལ་གཅར་རྡུང་གཏོང་གི་ཡོད་པའི་སྐད་སྒྲ་གོ་རུ་བཅུག་སོང་། ཡིན་ནའང་ལམ་ཁྲིད་ཁོ་རང་ཨ་ཧྥི་རི་ཁའི་ས་ཆ་གཞན་ཞིག་ཏུ་ཡོད་སྐོར་བཤད་དེ་ཡོང་གི་མི་འདུག ངེད་གཉིས་ནས་ཀྱང་། ཁ་པར་ནང་ནས་བལ་པོའི་མི་ཚོས་ངེད་གཉིས་ལ་གཅར་རྡུང་གཏོང་གི་འདུག ཁྱེད་འདིར་ཡོང་རོགས་ཞེས་ཞུ་བ་བརྒྱབ་ཀྱང་གཏན་ནས་ཡོང་མ་སོང་། རིམ་གྱིས་ཁ་པར་ཡང་འགྱོག་གི་མི་འདུག དེ་ནས་བལ་པོའི་མི་ཚོ་ཁོང་ཁྲོ་ལངས་ཏེ་ངེད་གཉིས་ལ་གཅར་རྡུང་ཚད་མེད་བཏང་བ་མ་ཟད། ཁང་པའི་ནང་བཅུག་སྟེ་བདུན་ཕྲག་ ༢ ལྷག་རིང་ཟ་མའང་བཟའ་རུ་བཅུག་མ་སོང་།
དགོང་མོ་ཞིག་ལ་ངེད་གཉིས་ནང་དུ་བཅུག་སྟེ་ཕྱི་ལོགས་ནས་སྒོ་ལྕགས་བརྒྱབ་སྟེ་ཁོ་ཚོ་ཕྱི་རུ་ཕྱིན་སོང་། དཀོན་མཆོག་གི་ཐུགས་རྗེ་ཞིག་གིས་ངེད་གཉིས་ཐབ་ཚང་གི་སྒེའུ་ཁུང་ནས་མཆོངས་ཏེ་འབྲོ་ཐུབ་སོང་། སྐབས་དེར་ངེད་གཉིས་ལ་ལག་འཁྱེར་ཁ་པར་ཞིག་དང་གློག་གསོག་ཆས་ཤིག་མ་གཏོགས་དངུལ་གཅིག་ཀྱང་མེད་པའི་ཁར། ལུས་ལ་གྱོན་གོས་ཀྱང་སྲབ་པོ་ཞིག་ལས་རྐང་མགོའི་ལྷམ་ཡང་གྱོན་རྒྱུ་རག་མ་སོང་། མཚན་མོ་དེར་ངེད་གཉིས་ས་ཆ་དེ་ནས་ཐག་རིང་སའི་ནགས་གསེབ་ཅིག་ཏུ་ཡིབ་ནས་བསྡད་པ་ཡིན། ཕྱི་ཉིན་ནམ་ལངས་སྐབས་མི་རིགས་ནག་པོ་བཟའ་ཟླ་གཉིས་ཞོགས་རྩལ་སྦྱོང་དུ་ཡོང་བ་དང་འཕྲད་སོང་བས། དབྱིན་སྐད་ཐོག་ནས་ངེད་གཉིས་སྲོག་ཉེན་ལ་ཐུག་ཡོད་སྐོར་བཤད་པར། ཅུང་སྙིང་རྗེ་བ་ཡིན་ས་རེད། ངེད་གཉིས་ཁོང་ཚོའི་རླངས་འཁོར་འཇོག་སའི་ནང་ཞག་གཉིས་རིང་སྡོད་དུ་བཅུག་པ་མ་ཟད། ཟ་མ་ལྷག་མ་དེ་འདྲ་ཡང་སྤྲད་སོང་། སྐབས་དེར་ངེད་གཉིས་ཀྱིས་ཁ་པར་ཐོག་ནས་ཡར་མར་འབྲེལ་བ་བྱས་ཏེ་སྡེ་དགེའི་སྐད་འཕྲིན་ཚོགས་པར་འབྲེལ་བ་བྱེད་ཐུབ་སོང་། ཞེས་བརྗོད་བྱུང་།
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ལ་འབྲེལ་བ་བྱུང་རྗེས། ཐེངས་ཤིག་རྒྱ་མཚོས་ངེད་གཉིས་ལ་ཁ་པར་ཡོང་སྟེ་ཁྱེད་གཉིས་ཀྱིས་སྡེ་དགེ་ཚོགས་པར་འབྲེལ་བ་བྱས་འདུག་གཱ། ངས་ཁྱེད་གཉིས་ལས་སླ་བོར་འཇོག་གི་མིན། ཁྱེད་གཉིས་བསད་དེ་དེ་སྔོན་འདས་གྲོངས་ཕྱིན་པའི་བལ་པོའི་སྐྱེས་པ་དེའི་ཕུང་པོ་དང་མཉམ་དུ་འཇོག་དགོས། ཁྱེད་གཉིས་ཕྱིར་རྒྱ་གར་དང་བལ་པོ་གང་དུ་འགྲོ་བསམ་ཡང་། གནམ་ཐང་གི་ལས་བྱེད་ཚོ་ངའི་ངོ་ཤེས་པ་རྐྱང་རྐྱང་ཡིན། ཁྱེད་གཉིས་ཐར་ས་ཡོད་པ་མ་རེད་ཅེས་འཇིགས་སྐུལ་བྱས་སྟབས། ངེད་གཉིས་དངོས་གནས་ཞེད་ཐག་ཆོད་སོང་། མི་དེ་དང་པོར་ཐུག་དུས་དངོས་གནས་འཇིག་རྟེན་འདི་ན་མི་འདི་འདྲ་ཡག་པོ་ཞིག་ཡོད་ས་མ་རེད་བསམ་པ་ཞིག་འདུག་ཀྱང་། རྒྱུན་རིང་པོར་གཤིབ་པ་དང་། ལྷག་པར་དུ་ཕྱིས་སུ་ཡུ་རོབ་དང་ཨ་རི་སོགས་ནས་བོད་མི་མང་པོས་ངེད་གཉིས་ལ་ཁ་པར་དང་སྐད་འཕྲིན་ནང་ནས་འབྲེལ་བ་གནང་ཡོང་སྐབས། དཀར་མཛེས་རྫོང་ནས་ཡིན་པའི་ཁོ་རང་གི་ཕ་ཡུལ་གཅིག་པ་དང་ངོ་ཤེས་ཚོས་ཨ་་་་ཁ་་་་་ཁ། ཁྱེད་གཉིས་དེ་འདྲ་མི་ཁྲེལ་མེད་ཅིག་ལ་ཐུག་འདུག་ལབ་སོང་། ཁོས་དེ་སྔོན་ནས་བུ་ལོན་རྐྱང་རྐྱང་བླངས་ཏེ་མི་མང་པོར་མགོ་སྐོར་བཏང་ཚར་སྟབས། ཨ་ཧྥི་རི་ཁ་ལྟ་བུའི་ལུང་པ་སྐྱོ་བོ་དག་ཏུ་གབ་སྡོད་བྱས་ནས་སྡོད་པ་ལས་བོད་པ་རང་གི་སྤྱི་ཚོགས་ནང་གོམ་པ་རྒྱག་ས་མེད་པ་ཆགས་ཡོད་པ་རེད་ལབ་ཀྱི་འདུག ཅེས་བརྗོད་བྱུང་།
ད་སྐབས་རྒྱ་མཚོ་ཟེར་བ་དེར་འབྲེལ་བ་བྱེད་ཐུབ་ཀྱི་ཡོད་མེད་དང་། དངུལ་དེ་དག་ཕྱིར་རག་ཐབས་བྱེད་ཀྱིན་ཡོད་མེད་བྲིས་པར། ངེད་གཉིས་མི་རེས་ཧིན་སྒོར་འབུམ་ ༣ དང་ཕྱེད་ཀ་རེ་ཁོའི་ལག་ཏུ་ཡོད་པ་མ་ཟད། ཨ་ཧྥི་རི་ཁར་འགྲོ་སྐབས་ངེད་གཉིས་ཀྱིས་ཨ་སྒོར་ ༥༠༠ རེ་འཁུར་ཡོད་པ་དེའང་ཁོའི་ལག་ཏུ་ཤོར་སོང་། ང་ཚོ་ལེ་མེ་ཐོ་གྷོ་ཟེར་བ་དེར་ཡོད་སྐབས། ཐེངས་ཤིག་ཁོས་སྒོར་མོ་བརྗེ་བོ་རྒྱག་ས་རག་གི་མི་འདུག ཁྱེད་གཉིས་ཀྱི་ཨ་སྒོར་དེ་ཚོ་གཡར་རོགས་ལབ་སོང་བས་གཡར་བ་ཡིན། ཁྱོན་བསྡོམས་ངེད་གཉིས་ཀྱི་ཧིན་སྒོར་འབུམ་ ༨ ཡས་མས་ཤིག་ཁོའི་ལག་ཏུ་ཡོད་པ་རེད། ཡིན་ནའང་། ད་ལྟ་འབྲེལ་བ་བྱེད་ས་གཏན་ནས་རག་གི་མི་འདུག སྔོན་མའི་ཁ་པར་ཨང་གྲངས་དང་སྐད་འཕྲིན་མེད་པ་བཟོས་འདུག ངེད་གཉིས་ཀྱི་དངུལ་དེ་དག་མི་གཞན་གྱི་ས་ནས་སྐྱེད་ཀ་བྱས་ཏེ་གཡར་ཡོང་བ་ཡིན་ལ། མ་འོངས་པར་དེ་ཚོ་ཕྱིར་སྤྲོད་དགོས་པ་རེད། ཡིན་ནའང་དེ་ཚོ་ང་རང་གཉིས་ཀྱིས་དཀའ་ལས་བརྒྱབ་སྟེ་ལས་ཀ་བྱས་ན་རིམ་གྱིས་འགྲིག་འགྲོ་བ་རེད་བསམ་གྱི་འདུག གལ་སྲིད་དངུལ་དེ་དག་ཚུར་རག་ན་གང་འཚམ་ཞིག་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ལ་སྤྲོད་དགོས་བསམ་ཡོད། སྡེ་དགེ་ཚོགས་པས་ངེད་གཉིས་ཀྱི་སྲོག་བསྐྱབས་ཏེ་མི་ཚེ་གསར་པ་ཞིག་གི་གོ་སྐབས་བསྐྲུན་པ་རེད། བཀའ་དྲིན་ཆེན་པོ་ཡིན། ཞེས་བརྗོད་བྱུང་།
དཀོན་མཆོག་བསྟན་འཛིན་ལགས་སུ་ཁོང་ལྷོ་ཨ་ཧྥི་རི་ཁའི་ནང་བསྐྱོད་པའི་བརྒྱུད་རིམ་དང་། བུ་མོ་གཉིས་ལ་ཐུག་སྐབས་ཀྱི་མཐོང་ཚོར་སྐོར་དྲིས་པར་ཁོང་གིས། གནས་ཚུལ་དེ་ཕ་ཡུལ་སྡེ་དགེའི་སྐད་འཕྲིན་ཚོགས་པའི་ནང་ཁྱབ་རྗེས། མི་མང་པོས་ཆེ་ས་ནས་བུ་མོ་གཉིས་ལ་སྲོག་ཉེན་མེད་པ་ཞིག་དང་ཆུང་ས་ནས་དཀའ་སྡུག་མེད་པ་ཞིག་ངེས་པར་དུ་བཟོ་དགོས་སྐོར་གསུངས་སོང་། ཡིན་ནའང་། ལྷོ་ཧྥི་རི་ཁའི་ནང་འགྲོ་མཁན་མ་རག་པའི་དཀའ་ངལ་འཕྲད་སོང་། ཁ་ཤས་འགྲོ་འདོད་ཡོད་ཀྱང་ཡིག་ཆ་མ་འགྲིག་པ་དང་། ལས་ཀ་ནས་དགོངས་པ་མ་རག་པ་སོགས་ཀྱི་དཀའ་ངལ་འཕྲད་སྟབས། ང་ལ་ཡིག་ཆ་འགྲིག་གི་ཡོད་སྟབས་ང་འགྲོ་ཆོག་ཅེས་ཞུས་པར་ཚོགས་མི་མང་པོས་ཡག་པོ་འདུག་ལབ་སོང་། དེའི་སྐོར་ངའི་ནང་མི་སྤུན་མཆེད་ཚོར་ཞུས་པར་ཚང་མས་ལྷོ་ཨ་ཧྥི་རི་ཁའི་ནང་ནད་ཡམས་ཚབས་ཆེན་ཡོད་པ་དང་ལུང་པ་ཉེན་ཁ་ཆེན་པོ་ཅན་ཡིན་སྐོར་གསུངས་སོང་། ཡིན་ནའང་ངས་ཁོང་ཚོར་གཅིག་བྱས་ན་ངའི་ཚེ་སྲོག་ལ་ཉེན་ཁ་འཕྲད་སྲིད་ཀྱང་བུ་མོ་དེ་གཉིས་སྐྱོབ་ཏུ་མ་སོང་ན་སེམས་ནས་བཟོད་ཀྱི་མི་འདུག་ཅེས་ཞུས་ཏེ། ཕྱི་ལོ་ ༢༠༡༤ ལོའི་ཕྱི་ཟླ་ ༡ ཚེས་ ༤ ཉིན་གྱི་ཕྱི་དྲོར་ནད་རིགས་སྔོན་འགོག་གི་ཁབ་ཅིག་བརྒྱབ་སྟེ་ཐད་ཀར་ལྷོ་ཨ་ཧྥི་རི་ཁའི་ནང་ཕྱིན་པ་ཡིན། ཞེས་བརྗོད་བྱུང་།
ཁོང་གིས་མུ་མཐུད། དང་ཐོག་ང་རང་གི་སེམས་ལ་བུ་མོ་གཉིས་ཀྱི་གནས་ཚུལ་དེ་བདེན་པ་ཨ་ཡིན། གཅིག་བྱས་ན་ཁོ་ཚོ་ཁ་མཐུན་བྱས་ཏེ་མགོ་སྐོར་གཏོང་གི་ཡོད་སྲིད་པ་རེད་སྙམ་པའི་དོགས་པ་དང་འཇིགས་སྣང་ཡང་སྐྱེས་བྱུང་། ཡིན་ནའང་། གནམ་ཐང་ནས་བུ་མོ་གཉིས་དངོས་སུ་མཐོང་མ་ཐག་ངའི་སེམས་ཀྱི་དོགས་པ་ཚང་མ་ཡལ་སོང་། བུ་མོ་གཅིག་ལ་ལྷམ་མེད་པ་དང་། བུ་མོ་གཞན་དེའི་ལུས་ལ་ཕྱི་ནང་མཐོང་བའི་གྱོན་གོས་སྲབ་སྲབ་ཅིག་ལས་མི་འདུག ལྷག་པར་དུ་ཁོང་གཉིས་ཀྱི་གདོང་དང་སྐེ་སོགས་སུ་རྨ་ཁས་ཁེངས་བ་དེ་མཐོང་དུས་རང་དབང་མེད་པར་མིག་ཆུ་ཤོར་ཡོང་བ་ཞིག་རེད། དེ་ནས་ངས་ཁོང་གཉིས་འཁྲིད་དེ་མགྲོན་ཁང་ཞིག་ཏུ་ཕྱིན་ཏེ་གཟུགས་པོར་འཁྲུས་བྱེད་རོགས་ཞེས་བཤད་པར། ཁོང་གཉིས་གྲོད་ཁོག་ལྟོགས་ཀྱི་འདུག་པས་དང་པོར་ཟ་མ་བཟའ་འདོད་འདུག་ཟེར། དེ་ནས་ངས་ཁོང་གཉིས་ཟ་ཁང་དུ་འཁྲིད་ནས་ཟ་མ་ཟ་རུ་བཅུག་པ་ཡིན། ཞེས་བརྗོད་བྱུང་།
མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁུངས་སུ་དཀའ་སྡུག་ཞུས་པའི་སྐོར་ལ་ཁོང་གིས། ང་ལྷོ་ཨ་ཧྥི་རི་ཁའི་ནང་བསླེབས་རྗེས། སྡེ་དགེའི་དབུས་རྒྱུན་དང་ནེའུ་ཡོག་ས་གནས་རྒྱུན་ལས་གཉིས་ཀྱི་གོ་སྒྲིག་འོག ངས་ས་གནས་དེའི་ཚོགས་པ་གཉིས་ལ་འབྲེལ་བ་ཞུས་པ་ཡིན། ཡིན་ནའང་ཚོགས་པ་དང་པོ་དེས་ཡ་ལན་སྤྲོད་ཀྱི་མི་འདུག དེ་ནས་ང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁུངས་སུ་དཀའ་སྡུག་ཞུ་རུ་ཕྱིན་པ་ཡིན། ལས་ཁུངས་ཀྱི་སྒོ་ཁར་བཀག་འགོག་གིས་དཀའ་ངལ་ཏོག་ཙམ་འཕྲད་སོང་། ཕྱིས་སུ་ནང་དུ་འཛུལ་བཅུག་ཡང་ཐོག་མར་དེ་ཙམ་གྱིས་ཡ་བྱེད་ཀྱི་མི་འདུག དེ་ནས་ངས་བོད་མི་སྤྱི་ཡོངས་ཀྱི་ད་ལྟའི་གནས་སྟངས་དང་། བྱེ་བྲག་གིས་བུ་མོ་གཉིས་ཀྱི་དཀའ་སྡུག་ཞུས་པ་དང་སྦྲགས། བུ་མོ་གཉིས་ཀྱི་གདོང་དང་སྐེ་སོགས་ཀྱི་རྨ་ཁ་རྣམས་བསྟན་ཏེ་ང་རང་རང་དབང་མེད་པར་མིག་ཆུ་ཤོར་སོང་། སྐབས་དེར་ཁོང་ཚོས་གཙང་ཤོག་སྒམ་ཆུང་གང་ངའི་མདུན་དུ་བཞག་སྟེ། “སྐྱིད་སྡུག་བཤད་དེ་ངུ་ན་ངུ་ས་ནོར་མེད་པས་ངུས་ཤོག” ཟེར། དེ་ནས་སྐད་ཆ་བཤད་རྒྱུ་མེད་པར་ང་ཅུང་ཙམ་ལྷག་སོང་། ཁོ་ཚོས་ཁྱེད་བུ་མོ་འདི་གཉིས་དང་འབྲེལ་བ་ག་རེ་ཡོད་ཟེར། ངས་བུ་མོ་འདི་གཉིས་སྔོན་མ་ངོ་ཙམ་ཡང་མི་ཤེས། སྐད་འཕྲིན་ཚོགས་པ་བརྒྱུད་ནས་བུ་མོ་འདི་གཉིས་ཀྱི་དཀའ་སྡུག་ཧ་གོ་ནས་ཡོང་བ་ཡིན་ཞེས་ཞུས་པ་ཡིན། དེ་ནས་ངས་དང་ཐོག་དཀའ་སྡུག་ཞུས་ཀྱང་ཡ་མི་བྱེད་མཁན་གྱི་ཚོགས་པ་དེར་ཐད་ཀར་ཁ་པར་བཏང་སྟེ། ཕྱི་ཉིན་དེར་བུ་མོ་གཉིས་ལྷོ་ཧྥི་རི་ཁའི་ནང་གནས་སྐབས་འདུག་ཆོག་པའི་ཡིག་ཆ་བཟོ་དགོས་པ་དང་། སྨན་ཁང་ནས་གཟུགས་པོར་བརྟག་དཔྱད་དགོས་པ་བཀའ་མངག་བྱས་སོང་བ་མ་ཟད། ཕྱི་ཉིན་ནས་བཟུང་བུ་མོ་གཉིས་ལ་སྡོད་གནས་གོ་སྒྲིག་བྱེད་ཆོག་ལ། ལས་ཁུངས་ར་བའི་ནང་ཕྱི་མི་གང་བྱུང་འཛུལ་མི་ཆོག་པས་ཁོང་གཉིས་ལ་ཉེན་ཁ་གང་ཡང་ཡོད་པ་མ་རེད་ཅེས་རོགས་རམ་ཡག་པོ་གནང་སོང་། ལས་ཀ་དེ་དག་ཚང་མ་འགྲུབ་ཚར་རྗེས་ང་རང་ཕྱིར་ལོག་པ་ཡིན། ཞེས་བརྗོད་བྱུང་།
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་གཙོ་འཆམ་ར་དྲི་མེད་རྒྱལ་མཚན་ལགས་སུ། བུ་མོ་གཉིས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ཨ་ཧྥི་རི་ཁའི་དོན་གཅོད་ལ་འབྲེལ་བ་ཞུས་ཡོད་མེད་དྲིས་པར་ཁོང་གིས། བུ་མོ་གཉིས་ཀྱི་གནས་ཚུལ་དེ་ ༢༠༡༤ ལོའི་ཕྱི་ཟླ་དང་པོའི་ནང་ཙམ་ལ་སྡེ་དགེ་དབུས་རྒྱུན་ལས་ཁང་ལ་འབྱོར་སྐབས། དབུས་རྒྱུན་གྱིས་སེམས་ཚོར་ཆེན་པོའི་ཐོག་ནས་བཀོད་ཁྱབ་དང་ལམ་སྟོན་ཞུས་པ་ལྟར། ཚོགས་ཆུང་བཙུགས་ཏེ་གནས་ཚུལ་དངོས་ལ་རྒྱུས་ལོན་བྱས་རྗེས། བུ་མོ་གཉིས་ཀྱི་ལུས་དང་སྲོག་ལ་དངོས་འབྲེལ་ཛ་དྲག་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་ཚུལ་འབྱོར་བྱུང་། དེ་ནས་ང་ཚོས་ལྷོ་ཨ་ཧྥི་རི་ཁའི་སྐུ་ཚབ་དོན་གཅོད་ཁང་སོགས་ལ་ཡིག་འབྲེལ་དང་། ཁ་པར་ལམ་ནས་འབྲེལ་བ་ཞུས་པ་ཡིན། འོན་ཀྱང་སྐབས་དེའི་སྐུ་ཚབ་དོན་གཅོད་ནས་ང་ཚོའི་དོན་གཅོད་ཡོད་ས་དང་། བུ་མོ་གཉིས་ཡོད་སའི་ས་ཆ་གཉིས་ཧ་ཅང་ཁ་ཐག་རིང་པོ་རེད། ང་ཚོའི་ནུས་པས་སྙོབ་ཀྱི་མི་འདུག་ཅེས་བཀའ་ལན་གནང་སོང་། དངོས་འབྲེལ་ཡུལ་དུས་དང་། གནད་དོན་གཞན་གྱི་རྐྱེན་པས་གཞུང་འབྲེལ་ལག་པ་འཆིང་མ་བདེ་བ་ཡོད་སྲིད་པ་རེད། ཅེས་བརྗོད་བྱུང་།
ཡང་ཁོང་ལ་སྡེ་དགེ་ཚོགས་པའི་ངོས་ནས་ཐེངས་འདིའི་ལས་དོན་དེའི་ཐོག་འགྲོ་གྲོན་དང་དཀའ་ངལ་གང་འདྲ་འཕྲད་ཡོད་མེད་དྲིས་པར། ཁོང་གིས། ཐོག་མར་གནས་ཚུལ་ལ་ཞིབ་འཇུག་བྱེད་པའི་ཆེད་དུ་འཁོར་ཀོ་པདྨ། ཨ་ཐུབ་འཕྲིན་ལས་སྒྲོལ་མ། དཀོན་མཆོག་བསྟན་འཛིན། ཨ་རི་ནེའུ་ཡོག་ས་གནས་སྡེ་དགེ་ཚོགས་པའི་རྒྱུན་ལས་ངག་དབང་ཆོས་གྲགས་བཅས་ལས་གྲུབ་པའི་ཚོགས་ཆུང་ཟུར་འཛུགས་བྱས་པ་ཡིན། ཁོང་ཚོས་ཞིབ་འཇུག་བྱས་པ་བརྒྱུད་ཛ་དྲག་གི་དཀའ་ངལ་འཕྲད་པའི་བུ་མོ་གཉིས་ལས་གཅིག་བོད་ནས་ཕེབས་པའི་སྡེ་དགེ་བ་ཞིག་ཡིན་པ་དང་། གཞན་དེ་ཕ་ཡུལ་མངའ་རིས་ནས་ཡིན་པའི་ལྷོ་ཕྱོགས་གཞིས་ཆགས་ཀྱི་བུ་མོ་ཞིག་ཡིན་པ་ཧ་གོ་སོང་། སྐབས་དེར་ཐེངས་དང་པོར་ཨ་སྒོར་ ༥༠༠ བཏང་པ་རེད། སྤྱིར་བཏང་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ངོས་ནས་རང་ཁོངས་མི་སྣ་ལ་མ་གཏོགས་ལྟ་རྟོག་དང་རོགས་རམ་བྱེད་ཐུབ་ཀྱི་ཡོད་པ་མ་རེད། ཡིན་ནའང་བུ་མོ་གཉིས་ལ་ནང་མི་གཉེན་ཉེ་རོགས་རམ་ཐུབ་མཁན་སུ་གང་མེད་པ་དང་། རོགས་སྐྱོར་གནང་རོགས་ཞེས་རེ་སྐུལ་ཤུགས་ཆེན་པོ་ཞུས་པར་བརྟེན་ཏེ་ཁོ་གཉིས་ཀར་རོགས་རམ་བྱས་པ་མ་ཟད་ཁོ་གཉིས་ལ་སྐད་ཆ་དྲིས་པར། ཕྱི་རྒྱལ་ལུང་པ་ཡག་པོ་ཞིག་ལ་ཐར་ཐབས་གནང་རོགས་ཞེས་ཚུར་རེ་འདུན་ཞུས་པ་ལྟར། ཐོག་མ་ཨ་རིར་གནས་བཞུགས་བསྟན་འཛིན་རྣམ་རྒྱལ་ལགས་དང་བླངས་ཐོག་འགྲོ་རྒྱུའི་བཀའ་མོལ་བྱུང་ཡང་།་རྗེས་སུ་ཡན་ལག་མྱུར་སྐྱོབ་ཁང་གི་ཚོགས་མི་དཀོན་མཆོག་བསྟན་འཛིན་ལགས་དང་བླངས་ཐོག་འགྲོ་རྒྱུའི་བཀའ་མོལ་བྱུང་བ་ལྟར་ཁོང་ཕྱིན་པ་རེད། མདོར་ན་ཁོང་གི་ཕར་ཚུར་གྱི་ལམ་གླ་དང་། བུ་མོ་གཉིས་ལ་སྔ་ཕྱིར་དངུལ་སྨར་བཏང་བ་བཅས་ཁྱོན་བསྡོམས་ད་བར་ཨ་སྒོར་༥༤༠༠ལྷག་ཙམ་ཕྱིན་སོང་།འགྲོ་སོང་དེ་ཚོ་ཚང་མ་སྡེ་དགེའི་རྒྱ་ཆེའི་མང་ཚོགས་ཀྱིས་ཛ་དྲག་དཀའ་ངལ་ཅན་དང་། ནད་པ་ཉམ་ཐག་ཚོའི་ཆེད་དུ་ཡན་ལག་མྱུར་སྐྱོབ་ཁང་ལ་ཞལ་འདེབས་གནང་པའི་ཁོངས་ནས་བཏང་བ་རེད། ཅེས་སོགས་བརྗོད་བྱུང་།
གསར་འགོད་པ། པདྨ་མཚོ།
ང་ལའང་དངོས་སྒྲུང་སྙན་པོ་གཉིས་བཤད་ཡ་ཡོད། སྤྱི་ལོ་༢༠༡༢་ལོར་ལྡི་ལི་ནས་བོད་སྒར་བསམ་ཡས་གླིང་གི་ཕྱི་རྒྱལ་ལ་གཏོང་མཁན་བོད་པ་ཞིག་གིས་ཕོ་གསར་མོ་གསར་ ༡༡གི་ལག་ནས་ཧིན་སྒོར་འབུམ་ ༧་རེ་བླངས་ཏེ་ཡུ་རོབ་ལ་བསྐྱེལ་རྒྱུ་ཁས་ལེན་བྱས་ཡོད་པ་དང་། དངུལ་འབུམ་ ༢ རེ་སྔ་འདོན་གྱིས་ལམ་ཁྲིད་ལ་སྤྲད་ཡོད་པ་དང་ལྷག་མ་དངུལ་འབུམ་༡༠ རེ་ལྡི་ལི་དང་རྡ་རམ་ས་ལའི་ཕྱོགས་གཉིས་ཀས་ཡིད་ཆས་ཡོད་ས་ཞིག་ཏུ་བཅོལ་ཏེ། ཕར་ཡོ་རོལ་ལུང་པར་བསླེབས་རྗེས་གཞི་ནས་ལམ་ཁྲིད་པར་སྤྲོད་རྒྱུ་བྱས་འདུག མི་དེ་དག་གི་ཁྲོད་དུ་ཕ་ཡུལ་ཨ་མདོ་ནས་ཡིན་པའི་བུ་མོ་མངལ་ཆགས་ཏེ་ཟླ་བ་ ༤ ་ཡིན་པའི་སྦྲུམ་མ་ཞིག་ཡོད་པ་མ་ཟད་ཁོ་མོའི་དགའ་རོགས་ཀྱང་ཡོད་འདུག རྒྱ་གར་ནས་གནམ་གྲུ་བརྒྱུད་ཐེ་ལན་ཀྲིའི་རྒྱལ་ས་བྷན་ཀོག་ཏུ་འབྱོར་ནས་ཟླ་ ༥ལྷག་ཡོ་རོབ་ལུང་པར་འགྲོ་སྟབས་མ་འགྲིག་པར་ལྷག་སྐབས། བུ་མོ་དེར་ཕྲུ་གུ་བཙས་འདུག ཕྲུ་གུ་བཙས་བདུན་ཕྲག་གཅིག་ལས་མ་ཕྱིན་པར་ལམ་ཁྲིད་པས་བློ་བུར་དུ་ཚང་མ་འགྲོ་དགོས་རབས་བཤད་པའི་དབང་གིས་ཕྲུ་གུ་དམར་འབྱར་མ་བུ་གཉིས་བྷན་ཀོག་སྨན་ཁང་ཞིག་ནས་བཞག་སྟེ་གཞན་མི་ ༡༠ དེ་མི་འགྲོ་ཐབས་མེད་བྱུང་འདུག མ་སྨད་གཉིས་སྨན་ཁང་ནས་ཟླ་༤ ཙམ་རིང་བསྡད་ཀྱང་སོ་སོའི་དགའ་རོགས་ཀྱི་ཕྱོགས་དང་ལམ་ཁྲིད་པའི་ཕྱོགས་གཉིས་ཀ་ནས་བདག་པོ་རྒྱག་མཁན་གཅིག་ཀྱང་མ་བྱུང་སྟབས་དཀའ་སྡུག་མང་པོ་མྱངས་ཡོད་པ་དང་། མཐའ་མ་ཐེ་ལན་ཀྲའི་ཆོས་ཚོགས་ཤིག་གི་རོགས་རམ་འོག་ཕྱི་རྒྱ་གར་ནང་བསྐྱལ་ཡོད་འདུག འདི་དངོས་སྒྲུང་དང་པོ་དེ་ཡིན།
དངོས་སྒྲུང་གཉིས་པ་ནི་སྤྱི་ལོ་ ༢༠༡༣ལོར་ཡུ་རོབ་ནང་ཁྲིད་མཁན་མགོ་བ་གཙོ་བོ་རྒྱ་རིགས་ཡིན་པ་ཞིག་གི་འོག་ཏུ་བོད་པ་དང་བལ་བོ། རྒྱ་གར་བ་སོགས་མི་འཚོལ་མཁན་མང་པོ་ཞིག་ཡོད་པ་དང་། རྡ་རམ་ས་ལ་དང་རྡི་ལི་སོགས་ཀྱི་བོད་མི་ཚོས་ཕྱི་རྒྱལ་དུ་འགྲོ་མཁན་མི་འཚོལ་བཞིན་ཡོད་པ་དང་མི་གཅིག་རེ་ལ་ཧིན་སྒོར་འབུམ་ ༡༠ རེ་སྤྲོད་དགོས་ཀྱི་ཡོད་འདུག ཐེངས་ཤིག་ཁོ་རང་ཚོས་མི་མང་པོ་ཞིག་ཨ་ཧྥེ་རི་ཀའི་ནང་བརྒྱུད་དེ་ཡོ་རོབ་ཏུ་ཁྲིད་རྩིས་བྱས་ཡོད་ཀྱང་ལམ་ལྷུང་མ་བྱུང་བར་ཨ་ཧྥེ་རི་ཀའི་ནང་ནས་ཟླ་བ་ལོ་གཅིག་ལྷག་ལ་སྡོད་དགོས་བྱུང་འདུག སྤྱི་ལོ ༢༠༠༦ ལོ་ཙམ་ནས་སུད་སིའི་ནང་ཕྱིན་པའི་ཕོ་གསར་ཞིག་གིས་རྒྱ་གར་ནང་ཡོད་པའི་སོ་སོའི་དགའ་རོགས་བཟའ་ཚང་གི་ངོ་བོའི་ཐོག་ནས་ཚུར་འཐེན་པའི་ཐབས་ཤེས་མང་པོ་བྱས་ཀྱང་འཐེན་མ་ཐུབ་པར་ལྷག་ཡོད་པ་མཐའ་མ་དེར་དངུལ་འབུམ་ ༡༠ སྤྲད་དེ་ལམ་ཁྲིད་དེའི་ལག་འོག་ནས་ཚུར་སུད་སིའི་ནང་འཐེན་པའི་ཐབས་ཤེས་བྱས་འདུག
ཁོ་རང་ཚོ་རྒྱ་གར་ནས་འཐོན་ཏེ་ཨ་ཧྥེ་རི་ཁའི་ནང་ལོ་གཅིག་ལྷག་ལ་ཁྲིད་མ་ཐུབ་པར་ལྷག་ཡོད་སྟབས་ལམ་ཁྲིད་པ་དང་ཁོ་རང་ཚོའི་བར་འཁྲུག་འཛིང་ཤོར་ཏེ་མི་ཁ་ཤས་ཕྱིར་རྒྱ་གར་ནང་ལོག་ཡོད་འདུག ཁོ་ཚོར་ཨ་ཧྥེ་རི་ཀའི་ནང་གི་མི་རིགས་ནག་པོ་ཚོས་བརྙས་བཅོས་ཉེས་རྡུང་མང་པོ་བཏང་ཡོད་པ་དང་། ཟ་མ་མ་རེག་པ་དང་ན་ཚ་འདྲ་མིན་བྱུང་བ་སོགས་ཀྱི་དཀའ་ངལ་ཡང་མང་པོ་འཕྲད་ཡོད་འདུག ཐོག་མ་ཁོ་རང་ཚོ་རྒྱ་གར་ནས་ཡོང་སྐབས་མི་ག་ཚོད་ཡོད་མེད་ཧ་ག་མ་སོང་ཡང་ཟླ་ལོ་གཅིག་དང་ཟླ་བ་བདུན་གྱི་རྗེས་ལ་ཨེ་ཊ་ལིའི་ནང་འབྱོར་སྐབས་མི་ ༤ ་ལས་མེད་པ་དང་། དེ་དག་སུད་སིའི་ནང་གི་ཕ་སར་དེའི་དགའ་རོགས་རྡ་རམ་ས་ལ་ནས་ཡིན་པའི་ཁམས་ཕྱོགས་ཀྱི་བུ་མོ་ཞིག་ཡོད་པ་དེར་ཨ་ཧྥེ་རི་ཀའི་ནང་མི་གཞན་གྱིས་བཙན་གཡེམ་ཐེབས་ཏེ་མི་རིགས་ནག་པོའི་ཕྲུ་གུ་ནག་རིལ་རིལ་ཞིག་སྐྱེས་ཀྱང་ཡོད་འདུག ཡིན་ནའང་ཕོ་གསར་དེས་སོ་སོའི་དགའ་རོགས་ལ་སྙིང་རྗེས་མཐོང་སྟེ་ཨེ་ཊ་ལི་ནས་ཚུར་སུད་སིའི་ནང་འཐེན་ཏེ་ད་ལྟ་མི་རིགས་ནག་པོའི་ཕྲུ་གུ་དེ་དང་ཁོ་རང་གསུམ་མཉམ་དུ་བསྡད་ཡོད་པ་རེད།
འདི་གཉིས་ང་རང་གིས་དངོས་སུ་མཐོང་མཐོས་བྱུང་བའི་གནས་ཚུལ་ཞིག་ཡིན།
་་་་་་་་་་་་ ལྷོ་ཨ་ཧྥུ་རི་ཀའི་དོན་གཅོད་ཀྱི་ལག་པ་དོན་གཅོད་ཁང་ཉེ་འདབས་མ་གཏོགས་ལྷོ་ཨ་ཧྥུ་རི་ཀའི་རྒྱལ་ཁོངས་ཀྱི་ས་ཁུལ་གཞན་ལ་བསླེབ་ཐུབ་ཀྱི་མེད་པའི་རྒྱུ་མཚན་དེའི་ཐད། དཔལ་ལྡན་བཀའ་ཤག་ནས་ཀྱང་མང་ཚོགས་ལ་གསལ་བཤད་ཅིག་གནང་དགོས་པར་འདུག
ལྷོ་ཨ་ཧྥུ་རི་ཀའི་དོན་གཅོད་ཁང་གིས་༸གོང་ས་མཆོག་གི་ཆིབས་བསྒྱུར་གྱིས་མཚོན་པའི་བོད་པའི་ཆབ་སྲིད་ཐད་ལའང་ནུས་པ་ཅང་འཐོན་ཐུབ་ཀྱིན་མེད་པའི་ཐོག་ལ། ཐ་ན་བོད་མི་སྒེར་བ་ཞིག་གི་དཀའ་ངལ་གནས་སྟངས་ཀྱི་ཐད་ལའང་ཐུགས་ཁུར་རོགས་འདེགས་ཙམ་ཡང་མི་ཐུབ་ན། དོན་གཅོད་ཁང་དེ་འགྲོ་སོང་ལྷག་མ་ཞིག་རེད། ཕྱིར་བསྡུ་བྱས་བཞག་ཏག་ཏག་རེད། ་་་་་་་་་་་་་ ཟེར།
སྡེ་དགེ་ཚོགས་པ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དེ་བཞིན་ཨ་ཧྥི་རི་ཀའི་དོན་གཅོད་ལ་ཧ་ཅང་སྙིང་ན་སོང་། དེ་རིང་མཆན་འདི་ཚོ་ཡང་ཡག་པོ་འདུག་ལ། སྤྱི་ཚོགས་དྲྭ་འབུ་ཡང་དཀོན་ཙམ་གདའ།
མ་གཞི་སྤྱི་ཚོགས་དྲྭ་འབུ་དག་གིས་ནི་གནས་ཚུལ་བཟང་པོ་དག་མཐོང་མི་སྲིད་པས་ཡིན་སྲིད།
བཙན་བྱོལ་བོད་མིའི་དབུས་སྒྲིག་འཛུགས་ཀྱི་ལྷོ་ཨ་ཧྥུ་ར་ཀའི་དོན་གཅོད་སྐུ་མོ་སྣང་ས་སྣང་ས་ཆོས་སྒྲོན་ལགས་ཕྱག་བསྲིང་འདོད་ཀྱི་གཟན་ཕུ་ཐུང་དྲག་ནས་མ་སླེབས་པའི་ས་དེར། སྐྱིད་སྡུག་ཚོགས་པ་ཞིག་གི་ལག་པ་སླེབས་ཏེ་བོད་མི་གཉིས་ཀྱི་དཀའ་ངལ་སེལ་ཐུབ་པ་བྱུང་སོང་བའི་ངོས་ནས། སྡེ་དགེ་ཚོགས་པར་སྙིང་ལ་ཡི་རངས་ཞུ་འོས།
ལྷོ་ཨ་ཧྥུ་རི་ཀའི་དོན་གཅོད་ཀྱི་ལག་པ་དོན་གཅོད་ཁང་ཉེ་འདབས་མ་གཏོགས་ལྷོ་ཨ་ཧྥུ་རི་ཀའི་རྒྱལ་ཁོངས་ཀྱི་ས་ཁུལ་གཞན་ལ་བསླེབ་ཐུབ་ཀྱི་མེད་པའི་རྒྱུ་མཚན་དེའི་ཐད། དཔལ་ལྡན་བཀའ་ཤག་ནས་ཀྱང་མང་ཚོགས་ལ་གསལ་བཤད་ཅིག་གནང་དགོས་པར་འདུག
ལྷོ་ཨ་ཧྥུ་རི་ཀའི་དོན་གཅོད་ཁང་གིས་༸གོང་ས་མཆོག་གི་ཆིབས་བསྒྱུར་གྱིས་མཚོན་པའི་བོད་པའི་ཆབ་སྲིད་ཐད་ལའང་ནུས་པ་ཅང་འཐོན་ཐུབ་ཀྱིན་མེད་པའི་ཐོག་ལ། ཐ་ན་བོད་མི་སྒེར་བ་ཞིག་གི་དཀའ་ངལ་གནས་སྟངས་ཀྱི་ཐད་ལའང་ཐུགས་ཁུར་རོགས་འདེགས་ཙམ་ཡང་མི་ཐུབ་ན། དོན་གཅོད་ཁང་དེ་འགྲོ་སོང་ལྷག་མ་ཞིག་རེད། ཕྱིར་བསྡུ་བྱས་བཞག་ཏག་ཏག་རེད།
ད་རེས་ཀྱི་གནས་ཚུལ་གལ་ཆེན་འདི་ལ་མཆན་བུ་འདེབས་མཁན་དག་གི་དགོངས་ཚུལ་ཡང་གལ་ཆེན་པོ་རྐྱང་རེད་འདུག ལྷག་པར་དུ་རྣམ་རྒྱལ་ཚེ་རིང་ལགས་ཀྱི་ཚོར་ཤུགས་ཆེན་པོས་གསུངས་པའི་བཀའ་མོལ་གནང་དོན་ཁག་ལ་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཡོད་དོ།།
དྲ་གྲོགས་ཚོས་བཙན་བྱོལ་ནང་གི་བོད་མི་ཕྱི་རྒྱལ་ལ་སྐྱེལ་མཁན་མི་ཚོང་རྒྱག་མཁན་དག་གི་མིང་འདིར་འགོད་རོགས།
རྡེ་ལི་དང་རྡ་རམ་ས་ལ་ལྷོ་ཕྱོགས་སོགས་སུ་བོད་མི་དངུལ་འབོར་ཆེན་པོ་བླངས་ཏེ་ཕྱི་རྒྱལ་ལ་སྐྱེལ་མཁན་མང་ཡོད་པ་དེ་དག་གི་མིང་དང་ལོ་རྒྱུས་ཁྱབ་བསྒྲགས་བྱས་ན་ཡག་པོ་འདུག་དྲན་སོང་།
དཀའ་ངལ་མྱོང་མཁན་བུ་མོ་གཉིས་དང་སྡེ་དགེ་ཚོགས་པ། བུ་མོ་གཉིས་ཀྱི་དཀའ་ངལ་སེལ་བར་རོགས་རམ་དུ་འགྲོ་མཁན་དཀོན་མཆོག་བསྟན་འཛིན་བཅས་ཀྱིས་ཁུ་སིམ་སིམ་མ་བཞག་པར་གནས་ཚུལ་འདི་ཁྱབ་བསྒྲགས་གནང་བ་ཧ་ཅང་ཡག་པོ་འདུག
ཚོགས་པ་གཞན་ལ་མིག་དཔེ་ལྟ་དགོས་པ་ཞིག་བཟོས་པ་རེད།
དེང་གི་སྐད་འཕྲིན་ནང་དུ་མགོ་བདེ་བོ་ཚོས་བྱེད་སྟངས་སྤྱོད་སྟངས་དེ་ཧ་ཅང་ཉེན་ཁ་ཚ་བོ་ཞིག་ཆགས་འདུག ལས་དོན་ཡག་པོ་སྒྲུབ་པ་ཡང་ཡོད་པ་རེད། བོད་ནང་གི་ནད་པ་ཉམ་ཐག་ལ་ཞལ་འདེབས་སློང་བ་སོགས་ལས་དོན་གལ་ཆེན་པོ་མང་པོ་ཞིག་བསྒྲུབ་ཡོད་ཀྱང་། བཙན་བྱོལ་ནང་གི་མགོ་བདེ་བོ་གཡོ་སྒྱུ་ཅན་རེ་ཟུང་གིས་སྐད་འཕྲིན་ནང་ལ་སྐད་ཆ་བཤད་སྟངས་དང་བྱ་བ་བྱེད་སྟངས་མཐོང་ན་ངོ་མ་ཉེན་ཁ་ཞིག་མཐོང་གི་འདུག
ལྷོ་ཨ་ཧྥི་རི་ཁའི་སྐུ་ཚབ་དོན་གཅོད་ཁང་གི་བཤད་སྟངས་དེ་དངོས་གནས་སྣང་བར་འགྲོ་མ་སོང་། ཡིན་ནའང་འདས་ཚར་བའི་དོན་དག་ཅིག་བསྐྱར་དུ་གླེང་ན་སྙིང་བོ་མི་འདུག དེ་ནས་གོང་གི་མཆན་གྱི་ནང་དུ་དྲ་གྲོགས་ ལི་ཐང་བསོད་ནམས་ལགས་ཀྱིས་གསུངས་པ་དེ་ཧ་ཅང་་བདེན་པ་རེད། ཆོལ་ཁ་དང་ལུང་ཚན་དང་། སྡེ་ཤོག་ཚོ་ཁག་གཅིག་པ་འགའ་རེ་ཡས་སྐད་འཕྲིན་ཚོགས་པ་བཙུགས་ཏེ་ཧ་ཅང་རྩ་ཆེན་པོ་ཞིག་བྱེད་རྒྱུ་ཡོད་མདོག་མདོག་གིས་སྤྱི་བའི་ལས་དོན་དང་མཐུན་ལམ་ལམ་གནོད་པའི་སྐད་ཆ་དང་བྱ་བ་སྣ་ཚོགས་བརྩོམས་བཞིན་འདུག དེ་དག་ཡག་པོར་མཐོང་མ་སོང་། ཆབ་སྲིད་པ་མགོ་བདེ་བོ་ཁ་ཤས་ཀྱིས་རང་གི་ཕྱོགས་ཁག་དང་། རང་གི་ཕ་ཡུལ་གཅིག་པར་ཞེན་ཁོག་ལ་རྒྱ་ཆེན་པོ་ཡོད་མདོག་མདོག་སྟོན་གྱི་འདུག ལས་དོན་གལ་ཆེན་པོ་ཞིག་དང་མ་འོངས་པར་འཆར་གཞི་འདི་དང་དེ་བསྒྲུབ་དགོས་པ་རེད་ཅེས་འདྲ་མིན་སྣ་ཚགོས་བྱེད་མཁན་འདུག ནུས་པ་སྟོན་རྒྱུ་ཡོད་ན་ཨང་དང་པོ་སོ་སོ་ཡག་པོ་མི་གཞན་ལ་སྟོན་རིན་ཡོད་པ་ཞགི་བྱེད་དགོས་པ་རེད། ལྷད་དོན་དུ་ཕར་ཞོགས་ཀྱིས་ཅིག་བྱེད་ཀྱིན་འདུག སྐད་ཆ་ཡར་ཡར་ཤོད་ཀྱི་འདུག་མར་མར་ཤོད་ཀྱི་འདུག བྱ་བ་ཡར་ཡར་བྱེད་ཀྱིན་འདུག་མར་མར་བྱེད་ཀྱིན་འདུག་ཅེས་མང་པོ་བཤད་མཁན་དེ་ཚོས་དཀྲུག་ཤིང་རྒྱག་གི་ཡོད་རེད།
དེང་སང་སྐད་འཕྲིན་ནང་དུས་ཚོད་སྐྱེལ་མཁན་མང་ཆེ་བ་ཤེས་ཡོན་དེ་ཙམ་མེད་མཁན་གྱི་མང་ཚོགས་དཀྱུས་མ་ཡིན་པར་བརྟེན། རང་ལ་ཆེ་མཐོང་ཡོང་ཐབས་དང་ཕུགས་ཀྱི་དམིགས་ཡུལ་ཞིག་གི་ཆེད་དུ་ཁ་སྙན་མདོག་ཁ་བོ་དང་ལྷག་བསམ་ཆེ་མདོག་ཁ་བོས་ཐོག་ནས་མང་ཚོགས་ལ་མགོ་སྐོར་གཏོང་མང་པོ་འདུག་པ་དེ་དག་ཁྱོན་ནས་ཡག་པོ་མི་འདུག གནད་དོན་འདིའི་ཐོག་ང་རང་ལ་སེམས་ཚོར་ཆེན་པོ་ཡོད།།
ད་རེས་སྡེ་དགེ་ཚོགས་པས་སྐད་གྲགས་ཆེན་པོ་བཞག་གནང་སོང་། ཁ་ཙམ་མིན་པར་སྤྱི་ཚོགས་ཞབས་ཞུ་དངོས་སུ་ལག་ལེན་འཁྱལ་མཁན་སྡེ་དགེ་ཚོགས་པ་དང་གནས་ཚུལ་གལ་ཆེན་གྱི་གཏམ་བཟང་དེ་ཁྱབ་བསྒྲགས་གནང་མཁན་བོད་ཀྱི་དུས་བབ་གཉིས་ཀར་ཐུགས་རྗེ་ཆེ་ཞུ། འདི་དང་འབྲེལ་ནས་བསམ་ཚུལ་ཟེར་ན་འདྲ་དོགས་པ་ཟེར་ན་འདྲ་སྐད་ཆ་ཁ་ཤས་ཤིག་མི་ཞུ་རང་ཞུ་ཐུག་སོང་།
ཐོག་མ་དེ་ལ་དོགས་འདྲི་ཁ་ཤས་འདུག དཀོན་མཆོག་བསྟན་འཛིན་ཁོང་ཕར་ལྷོ་ཨ་ཧྥི་རི་ཁའི་ནང་ཕེབས་སྐབས་དེ་རང་ལ་བུ་མོ་གཉིས་ཚུར་འཐེན་མ་ཐུབ་པར་ལོ་གཅིག་ལྷག་རིང་ཕར་ཕྱོགས་ཀྱི་དཀའ་ངལ་འོག་ནས་ལྷག་དགོས་དོན་ག་རེ་ཡིན་ནམ། གཅིག་བྱས་ན་ཡིག་ཆ་བཟོ་བ་དང་སྐྱབས་བཅོལ་ག་བ་འགྲོ་ཡུལ་སོགས་ཐབས་ཤེས་འཚོལ་ཞིབ་བྱེད་པ་སོགས་ལ་དཀའ་ངལ་ཡོད་སྲིད་པ་ཞིག་རེད། འདི་ལ་རྒྱུ་མཚན་གཞན་མེད་པར་ང་རང་གིས་ཤེས་འདོད་ཙམ་ཡིན།
གཉིས་པ་དེ་གོང་གི་གནས་ཚུལ་དང་བུ་མོ་དེ་གཉིས་ཀྱི་པར་དང་མིང་སོགས་གསལ་བོ་མི་འདུག ཁོ་རང་གཉིས་ལ་མགོ་སྐོར་གཏོང་མཁན་སྐལ་བཟང་རྒྱལ་མཚོ་ཟེར་བའི་མི་ངན་དེ་ཁོ་རང་སྒེར་གྱི་ལོ་རྒྱུས་དང་གནས་ཚུལ་གསལ་བོ་ཞིག་མི་འདུག བུ་མོ་གཉིས་ལ་མཚོན་ན་གཅིག་བྱས་ན་པར་དང་མིང་ཕྱི་ལོག་ལ་ཁྱབ་བསྒྲགས་བྱས་ན་མི་འགྲིག་པ་མང་པོ་ཞིག་ཡོད་སྲིད་ཀྱང་། མིའི་ནག་འཚོང་རྒྱག་མཁན་དང་། ལྷག་པར་དུ་བོད་པ་རང་གི་སྤྱི་ཚོགས་ནང་གི་མི་ཉམས་ཆུང་དེ་འདྲ་ལ་མགོ་གཡོག་མགོ་སྐོར་གཏོང་མཁན་ཐ་ཤལ་དེ་རིགས་ངེས་པར་དུ་སྤྱི་ཚོགས་ནང་ཁྱབ་བསྒྲགས་བྱེད་དགོས་པ་རེད། ད་རེས་ཀྱི་གནས་ཚུལ་འདི་གཅིག་པོ་མ་རེད་ལྡི་ལི་མ་ཅེང་ཊེ་ལ་དང་རྡ་རམ་ས་ལ་སོགས་སུ་ལས་ཀ་འདི་རིགས་བྱས་ཏེ་མིའི་ལག་ནས་དངུལ་འབུམ་བཅུ་བཅོ་ལྔ་བླངས་ཏེ་མགོ་སྐོར་གཏོང་མཁན་སྡུག་པོ་ཧ་ལས་པ་མྱོང་མཁན་ཧ་ཅང་མང་པོ་འདུག འདི་དག་གིས་མི་ཚོང་རྒྱག་གི་ཡོད་པ་ཡིན་དུས་རྒྱལ་སྤྱི་དང་རྒྱལ་ཁབ་སོ་སོའི་ཁྲིམས་ལ་འགལ་ཡོད་པ་མ་ཟད། བོད་པ་རང་གི་སྤྱི་ཚོགས་ནང་ལ་མཚོན་ན་ཡང་ཁྲམ་པ་མགོ་སྐོར་གཏོང་མཁན་གྱི་མི་ངན་དང་། རང་གི་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་གི་མི་ཚོས་ལག་ནས་དངུལ་བླངས་ཏེ་གཞན་ལ་འཚོང་མཁན་དེ་ཆགས་ཡོད་པ་རེད། འདི་དག་སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱས་ཏེ་ཚང་མས་མཐའ་གཅིག་ཏུ་ངོ་རྒོལ་རྒྱག་དགོས་པ་རེད།
བསམ་ཚུལ་གལ་ཆེ་ཤོས་ཤིག་ཞུ་རྒྱུ་ཡོད་པ་དེ། བཙན་བྱོལ་བོད་གཞུང་གི་ལྷོ་ཨ་ཧྥི་རི་ཁའི་སྐུ་ཚབ་དོན་གཅོད་ཁང་གིས་(ང་ཚོའི་དོན་གཅོད་ཡོད་ས་དང་། བུ་མོ་གཉིས་ཡོད་སའི་ས་ཆ་གཉིས་ཧ་ཅང་ཁ་ཐག་རིང་པོ་རེད། ང་ཚོའི་ནུས་པས་སྙོབ་ཀྱི་མི་འདུག)ཞེས་ཁ་ཡ་མ་བྱས་པར་བཞག་པ་དེ་ཧ་ཅང་ཐབས་སྐྱོ་བོ་རེད། སྡེ་དགེ་ཚོགས་གཙོའི་ངོས་ནས་(དངོས་འབྲེལ་ཡུལ་དུས་དང་། གནད་དོན་གཞན་གྱིས་རྐྱེན་པས་གཞུང་འབྲེལ་ལག་པ་འཆིང་མ་བདེ་བ་ཡོད་སྲིད་པ་རེད།) ཅེས་བརྗོད་འདུག་པ་འདི་རྩ་བའི་བོད་པའི་བཟང་སྤྱོད་ཅིག་ཡིན་སྲིད་པ་རེད། ཡང་ན་ཚར་ཟིན་པའི་གནས་ཚུལ་ཞིག་བསྐྱར་གླེང་བྱས་ན་ཕན་ཐོག་མི་འདུག་དགོངས་ཀྱི་ཡོད་པ་རེད། ངན་པ་དེར་ཐད་ཀར་མཛུབ་མོ་བཙུགས་ཏེ་འཐེར་འདོན་མ་བྱས་ན་ཁོ་རང་ཚོའི་མགོ་བདེ་དྲན་འཁྲུལ་གྱི་བཤད་སྟངས་སྤྱོད་སྟངས་དེ་དག་ལམ་ལྷུང་ཡོང་གི་ཡོད་པ་དང་རྒྱ་ཆེའི་མང་ཚོགས་ལ་མགོ་སྐོར་གཏོང་ཐུབ་ཀྱི་ཡོད་སྣང་ཤར་ད་དུང་མ་འོངས་པར་ཡང་དེ་རིགས་ལ་ཁ་ཡ་མི་བྱེད་པར་ཁ་ཡར་དཀྱོག་མར་དཀྱོག་བྱས་ཏེ་ངན་པ་སྐྱག་ལངས་ལ་ཤོར་རྒྱུའི་ཉེན་ཁ་ཡོད་པ་རེད།
ང་ཚོས་བསམ་བློ་ཞིབ་ཚགས་བཏང་ན་འདི་ལ་ཧ་མ་གོ་རྒྱུ་དང་མགོ་ཉོག་པོ་ཆགས་ས་གང་ཡང་ཡོད་པ་མ་རེད། ལྷོ་ཨ་ཧྥི་རི་ཁའི་སྐུ་ཚབ་དོན་གཅོད་དེ་ལྷོ་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཡོངས་ལ་ཁྱབ་ཀྱི་ཡོད། ལྷོ་ཨ་ཧྥི་རི་ཁ་ཕྱོགས་ཀྱི་རྒྱལ་ཁབ་ཆེ་ཆུང་ཚང་མ་དོན་གཅོད་དེ་ག་རང་གི་འོག་ཏུ་ཚུད་དགོས་ཞེས་བཙན་བྱོལ་བོད་གཞུང་གིས་གསུང་གི་ཡོད་པ་རེད། ད་རེས་ཀྱི་གནས་ཚུལ་འདི་གལ་ཆུང་དོན་ཆུང་ལ་མཐོང་སྟེ་སྣང་མེད་བཏང་བ་རེད་དམ། ཡང་ན་དངོས་གནས་དྲང་གནས་ཐབས་ཤེས་མེད་པ་དང་བརླག་མ་འཁེལ་བ་རེད། འདིའི་ནང་དུ་རྒྱུ་མཚན་གཞན་པ་ཆབ་སྲིད་ཀྱི་དཀའ་ངལ་སོགས་ཡར་མར་གང་ལ་ཡང་ཁ་གཡོར་ས་ཡོད་པ་མ་རེད། དེ་གསལ་བོ་གསལ་རྐྱང་རེད། ང་ཚོའི་དོན་གཅོད་ཁག་ཚང་མ་བདེ་དོན་དང་ཐེབས་རྩ། ཆོས་རིག་འཛིན་སྐྱོང་དེ་འདྲའི་མིང་ཐོག་ནས་དེབ་སྐྱེལ་བྱས་ཡོད་པའི་སྒྲིག་འཛུགས་རྐྱང་རྐྱང་རེད། སྲོག་གཉེན་ལ་ཐུག་ཡོད་པའི་མི་གཅིག་གི་དཀའ་ངལ་ཡང་སེལ་མི་ཐུབ་ན། དེ་ལས་ལྷག་གི་གལ་གནད་ཆེ་བའི་ལས་དོན་ཅི་ཞིག་སྒྲུབ་ཐུབ་ཀྱི་ཡོད་དམ། ཡང་ན་འདི་ལས་ཆུང་ཚགས་ཀྱི་ལས་ཀ་ཙག་ཙིག་ཅི་ཞིག་མ་མགོ་འཐོམ་ནས་བསྡད་ཡོད་པ་རེད་དམ། འདི་དངོས་གནས་དྲང་གནས་གསལ་བོ་བཟོ་དགོས་པ་ཞིག་རེད། ལོ་ལྟར་བཙན་བྱོལ་བོད་གཞུང་གི་འགྲོ་སོང་ཆེ་ཤོས་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ཆགས་ཀྱི་ཡོད་པ་ང་ཚོས་གསལ་བོར་མཐོང་གི་ཡོད་པ་རེད། འདི་ཕྱི་རྒྱལ་ཁག་གི་ཛ་ཐང་གིས་རྐྱེན་པས་ཡིན་ནའང་དེ་ལ་འབབ་པའི་ལས་དོན་ཞིག་སྒྲུབ་ཐུབ་དགོས་པ་རེད་ལ། ལྷག་དོན་དུ་ད་རེས་ཀྱི་གནས་ཚུལ་འདི་ལྟ་བུའི་ཛ་དྲག་བྱུང་སྐབས་དོན་གཅོད་ལས་ཁང་གིས་མི་སྙོབ་ན་མིང་ཆེན་པོ་ཞིག་དང་འགྲོ་སོང་ཆེན་པོ་ཞིག་བཏང་པའི་དགོས་པ་ག་རེ་ཡོད་རེད། འདི་སེམས་ཚོར་ཆེན་པོའི་ཐོག་ནས་ཞུ་འདོད་བྱུང་སོང་།
ཚོགས་པ་འདིས་ལས་དོན་ཡག་པོ་ཞིག་བསྒྲུབ་པ་ལ་སྙིང་ནས་ཐུགས་རྗེ་ཞུ་རྒྱུ་དང་། ང་ཚོར་ལུང་ཚན་གྱི་ཚོགས་པ་སྐྱིད་སྡུག་ཁག་དགོས་པའི་རྒྱུ་མཚན་ཀྱང་དེ་ག་རང་རེད། ཚོགས་སྡེ་གཞན་དག་གིས་ལག་པ་སྙོབས་མི་ཐུབ་སར་ཚོགས་པ་སྐྱིད་སྡུག་ཁག་གིས་ལག་པ་བསྲིང་ཐུབ་པ་པ་མ་ཟད། ཧུར་བརྩོན་ཡག་པོ་བྱས་ཡོང་བ་འདི་ཚོགས་པ་སྐྱིད་སྡུག་ཁག་དགོས་པ་དང་། དགོས་པ་མ་ཚད་མུ་མཐུད་དགོས་པའི་དོན་གནད་གལ་ཆེན་དེ་རེད།
འོན་ཀྱང་འདི་ནས་བློ་ངོར་མི་བདེ་བ་ཞིག་བྱུང་བ་ནི་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཟེར་བ་འདིའི་མིང་བྱང་འདི་རེད། རྩ་བའི་ཚོགས་པ་ཁག་གི་མིང་གང་ཞིག་ཡིན་ཡང་མིག་གིས་མཐོང་མ་ཐོག་མིང་འདི་འདོག་དགོས་པར་རྒྱུ་མཚན་རྒྱབ་ལྗོངས་འདི་འདྲ་ཞིག་ལོས་ཡིན་སྙམ་པ་རེ་ཤར་རྒྱུ་འདུ་ཀྱང་། སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ལབ་དུས་སྡེ་དགེ་རྒྱལ་ཁབ་ཟེར་བ་ཞིག་ཟུར་དུ་ཡོད་དགོས་པ་ཞིག་དང་། དེ་ཡང་ད་ལྟ་རང་བཙང་རྒྱལ་ཁབ་གཙང་མ་ཞིག་གི་ངོ་བོར་གནས་ལོས་ཡོད་སྙམ་པ་ཞིག་ལས་གང་ཡང་འཆར་རྒྱུ་མི་འདུག
སྔོན་ཆད་སྡེ་དགེ་རྒྱལ་བོ་ཟེར་བ་ཞིག་བྱུང་བ་དང་། དེར་གནས་པའི་ཡུལ་མིའི་ཚོགས་པ་ལ་རྒྱལ་ཡོངས་ཞེས་ལབ་དགོས་བྱུང་ན། ཙོང་ཁའི་རྒྱལ་ཡོངས་ལྷན་ཚོགས་དང་། ཅོག་རི་རྒྱལ་ཡོངས་ལྷན་ཚོགས། དེ་བཞིན་མི་ཉག་རྒྱལ་ཡོངས་ལྷན་ཚོགས། ད་དུང་མངའ་རིས་རྒྱལ་ཡོངས་ལྷན་ཚོགས་སོགས་ཀྱང་འདོག་ཆོག་པར་སེམས། སྤྱིར་ཡུལ་ལུང་གང་ཞིག་ལ་མིང་མ་འདྲ་རེ་རེ་འདོག་ཆོག་ཀྱང་། རྒྱལ་ཁོངས་གཅིག་གི་འོག་ལ་རྒྱལ་ཁབ་གཉིས་ཀྱི་མིང་འདོག་མི་རུང་བ་ནི་ད་ལྟའི་གནས་བབ་ལས་ཀྱང་ཧ་ཅང་གསལ། རྒྱལ་ཡོངས་ཟེར་བའི་དོན་ནི་མིང་དེའི་བདག་པོ་རྒྱལ་ཁབ་ཅིག་ཟུར་དུ་ཡོད་པ་དང་། དེའི་ཁྱབ་ཁོངས་ཀྱི་ཡུལ་སྡེ་མི་སྡེ་ཡོངས་ལ་རྒྱལ་ཡོངས་ཞེས་འདོག་པར་སེམས།
འོན་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཟེར་བའི་མིང་འདི་ལ་དགོས་པ་རྒྱུ་མཚན་དམིགས་བསལ་བ་རེ་ཡོད་སྲིད་མོད། མིང་འདི་འདོག་དགོས་པའི་རྒྱབ་ལྗོངས་དངོས་ལ་ཆ་རྒྱུས་གང་ཡང་མ་བྱུང་། གློ་བུར་མིང་འདི་མཐོང་བར་བློར་མ་བདེ་བ་ཞིག་བྱུང་འཕྲལ་མཆན་འདི་བཏབ་པ་ཡིན། གལ་སྲིད་སྟབས་བདེ་བྱུང་ན་གོང་བཀོད་མིང་འདི་བྱུང་བའི་རྒྱབ་ལྗོངས་དང་རྒྱུ་མཚན་སོགས་འགྲེལ་བརྗོད་རེ་གནང་རོགས། བཀའ་དྲིན་ཆེ། ལྷག་བསམ་རྣམ་དག་གིས་བཤད་པ་ཙམ་ལས། ཅོ་འདྲི་དང་ཁྱད་གསོད་སོགས་གང་ཡང་མིན་ནོ།
ངོ་མ་ལས་དཀའ་ཡག་པོ་བྱས་འདུག
སྤུན་ཟླ་དག་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
གནད་དུ་སྨིན་པའི་ལག་རྗེས་ཤིག་བཞག་གནང་འདུག་པས་འབྲེལ་ཡོད་ཕྱག་རོགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ།
ད་རེས་སྡེ་དགེ་སྐད་འཕྲིན་ཚོགས་པས་ལས་དོན་འགྲུབ་འབྲས་ལྡན་པ་གནང་འདུག ཐུགས་རྗེ་ཆེ། སྤྱིར་བཏང་དེང་སྐབས་སྐད་འཕྲིན་ཚོགས་པ་འདྲ་མིན་བཟོས་ཏེ་ཆོལ་ཁ་ཆོས་ལུགས་དང་། ལུང་ཚན་ཕན་ཚུན་དཀྲུག་ཤིང་གི་ལས་ཀ་མང་པོ་བྱེད་ཀྱིན་འདུག དེ་ཚོ་ཁྱོན་ནས་ཡག་པོ་མ་རེད། ཚོགས་པ་དེ་དག་བཟོ་མཁན་དང་། དེ་དག་ནང་སྐད་ཆ་ཤོད་མཁན་མང་ཆེ་བས་ཤ་ཚ་ཡོད་མདོག་མདོག་གིས་མཐར་གཏུགས་ན་དངོས་ཤུགས་བརྒྱུད་གསུམ་གང་རུང་ཞིག་བརྒྱུད་ནས་རང་གི་དམིགས་ཡུལ་ཞིག་གམ་ཡང་ན་རང་དོན་ཞིག་སྒྲུབ་བཞིན་འདུག
མི་ཡག་པོ་སྤྱིར་བར་བསམ་བློ་གཏོང་ཐུབ་མཁན། སློབ་སྦྱོང་དང་བསམ་བློ་ཡག་པོ་ཡོད་མཁན་དེ་ཚོས་སྐད་ཆ་མང་པོ་ཤོད་ཀྱི་མི་འདུག ག་ལེར་ཚོགས་པའི་ནང་ནས་འཐོན་འགྲོ་བཞིན་འདུག ཡིན་ནའང་མི་ཁ་ཤས་ཀྱིས་རང་གི་ལུང་ཚན་དང་རང་གི་ཕྱོགས་གཏོགས་ལ་ཤ་ཚ་ཞེན་ཁོག་ཆེན་པོ་ཡོད་མདོག་མདོག་གི་སྐད་ཆ་མང་པོ་བཤད་དེ། སོ་སོས་ད་བར་བོད་སྤྱི་བར་ག་རེ་བྱས་པ་དང་རང་གི་ལུང་ཚན་ལ་ག་རེ་སྒྲུབ་ཡོད་མེད་ལ་མ་ལྟ་བར། ཁ ཆེན་པོ་ལྡང་ནས་ཅིག་ཅིག་བྱེད་དགོས་པ་རེད་མིག་མིག་བཟོ་དགོས་པ་རེད་ཟེར་ནས་འཆར་གཞི་དང་བསམ་ཚུལ་མང་པོ་ཤོད་ཀྱི་འདུག འདི་དག་གྲས་ཁྱོན་ནས་ཡག་པོ་མ་རེད། བོད་སྤྱི་བར་ཕན་ཐོགས་ཏུལ་འབྲུ་ཙམ་མེད་པ་མ་ཟད་རང་གི་ལུང་པ་དང་རང་གི་ལུང་ཚན་སོགས་ལའང་ཕུགས་ལ་ཕན་ལས་གནོད་ཆེན་པོ་ཞིག་བསྐྱེལ་བཞིན་ཡོད་པ་རེད། སྐད་འཕྲིན་ཚོགས་པ་རེ་ཟུང་ནང་མི་མང་པོས་ཡར་བཤད་མར་བཤད་བྱས་ཏེ། རང་གི་ལུང་ཚན་དང་ཕྱོགས་གཏོགས་ཚོས་ག་རེ་བྱེད་དགོས་མིན་དང་། ཆོལ་ཁ་གཞན་དང་ལུང་ཚན་གཞན་གྱི་སྐོར་ལ་རྣམ་འགྱུར་འཛིན་སྟངས་དང་བྱ་བ་བྱེད་ཕྱོགས། ཐ་ན་ཁོ་ཚོ་དང་ལས་ཀ་ག་རེ་བྱེད་དགོས་དང་མི་དགོས། ཐ་ན་ལས་ཁུངས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་འདྲའི་སྐོར་ལ་སྐད་ཆ་སྣ་ཚོགས་བཤད་དེ། བསམ་བློ་ཆེ་སར་གཏོང་མི་ཐུབ་པར་ཕར་ཕྱོགས་ནས་བཤད་སྟངས་ལས་སྟངས་ཆུང་ཆུང་ཞིག་འགྲིག་མ་འགྲིག་དང་སོ་སོའི་སྣང་བར་འགྲོ་མ་འགྲོ་ཙམ་གྱི་གནས་སྐབས་ཀྱི་དོན་དག་ཆུང་ཆུང་ཞིག་ལ་ལྟོས་ཏེ། དེ་ལ་སྡུག་ཅག་ག་རེ་བྱེད་དགོས་མིན་དང་གནོན་ཤུགས་ག་རེ་སྤྲོད་དགོས་མིན་སོགས་ཀྱི་སྐོར་ལ་སྐད་ཆ་བཤད་དེ་འཆར་གཞི་སྒྲིག་མཁན་དེ་འདྲ་ཡང་ཐོས་སོང་། འདི་དག་རྩ་བ་ཉིད་ནས་ཡག་པོ་མ་རེད། སྤྱིར་བཏང་སྐད་འཕྲིན་ནང་ན་ལས་ཀ་ཡག་པོ་བྱེད་མཁན་དེ་འདྲ་ཡོད་རེད། དཔེར་ན་ད་རེས་ཀྱི་སྡེ་དགེ་ཚོགས་པའི་ལས་དོན་ལྟ་བུ་རེད། ཡིན་ནའང་ལས་ཀ་སྡུག་ཅག་བྱེད་མཁན་དང་སྐད་ཆ་སྤྱིར་བར་གནོད་པ་དེ་འདྲ་ཤོད་མཁན་ཚོ་དངོས་གནས་དྲང་གནས་ཡག་པོ་མ་རེད་ཞུ་གི་ཡོད།
ང་རང་ལ་མཚོན་ན་སོ་སོ་མདོ་སྟོད་ཀྱི་མི་ཞིག་ཡིན། ཚོགས་པ་དེ་འདྲ་ཁ་ཤས་ནང་ཉམས་མྱོང་དེ་འདྲ་དངོས་སུ་མཐོང་ཐོས་བྱུང་སྟེ་ཉམས་མྱོང་བསགས་པའི་དབང་གིས་ཞུ་གི་ཡདོ། ཆོལ་ཁ་གཞན་པའི་ནང་དུའང་དེ་འདྲ་ཡོད་པ་གོ་ཐོས་བྱུང་སོང་། ཚོགས་པ་སྐྱིད་སྡུག་གཞན་དང་མི་སྒེར་དེ་འདྲའི་སྐོར་ལ་སྐད་ཆ་འདྲ་མིན་བཤད་དེ་སྤྱི་ཚོགས་གཏོར་ཤིག་གི་སྐད་ཆ་མང་པོ་ཤོད་མཁན་འདུག དེང་སྐབས་སྐད་འཕྲིན་ཚོགས་པ་ཟེར་བ་དེའི་ནང་དུ་མི་བརྒྱ་དང་གཉིས་བརྒྱ་ཡོད་པ་རེད། བོད་ཕྱི་ནང་གཉིས་ནས་ཡོད་པ་རེད། ཚོགས་མི་མང་ཆེ་བའི་མིང་དང་ས་གནས་སོགས་དངོས་གནས་དེ་གང་ཡིན་ག་བ་ནས་ཡིན་ཤེས་ཀྱི་ཡོད་པ་མ་རེད། ཆབ་སྲིད་འཁྲབ་མཁན་དང་མི་མགོ་བདེ་བོ་དེ་འདྲས་གོ་སྐབས་བཟུང་སྟེ་སྐད་ཆ་འདྲ་མིན་བཤད་པ་དེ་དག་ཕྱི་ལོག་ལ་ཁྱབ་ནས་འགྲོ་བཞིན་ཡོད་པ་རེད། ལྷག་པར་དུ་བོད་ནང་དང་རང་གི་ཕྱོགས་གཏོགས་དང་འབྲེལ་བ་མེད་མཁན་དེ་འདྲས་གོ་ཐོས་བྱུང་བ་ཡིན་ན། སྤྱི་ཚོགས་ནང་དཀྲོག་གཏམ་ཆེན་པོ་ཆགས་ཏེ་བོད་སྤྱི་ཚོགས་ལ་དཀྲུག་ཤིང་སློང་རྐྱེན་ཆགས་ཀྱི་ཡོད་པ་རེད། ང་རང་ལ་མཚོན་ན་སོ་སོ་དང་འབྲེལ་བ་ཡོད་པའི་ཚོགས་པ་དེ་འདྲའི་ནང་དུའང་སྐད་ཆ་འདྲ་མིན་ཤོད་ཀྱི་ཡོད་པ་ཐོས་སོང་ལ། སོ་སོ་དང་འབྲེལ་བ་མེད་པའི་ལུང་ཚན་ཕྱོགས་ཁག་དེ་འདྲའི་ཚོགས་པའི་ནང་དུའང་ཧ་ལམ་མི་ནོར་ནས་ཚོགས་པའི་ནང་བཅུག་པ་མིན་འགྲོ། གང་ལྟར་ཉི་མ་ཁ་ཤས་ལ་ཚོགས་པ་དེ་འདྲའི་ནང་མི་གཞན་གྱིས་བཅུགས་ནས་སྐད་ཆ་སྣ་ཚོགས་ཤོད་་བཞིན་ཡོད་པར་ཉན་རྒྱུ་བྱུང་སོང་། ཁྱོན་ནས་ཡག་པོ་མི་འདུག ཚོགས་པ་ཁ་ཤས་ནང་གི་སྐད་ཆ་ཤོད་སྟངས་དང་ལས་ཀ་བྱེད་སྟངས་དེ་ཧ་ཅང་ཐབས་སྐྱོ་བོ་རེད། མི་རེ་ཟུང་གིས་ཤ་ཚ་སེམས་ཤུགས་ཡོད་མདོག་མདོག་གིས་བསམ་ཚུལ་འདྲི་མིན་བཤད་པ་དེ་དག་ཉེན་ཁ་ཆེན་པོ་ཞིག་མཐོང་སོང་། ཞིབ་ཚགས་མོར་བལྟས་ཡོང་ན། སྐད་འཕྲིན་ཚོགས་པ་དེ་འདྲའི་ནང་བསམ་ཚུལ་སྣ་ཚོགས་བཤད་དེ་འཆར་གཞི་འདྲ་མིན་བཟོ་མཁན་མང་ཆེ་བ་སློབ་སྦྱོང་དང་བསམ་བློ་མེད་མཁན་མགོ་བདེ་བོ་དེ་འདྲ་རྐྱང་རྐྱང་རེད། ཡིན་ནའང་ཁོ་རང་ཚོས་བཤད་སྟངས་བྱེད་སྟངས་ཀྱི་ཐོག་ནས་མི་གཞན་པ་མགོ་སྐོར་ཐབས་ལ་ཁོ་རང་ཚོ་ཧ་ཅང་དྲང་མོ་ཡིན་མདོག་སྟོན་གྱིན་འདུག འདི་ང་རང་གིས་སྔོན་མ་ནས་བཤད་དགོས་བསམ་བསྡད་ཡོད་པའི་སྐད་ཆ་ཞིག་ཡིན། ཡིན་ནའང་ངས་ད་རེས་སྡེ་དགེ་ཚོགས་པ་དེ་འདྲ་ཞིག་རེད་རྩ་བ་ཉིད་ནས་ཞུ་གི་མེད། གསན་ཕྱོགས་ནོར་ན་ཡག་པོ་མི་འདུག ཁྱོད་རང་ཚོས་ཁ་ཡོད་ལག་ཡོད་ཀྱི་ལས་ཀ་གལ་ཆེན་པོ་ཞེ་དྲག་གནང་འདུག་སྔགས་བརྗོད་ཡོད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཡིན་ན་རེད། ཁ་སང་དེ་རིང་གི་སྐད་འཕྲིན་ཚོགས་པ་དྲ་རྒྱའི་ནང་གི་ཚོགས་པ་དེ་འདྲ་ཡིན་ན་རེད་མིག་དཔེ་ལྟ་འོས་པ་ཞིག་དང་། ཕན་ཚུན་ལ་སྐུལ་མ་བྱས་ཏེ་འདི་ལྟ་བུའི་ལས་དོན་བཟང་པོ་བསྒྲུབ་རྒྱུའི་ཕྱོགས་ལ་ནུས་པ་དང་སྣེ་འཁྲིད་བྱེད་ཐུབ་པའི་བྱ་བ་ཞིག་རེད། མཐའ་དོན་སླར་ཡང་ང་རང་གིས་ལག་པ་གཉིས་ཐལ་མོ་སྦྱར་ནས་ཞུ་རྒྱུ་ཞིག་ལ། སྐད་འཕྲིན་ཚགོས་པ་དེ་འདྲས་སྤྱི་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། ལྷག་པར་དུ་ཆབ་སྲིད་པ་དང་མི་མགོ་བདེ་བོ་དེ་ཚོས་སྐད་འཕྲིན་ཚོགས་པའི་ནང་སྤྱི་སྒེར་གཉིས་ཀར་མི་ཕན་པའི་སྐད་ཆ་དང་འཆར་གཞི་དེ་འདྲ་མ་བསྒྲིག་རོགས་ཟེར་ནས་འབོད་སྐུལ་ཞུ་བཞིན་ཡོད། ཐུགས་རྗེ་གཟིགས།་༢༠༡༥།༣།༠༡
སྡེ་དགེ་ཚོགས་པ་ལ་སྙིང་ཁུངས་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ། བཙན་བྱོལ་སྤྱི་ཚོགས་ནང་ལ་ཚོགས་པ་ཆེ་ཆུང་བགྲང་ལས་འདས་པ་ཡོད་ཀྱང་། ཞལ་འདེབས་སློང་བ་དང་མར་མེ་ཁྲོམ་སྒྲོར་གོ་སྒྲིག་བྱེད་པ་མ་གཏོགས་འདི་ལྟ་བུའི་ཁ་ཡོད་ལག་ཡོད། གྲུབ་འབྲས་འབར་ཐོན་ཅན་གྱི་ཕྱག་ལས་གནང་མཁན་གཅིག་ཀྱང་ད་བར་བྱུང་ཡོད་པ་མ་རེད།
བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་མཆོག་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། བཙན་བྱོལ་སྤྱི་ཚོགས་ནང་ན་མང་ཤོས་དེ་གསར་འགོད་པ་ཡིན་ཟེར་མཁན་དེ་ཚོ་དང་ཅིག་ཅིག་གསར་ཁང་མིག་མིག་གསར་ཁང་ཟེར་བ་དེ་དག་རེད། ཡིན་ནའང་སྤྱི་ཚོགས་ནང་གི་གནད་དོན་གལ་ཆེན་པོ་དག་མཐོང་གི་ཡོད་པ་མ་རེད། བོད་ཀྱི་དུས་བབ་ཀྱིས་ག་དུས་ཡིན་ནའང་འཇིགས་ཞུམ་བྲལ་བ་དང་ངོ་ཁྱད་ངོ་མེད་གང་ཡང་མི་བྱེད་པར་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་དེའི་མགོ་བོད་གཞུང་བཀའ་ཤག་ལས་ཁུང་དང་གཤམ་འོག་ས་གནས་ཁག་གི་སློབ་གྲྭ་དང་དགོན་སྡེ། མཐའ་འཁོབ་སྤྱི་ཚོགས་གསེང་གི་གནས་ཚུལ་དག་བཅས་སྔོག་འདོན་བྱས་ཏེ་གསར་འགོད་པ་ཚོས་དཀའ་ལས་བརྒྱབ་ནས་ཞིབ་འཇུག་རྩད་གཅོད་དང་བཅར་འདྲི་སོགས་བྱས་ནས་སྤྱི་ཚོགས་དང་མི་མང་གི་མིག་ལ་བསྟར་ཡོང་བ་འདི་ཧ་ཅང་བྱ་བཞག་རླབས་ཆེན་རེད། བོད་པའི་རྩ་དོན་བསྒྲུབ་པ་ཟེར་ན་འདྲ་སྤྱི་ཚོགས་སྣེ་འཁྲིད་ལམ་སྟོན་དང་ཞབས་ཞུ་ཟེར་ནའང་འདི་རེད། ད་རེས་ཀྱི་གནས་ཚུལ་འདི་ཡང་ཧ་ཅང་གལ་ཆེན་པོ་མིག་དཔེ་ལྟ་འོས་པ། ཁ་ཡོད་ལག་ཡོད་ཀྱི་ལས་དོན་རྩ་ཆེན་པོ་ཞིག་སྒྲུབ་ཡོད་ཡིན་ནའང་ད་བར་ལོ་གཅིག་ལྷག་འགྲོ་བཞིན་ཡོད་ཀྱང་བདག་པོ་རྒྱག་མཁན་བྱུང་ཡོད་པ་མ་རེད། ང་ཚོའི་གསར་ཁང་དང་གསར་འགོད་པ་གསར་འགྱུར་གྱི་དགོས་དོན་ཉིང་དགོས་དེ་གནས་ཚུལ་འདི་རིགས་རེད་ལ་ང་ཚོའི་སྤྱི་ཚོགས་ནང་གི་ཚོགས་པ་སྐྱིད་སྡུག་མང་པོ་ཞིག་ཡོད་ཀྱང་འབུར་དུ་ཐོན་པ་དང་སྐད་གྲགས་ཆེན་པོ་མེད་པར་ཁུ་སིམ་སིམ་མིའི་ཚེ་སྲོག་སྐྱོབ་པའི་ལས་དོན་དང་འབྲེལ་བ་ཡོད་པ་དང་སྤྱི་ཚོགས་མགོ་རྔ་ཚང་མས་དམིགས་དཔེ་དང་སློབ་སྦྱོང་བྱེད་དགོས་པའི་ཕྱག་ལས་རླབས་ཆེན་པོ་འདི་འདྲ་སྒྲུབ་དང་སྒྲུབ་མཁན་དེ་ཚོགས་པ་སྐྱིད་སྡུག་མིང་དོན་མཚོངས་པ་དེ་རེད་བསམ་གྱི་འདུག མཐའ་མ་སླར་ཡང་ སྡེ་དགེ་རྒྱལ་ཡོངས་ཚོགས་པ་དང་ཚོགས་པའི་ཚོགས་གཙོ་དྲི་མེད་རྒྱལ་མཚན། ལྷོ་ཨ་ཧྥི་རི་ཀའི་ནང་ཕེབས་མཁན་དཀོན་མཆོག་བསྟན་འཛིན། དེ་བཞིན་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་མཆོག་དང་གསར་འགོད་པ་པད་མ་མཚོ་འབྲེལ་ཡོད་ཚང་མ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
འདི་ལྟར་མི་གཞན་གྱི་ངན་གཡོའི་འོག་ཏུ་བྱ་བ་སྒྲུབ་དགོས་པ་ནི་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ཀྱིས་གསར་འབྱོར་བ་ཚོར་བལྟ་རྟོགས་ཡག་དྲག་པས་རེད།
དེ་སྔོན་ནས་གནས་ཚུལ་འདི་རབ་རུབ་ཅིག་བརྒྱུད་ལམ་ཁག་ཅིག་ཏུ་ཐོན་སོང་ཡང་། གལ་ཆེ་བའི་གནད་དོན་མང་པོ་ཞིག་ཤེས་རྟོགས་ཐུབ་མ་སོང་ཡང་། ད་རེས་བོད་ཀྱི་དུས་བབ་གསར་ཁང་གིས་ཧ་ཅང་གསལ་ཞིང་རྒྱས་པ། དོན་གནད་འབུར་དུ་ཐོན་པ་ཞིག་བྲིས་འདུག་པས་རྩོམ་སྒྲིག་པ་མཆོག་གི་གཙོས་གསར་འགོད་པ་པདྨ་མཚོ་ལགས་དང་། སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་ཚོགས་གཙོ་འཆམ་ར་དྲི་མེད་མཆོག་གིས་གཙོས་བུ་མོ་དེ་གཉིས་འཆི་ཡུལ་ནས་བསྐྱབས་མཁན་ཚང་མར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། དེང་སང་བོད་པའི་སྤྱི་ཚོགས་ནང་གཞུང་སྒེར་གྱི་ཚོགས་པ་མང་ཡང་འདི་ལྟ་བུའི་བྱ་བ་ལེགས་པོ་བསྒྲུབ་ཐུབ་མཁན་དང་བསྒྲུབ་འདོད་ཡོད་མཁན་ཧ་ཅང་ཉུང་བས། གོང་བརྗོད་གསར་ཁང་དང་ཚོགས་པ་གཉིས་ལ་རྗེས་སུ་ཡི་རང་དང་། མ་འོངས་པར་ཡང་ང་ཚོའི་སྤྱི་ཚོགས་འདིའི་ནང་སྤྱི་ཕན་གྱི་ཕྱག་ལས་མང་ཙམ་གནང་ཐུབ་པའི་རེ་སྐུལ་ཞུ།
ཚོགས་པ་འདི་འདྲ་བ་ཞིག་ཡོད་ན་དངོས་གནས་ང་ཚོའི་སྤྱི་ཚོགས་ལ་མཁོ་དགོས་ཆེ་པོ་རེད། ཁ་ཡོད་ལག་ཡོད་ཀྱི་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་འདུག ཐུགས་རྗེ་ཆེ་ཞེས་ཞུ། དེ་མིན་གཞུང་དང་ཚོགས་པའི་མིང་ཁུར་ཅན་དེ་དག་ནི་ཕལ་ཆེར་ཞལ་འདེབས་བསྡུ་སློང་བྱེད་ཐབས་ཙམ་ལས་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོག་ཡོད་ཚོགས་པ་ཞིག་ཕལ་ཆེར་མེད་པ་ལྟ་བུ་རེད། སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དང་། ལས་དོན་འདིའི་ཐད་ཆ་ཤས་ལེན་མཁན་ཡོངས་ལ་གུས་བསུ་ཞུ། བོད་པའི་བུ་མོ་གཉིས་ལ་ཁྱེད་ཚོས་ཚེ་སྲོག་གསར་པ་ཞིག་གནང་འདུག་པར་དགེ་བ་བསམ་གྱི་མི་ཁྱབ།
སྡེ་དགེ་ཚོགས་པ་ཐུགས་རྗེ་ཆེ་་་་་་་་་་་་་་་་་་་་་་་་་་་་བོད་ཀྱི་དུས་བབ་ཐུགས་རྗེ་ཆེ།
་་་་་་་་་་་་ བུ་མོ་གཉིས་ཀྱི་ལུས་དང་སྲོག་ལ་དངོས་འབྲེལ་ཛ་དྲག་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་ཚུལ་འབྱོར་བྱུང་། དེ་ནས་ང་ཚོས་ལྷོ་ཨ་ཧྥི་རི་ཁའི་སྐུ་ཚབ་དོན་གཅོད་ཁང་སོགས་ལ་ཡིག་འབྲེལ་དང་། ཁ་པར་ལམ་ནས་འབྲེལ་བ་ཞུས་པ་ཡིན།
འོན་ཀྱང་སྐབས་དེའི་སྐུ་ཚབ་དོན་གཅོད་ནས་ང་ཚོའི་དོན་གཅོད་ཡོད་ས་དང་། བུ་མོ་གཉིས་ཡོད་སའི་ས་ཆ་གཉིས་ཧ་ཅང་ཁ་ཐག་རིང་པོ་རེད། ང་ཚོའི་ནུས་པས་སྙོབ་ཀྱི་མི་འདུག་ཅེས་བཀའ་ལན་གནང་སོང་།
དངོས་འབྲེལ་ཡུལ་དུས་དང་། གནད་དོན་གཞན་གྱིས་རྐྱེན་པས་གཞུང་འབྲེལ་ལག་པ་འཆིང་མ་བདེ་བ་ཡོད་སྲིད་པ་རེད། ཅེས་བརྗོད་བྱུང་། ་་་་་་་་་་
(སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་)ཟེར་བ་ཞིག་སྔོན་ཆད་ཨམ་ཅོག་གིས་གོ་ཡང་མ་བྱོང་བ་ཞིག་རེད། ཡིན་ནའང་ད་རེས་ལས་དོན་གལ་ཆེན་པོ་ཞིག་བསྒྲུབས་གནང་འདུག ཁ་ཙམ་མིན་པའི་ཐུགས་རྗེ་ཆེ་ཞུ་འདོད་བྱུང་སོང་། བོད་མིའི་སྤྱི་ཚོགས་ནང་ཚོགས་པ་སྒྲིག་འཛུགས་མང་པོ་ཞིག་ཡོད་ཀྱང་ཞལ་འདེབས་སློང་བ་དང་ཆབ་སྲིད་ལས་འགུལ་སྤེལ་བ་སོགས་སྤྱི་ཚོགས་ནང་སྐད་གྲགས་ཆེན་པོ་ཆགས་ཡོད་ཀྱང་ལས་དོན་གྲུབ་འབྲས་ལྡན་པ་ཞིག་བསྒྲུབ་མཁན་ཧ་ཅང་ཁག་པོ་ཡོད་རེད
སྡེ་དགེ་ཚོགས་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
འདི་ལྟ་བུའི་ཕྱག་ལས་གནང་བ་ཡིན་ན་ཚོགས་པ་སྐྱིད་སྡུག་ག་ཚད་མང་པོ་བཙུགས་ནའང་བོད་སྤྱི་ཚོགས་ལ་ཕན་ལས་གནོད་མི་འདུག
ཐབས་སྡུག་གི་གནས་ཚུལ་དེ་ལ་དངུལ་དངོས་ཀྱི་འགྲོ་སོང་བཏང་བ་ཙམ་མ་རེད། སོ་སོ་མི་དངོས་སུ་ས་གནས་ས་ཐོག་ལ་བཏང་ནས་གཉེན་ཁ་དང་དཀའ་སྡུག་བརྒྱུད་པ་དེ་དངོས་གནས་ཁ་ཡོད་ལག་ཡོད་ཀྱི་མི་ལ་ཕན་པ་བསྒྲུབ་པ་དང་སྤྱི་ཚོགས་ལ་ཞབས་ཞུབ་བསྒྲུབ་པ་ཆགས་ཀྱི་ཡོད་པ་རེད།
སྡེ་དགེ་ཚོགས་པ་དང་ལྷག་པར་དུ་ས་གནས་ས་ཐོག་ལ་ཕེབས་མཁན་ཁོང་ལ་སྔགས་བརྗོད་ཡིད་རངས་ཞུ་བཞིན་ཡོད།
ང་ཚོའི་ཚོགས་སྒྲིག་འཛུགས་དེ་ཚོས་དམིགས་དཔེ་ལྟ་འོས་པ་ཞིག་རེད།
རྒྱལ་སྤྱིའི་ཉེན་རྟོག་ལས་ཁུངས་ལ་སྙན་གསེང་མ་ཞུས་པ་དེ་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་རེད། མི་ངན་དེ་འདྲ་ལྡི་ལིར་ཁེངས་བསྡད་ཡོད། དེ་ཚོ་འཛིན་བཟུང་མི་བྱེད་པར་བཞག་པའི་འཇུག་འབྲས་ཚབས་ཆེན་རེད། བོད་པ་མ་ཡིན་པའི་བལ་བོ་མང་པོས་བོད་པའི་མིང་ཐོག་ནས་ཕྱི་རྒྱལ་ཡུལ་གྲུ་མང་པོའི་ནང་བོད་པའི་མིང་ཐོག་ནས་སྐྱབས་བཅོལ་ཞུས་ནས་རྐུ་འཕྲོག་བཅོམ་གསུམ་བྱ་ངན་བརྩམས་ཏེ་བོད་པར་མིང་ཆད་བཟོ་བཞིན་པ་གཞུང་སྒེར་ཚོགས་པ་སུ་གང་གིས་ཡ་བྱེད་ཀྱི་མེད་མོད། འདིའི་འཇུག་འབྲས་དང་གནས་ཚུལ་ཅི་ཡོང་ལ་བསམ་གཞིག་གནང་དགོས་པ་ཞིག་རེད།