ད་ནི་བཙན་གཡེམ་བྱེད་དུ་མ་འཇུག་ཡ།

ལོ་འདིའི་ཟླ་དུས་ཚེས་གྲངས་བརྒྱད་པ་ལས་འཕྲོས་པའི་རྒྱ་ནག་གི་རྣམ་རྟོག་གི་སྐད་ཆ་མང་པོ་ཞིག་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཁྱབ་རྗེས། བོད་རྒྱའི་འབྲེལ་མོལ་ཐེངས་བདུན་པ་དེའང་ཕྱི་ཟླ་ ༦ ཚེས་ ༡༡ ཉིན་གཏན་འཁེལ་བྱས་ཤིང་། སླར་ཡང་རྣམ་རྟོག་གི་གནས་ཚུལ་མང་པོ་ཞིག་ལ་སྒུག་བཞིན་པ་དང་མཚུངས། འོན་ཀྱང་ང་ཚོ་བོད་རྒྱའི་འབྲེལ་མོལ་འདིར་རྣང་རྟོག་མི་སྐྱེས་པར། འདིའི་བསླུ་བྲིད་དང་ཉེས་དམིགས་ཀྱི་ཆ་གང་སར་ལྟ་དགོས།
བོད་རྒྱའི་འབྲེལ་མོལ་འདི་ནི་བསླུ་བྲིད་ཀྱི་ངོ་བོ་ནས་བཙན་གཡེམ་གྱི་རྣམ་པར་འགྱུར་གྱིན་ཡོད་ལ། སྔོན་མ་བོད་མི་ཚོས་རྒྱ་ནག་གི་ཕྱོགས་ནས་བོད་དོན་ཐོག་བསམ་བློ་འདྲ་གཏོང་གི་མེད་དམ་སྙམ་ནས་འབྲེལ་མོལ་བྱས་ཤིང་། དགའ་བ་དང་བྲེལ་བའི་རྣམ་འགྱུར་ཅི་ཡང་ཤོར། འདི་ནི་བསླུ་བྲིད་ཀྱི་རིམ་པ་དེ་ཡིན། ད་ཆ་བོད་མིའི་ཚོའི་ཕྱོགས་ནས་འདིའི་མཇུག་འབྲས་ཤེས་བཞིན་དུ་ཕ་རོལ་བོ་དེའི་གོ་སྐབས་བཙན་ཤུགས་ཀྱིས་དང་ལེན་བྱེད་དགོས་པར་འཁེལ་གྱི་ཡོད་སྟབས། ད་ལྟའི་བོད་རྒྱའི་འབྲེལ་མོལ་འདི་ནི་བཙན་གཡེམ་གྱི་ངོ་བོར་གྱུར་ཡོད། གལ་སྲིད་གནས་སྟངས་དེ་འདི་འདྲ་ཞིག་ཀྱང་མིན་པར། མཇུག་འབྲས་མེད་པ་ཤེས་བཞིན་དུ་བོད་མི་རང་ངོས་ནས་ཕར་གོ་སྐབས་བཙལ་ནས་འགྲོ་གི་ཡོད་ཚེ་འདིའི་རྣམ་པ་གཞན་ཞིག་སྟེ། དཔེར་ན། བུད་མེད་རེ་ཟུང་གྲོང་ཁྱེར་ལ་ཉུག་པ་ལྟར་རེད། འདིའི་མིང་ཅི་ཞིག་ཟེར་རམ། དེར་བརྟེན་འབྲེལ་མོལ་དང་གྲོས་མོལ་གང་ཡིན་ཡང་དེ་མ་བྱས་པའི་སྔོན་ལ་འདིའི་ངོ་བོ་ལ་ངེས་ཤེས་འདྲོངས་རྒྱུ་ནི་གལ་ཆེ་བར་འདུག
བོད་རྒྱ་གཉིས་ཀྱི་འབྲེལ་བ་སླར་གསོ་བྱས་རྗེས་བཀའ་ཁྲི་མཆོག་གིས། ད་ལྟ་ཕན་ཚུན་བར་ཡིད་ཆེས་བསྐྲུན་པ་དང་། ཞི་མོལ་གྱི་ཁོར་ཡུག་བསྐྲུན་པ། ལངས་ཕྱོགས་གསལ་བོ་བཟོ་བའི་རིམ་པ་དེ་ཡིན་སྟབས། རིམ་པ་འདི་ནི་བོད་རྒྱ་ཞི་མོལ་མིན་པར་བོད་རྒྱ་འབྲེལ་མོལ་ཡིན་ཅེས་བོད་རྒྱ་གཉིས་བར་གྱི་གྲོས་མོལ་འདིའི་ཐ་སྙད་ཚུན་གསལ་བོ་བཟོས་ཡོད། དེ་ལྟར་འབྲེལ་མོལ་ཐེངས་དྲུག་བྱས་མཐར་ཕན་ཚུན་གྱི་ལངས་ཕྱོོགས་བཤད་པའི་རིམ་པ་དེ་རྫོགས་པ་ཡིན། ད་ནི་གྲོས་མོལ་དངོས་ལ་འབབ་པའི་དུས་ཡིན་ཞེས་ཐེངས་བདུན་པའི་བོད་རྒྱའི་སྐུ་ཚབ་ཐུག་འཕྲད་ཀྱི་ལམ་ཡིག་ཀྱང་བསྟན་ཡོད། དེས་ན་ད་ནི་ང་ཚོ་བོད་ཀྱི་གནད་དོན་ཐག་གཅོད་པའི་ལོ་རྒྱུས་ཀྱི་དུས་རིམ་ངེས་ཅན་ཞིག་ལ་སླེབས་ཡོད་པ་མིན་ནམ།
བཀའ་ཁྲི་མཆོག་གིས་གྲོས་རིམ་འདིའི་སྟེང་བོད་མི་རིགས་ཀྱི་མཐའ་མའི་འབབ་ས་ཅི་ཡིན་ཕྱིར་སྤྱི་ཚོགས་ཐོག་བགྲོ་གླེང་གི་རྣམ་པར་འཁྱེར་ཡོང་འདོད་མེད་སྲིད་ལ། དབུ་མའི་ལམ་གྱི་ཐོག་མའི་གོ་དོན། བར་གྱི་གོ་དོན། མཐའ་མའི་གོ་དོན་བཅས་རིམ་པ་མང་པོར་འགྲེལ་ཡང་སྲིད། འོན་ཀྱང་། རྒྱ་ནག་ནི་མུ་མཐུད་ནས་བོད་ཀྱི་ཐོག་ལ་བཙན་པོ་དང་དབང་ཡོད་ལྟ་བུར་བསྡད་ཡོད་སྟབས། ང་ཚོའི་ཞི་མོལ་འདིའི་རྣམ་པ་ནི་ཕར་བསྟུན་དགོས་པ་དང་། ཕ་རོལ་བོ་དེའི་འདོད་འདུན་དང་གོ་སྐབས་ལ་བརྟེན་ཡོད་པས། ང་ཚོ་མུ་མཐུད་དུ་བསླུ་བྲིད་ཀྱི་རྣམ་པ་ནས་བཙན་གཡེམ་གྱི་རྣམ་པར་འཕེལ་གྱིན་པ་ནི་ཅིས་ཀྱང་མཁྱེན་པར་རིགས་སོ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply