སྔར་ལོ་ནས་བཟུང༌། རྒྱ་ནག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་འཇིགས་སྐུལ་རིང་ལུགས་པ་རེད་ཅེས་གཞི་མེད་སྐྱོན་འཛུགས་བྱས་དང་བྱེད་བཞིན་པ་དེ་དག་ལ་ང་ཚོས་དོན་དངོས་ཅི་ཡིན་ལན་འདེབས་བྱས་ཏེ་འཛམ་གླིང་གིས་མཁྱེན་རྟོགས་ཡོང་བ་བཟོ་གི་ཡིན་ཟེར།
ཕྱི་ཚེས་ ༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ བའི་སྟེང༌། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་འགྲུབ་རྡོ་རྗེ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་དོན། ༢༠༠༨ ལོའི་སྤྱི་ཟླ་གསུམ་པའི་ཚེས་ ༡༠ ནས་བཟུང་བོད་ས་ཡོངས་སུ་བོད་མི་ཚོས་རང་འགུལ་གྱིས་འདས་བའི་ལོ་ལྔ་བཅུའི་ནང་བྱུང་མ་མྱོང་བའི་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བ་དང༌། རྒྱལ་སྤྱིའི་ནང་བོད་དོན་ཁྱབ་བསྒྲགས་ཤུགས་ཆེར་ཕྱིན་ཡོད་པ་སོགས་ཀྱིས་རྒྱ་ནག་གཞུང་ལ་སྔར་མེད་ཀྱི་གནོན་ཤུགས་ཆེན་པོ་ཞིག་སྤྲད་ཡོད་པ་དང༌། རྒྱ་ནག་གིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པ་ནས་ང་ཚོའི་སྒྲིག་འཛུགས་མེད་པར་བཟོ་དགོས་པའི་སྐོེར་གླེང་བསྡད་ཡོད་པ་དང་ན་ཟུག་ཆེན་པོ་ཞིག་སྐྱེས་བསྡད་ཡོད་པ་བཞིན། སྤྱི་ལོ་ ༢༠༠༡ ལོར་ཨ་རིའི་ནང་འཇིགས་སྐུལ་རིང་ལུགས་པའི་དོན་རྐྱེན་བྱུང་བ་ནས་བཟུང༌། རྒྱ་ནག་གིས་ཨ་རི་གཞུང་ལ་ངོ་རྒོལ་གྱི་རྣམ་པ་སྟོན་མ་ཐུབ་པར་རྒྱབ་སྐྱོར་བྱས་པ་དང༌། རྒྱལ་སྤྱིའི་ནང་འབྲེལ་བ་ཤུགས་ཆེ་རུ་གཏོང་གི་ཡོད་པ་རེད། ཤར་ཏུར་ཀི་སི་ཐན་ནང་དུ་བོད་ཀྱི་གཞོན་ནུའི་ཡན་ལག་ཡོད་པར་བརྟེན་རྒྱལ་སྤྱིའི་ནང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཏེ་འཇིགས་སྐུལ་རིང་ལུགས་པའི་སྒྲིག་འཛུགས་ཤིག་ཏུ་ངོས་འཛིན་ཡོང་ཐབས་ལ་ནུས་པ་ཆེན་པོ་བཏོན་ཡོད་པ་དང༌། ལྷག་པར་དུ་ད་ལོ་ནས་བཟུང་རྒྱ་ནག་གཞུང་གིས་དམིགས་བསལ་གྱིས་གསོ་སྐྱོང་བྱས་ཡོད་པའི་ཉམས་ཞིབ་པ་དང༌། མཁས་དབང༌། དེ་མིན་གཞུང་ཚབ་སོགས་བརྒྱུད་ནས་རྒྱལ་སྤྱིའི་ནང་བདེན་པ་མིན་པའི་གནས་ཚུལ་དྲིལ་བསྒྲགས་ཤུགས་ཆེར་བྱས་ཡོད་པ་དང༌། མངོན་གསལ་དོད་པོའི་སྒོ་ནས་གཞོན་ནུ་ལྷན་ཚོགས་ལ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་སོགས་གཞི་མེད་སྐྱོན་འཛུགས་དང༌། ཁུངས་མེད་མིང་ཆད་འདྲ་མིན་ཞིག་འདོགས་ཀྱིན་ཡོད་པ་མ་ཟད། བོད་ནང་གི་བོད་མིའི་སྒེར་ལངས་བྱས་པ་དེ་ཕྱི་ནས་གོ་སྒྲིག་བྱས་པ་ཞིག་དང༌། ༧གོང་ས་མཆོག་དང༌། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཁག་ལ་རྒྱ་ནག་ཞིན་ཧྭ་གསར་ཁང་དང༌། རྒྱ་གཞུང་གི་བརྙན་འཕྲིན། དྲ་ལམ་ཁག་སོགས་སུ་ཁུངས་སྐྱེལ་ར་སྤྲོད་གང་ཡང་མེད་པའི་ཐོག་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་པ་རེད། གནས་ཚུལ་འདིའི་ཐད་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་སྤྱི་ལོ་ ༢༠༠༨ ལོའི་སྤྱི་ཟླ་ ༤ བའི་ནང་རྒྱ་ནག་གཞུང་ལ་ལན་འདེབས་ཀྱིས། གསར་འགོད་གསལ་བསྒྲགས་ཐེངས་གསུམ་ལྷག་སྤེལ་བ་ཡིན། དེ་ལྟ་ནའང༌། རྒྱ་ནག་གིས། ལོ་འདིའི་བཙོན་འཇུག་ཁྲིམས་ཆད་ཁྲོད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པ་སོགས་ཀྱི་ཉེས་མིང་འོག་ཁྲིམས་ཆད་བཏང་ཡོད་པ་སོགས་ང་ཚོས་གསལ་བོར་ཤེས་ཡོད། དེ་བས། ང་ཚོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་མིང་ཆད་ངན་པ་བཏགས་པ་དང༌། ཁུངས་མེད་ཀྱི་གཏམ་སྣ་ཚོགས་སྨྲ་བ་སོགས་ཀྱི་ཐད་ང་ཚོ་སྐབས་བཅུ་གསུམ་པའི་རྒྱུན་ལས་ངོས་ནས་རྒྱ་ནག་གཞུང་ལ་བརྡ་ལན་གྱི་ཚུལ་ཏུ་དབྱིན་ཇིའི་ལམ་ནས་དེབ་ཆུང་ རྒྱ་ནག་ལ་ལན་འདེབས་ཅེས་པ་འདི་པར་སྐྲུན་འགྲེམས་སྤེལ་བྱེད་ཀྱིན་ཡོད་ལ། དེབ་འདིའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང༌། རྒྱལ་ཁབ་བཅུ་གཉིས་ནང་ཡོད་པའི་ཚོགས་མི་ཁྲི་གསུམ་ལྷག་གི་དམིགས་ཡུལ་དང་ལངས་ཕྱོགས། དེ་མིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་བོད་པའི་སྤྱི་ཚོགས་ཁྲོད་གནས་བབ་དང་ནུས་པ་གང་འདྲ་ཡོད་མིན་སོགས་བཀོད་དེ་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཞུང་ཚབ། དེ་མིན་ཕྱིའི་རྒྱལ་ཁབ་ཁག་གི་ཉམས་ཞིབ་པ་དང་མཁས་པ། ཚོགས་པ་འདྲ་མིན་ནང་འགྲེམས་སྤེལ་བྱས་ཏེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དང་ལངས་ཕྱོགས་སོགས་གང་འདྲ་ཡིན་མིན་གསལ་བོར་རྟོགས་པ་ཞིག་བཟོ་གི་ཡིན། ཅེས་བརྗོད་སོང༌།