ང་ཚོ་གཅིག་ཡིན།

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༣༦ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉེ་ཆར་བཀའ་སྤྱི་གཉིས་ཀྱི་འཐུས་མི་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རེ་ཟུང་གི་མི་སྣ་བཅས་ཀྱིས་གངས་སྐྱིད་ནས་མ་འོངས་པའི་ལས་འགུལ་སྤེལ་ཕྱོགས་སྐོར་ལ་བགྲོ་གླེང་ཞིག་གནང་སོང་ལ། ང་ཟུར་ཉན་དུ་བཅར་བ་ཡིན། ཉིན་དེའི་དྲི་བ་གལ་ཆེ་ཤོས་ཤིག་ནི་ང་ཚོ་གཅིག་ཡིན་ཅེས་པའི་འདུ་ཤེས་འདི་བཙན་བྱོལ་བོད་མི་ཚོར་གྲུབ་ཡོད་མེད་དང༌། མ་འོངས་པར་འབོད་ཚིག་འདིའི་འོག་ནས་ང་ཚོ་མཉམ་འབྲེལ་ཆགས་ཐུབ་མིན་སྐོར་རེད། ཁྱེད་ལ་དོགས་པ་འདུག་གམ།

ཉིན་དེར་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་གིས། མཚམས་རེར་ང་ཚོའི་ལས་དོན་གནང་ཕྱོགས་ལ་བལྟས་ཡོང་དུས་ང་ཚོ་གཅིག་ཡིན་ཅེས་པའི་འབོད་ཚིག་འདིའི་འོག་ལ་བསྡུ་ཐུབ་པའི་གདེང་ཚོད་ཉམས་འགྲོ་གི་འདུག་ཅེས་གསུངས་སོང༌། དོན་དམ་ད྄ུའང་སྐབས་རེར་ང་ཚོས་རང་དབང་ལུང་པ་བཤད་ཀྱིན་དུ་རང་གི་ལུང་པ་རྩོད་མ་ཤེས་པའི་གནས་སྟངས་ཤར་ཡོང་གི་ཡོད། གང་ལྟར། ད་ནི་གནད་ལྗིད་པའི་ཉིས་སྟོང་དགུ་ལོ་སླེབས་ཚར་ལ། རྒྱ་ནག་གིས་ཀྱང་གོ་ལག་ཧྲག་བསྡུས་ཀྱིས་བོད་ས་གང་སར་མནན་ཡོང་གི་ཡོད་ཅིང༌། དམངས་གཙོའི་བཅོས་བསྒྱུར་ཞེས་པའི་མིང་བཏགས་ཀྱང༌། དོན་དམ་དུ་བོད་བཙན་བཟུང་བྱས་ཏེ་མི་ལོ་ ༥༠ འཁོར་བའི་རྒྱལ་ཁའི་རྒྱས་སྟོན་འཚོགས་གིན་ཡོད། སྐབས་འདིར་ང་ཚོས་སླར་ཡང་ཚོད་དཔག་ཐུབ་གི་མེད་པ་ནི་ལོ་སྔོན་མ་ལྟར། གཞིས་ལུས་བོད་མི་ཚོས་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཅེས་པའི་འཕྲེད་དར་རིང་པོ་དེ་ཕྱར་ནས་ཡོང་གི་ཡོད་མེད་དེ་རེད། འདི་དག་མ་ཤེས་སྟབས་ང་ཚོས་གཞིས་ལུས་མི་དམངས་ལ་ཁྲིམས་མཐུན་གྱི་ལམ་སྟོན་དང་འཛམ་གླིང་གི་བོད་མི་མཐའ་དག་འབོད་ཚིག་འོས་འཚམ་ཞིག་གི་འོག་བསྡུ་མ་ཐུབ་པར་འདོད།

གཞི་རྩའི་ཆ་ནས་བཙན་བྱོལ་བོད་མི་ཚོར་ཡང་ང་ཚོ་གཅིག་ཡིན་ཅེས་པའི་འདུ་ཤེས་དེ་གྲུབ་ཚར་ཡོད་ལ། མ་མཐར་ཡང་ང་ཚོ་གཅིག་ཡིན་ཅེས་པའི་འབོད་ཚིག་འདིའི་འོག་ཡོང་བར་གྲ་སྒྲིག་ཡོད་པའི་བརྡ་ལན་དེ་ལོ་སྔོན་མའི་བོད་མིའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་སྟེང་ནས་ཐག་གཅོད་བྱས་ཡོད་པ་རེད། དེར་བརྟེན། ང་ཚོས་ཀྱང་བཙན་བྱོལ་གྱི་མི་ལོ་ ༥༠ དུས་དྲན་སྲུང་གཙིའི་སྐབས་དང་བསྟུན་ང་ཚོ་གཅིག་ཡིན་ཅེས་པའི་འབོད་ཚིག་གལ་ཆེན་འདི་གཞུང་འབྲེལ་གྱིས་ངོས་འཛིན་དང་སྒྲོག་སྦྱོང་གནང་དགོས་ལ། མ་འོངས་པར་ང་ཚོའི་མི་རིགས་དང་རྒྱལ་ཁབ་ཀྱི་ལས་དོན་མཐའ་དག་ཀྱང་འབོད་ཚིག་འདི་དང༌། འབོད་ཚིག་འདིའི་འདུ་ཤེས་ཀྱི་སྟེང་ནས་སྒྲུབ་ཐུབ་པ་ཞིག་བྱེད་དགོས་པར་འདོད། ད་བར་འཛམ་གླིང་གང་སར་ཁ་འཐོར་དུ་ཕྱིན་པའི་བོད་པ་རྣམས་ཀྱང་འབོད་ཚིག་འདིའི་འོག་ལ་བོས་ཏེ། བོད་ཕྱི་ནང་གི་གལ་ཆེའི་ལས་དོན་གྱི་ཐོག་ཕྱར་བ་གྲུ་འདེགས་ཡོང་བའི་ལམ་སྟོན་དང་གོ་སྐབས་གནང་དགོས་པར་འདོད་དོ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

11 thoughts on “ང་ཚོ་གཅིག་ཡིན།

  1. བོད། ཤ་ཁྲག་རུས་གསུམ།

    དྲ་གྲོགས་ཁྱེད་གཉིས་ས་སྟོང་དུ་འགོ་འཁོར་ནས་བསྡད་ཡོད་པ་འདྲ། མི་ཤེས་ན་ང་ཚོ་ཟིན་བྲིས་གང་རུང་ཞིག་ལ་སྐད་ཆ་གསལ་བོ་ཞིག་དྲིས་ཀྱང་ངོ་ཚ་བྱེད་དགོས་ནི་མ་རེད། བོད་པ་གཅིག་པ་རེད། ཤེས་པར་གྱིས། བོད་ཟེར་བ་ནི་གཅིག་ལས་གཉིས་མེད་དོ།