གྲྭ་བ་ཚོས་མི་མང་ལ་ངན་སྐུལ་བྱས་འདུག་ཟེར།

རྒྱ་གཞུང་གིས་བོད་ནང་གི་དགེ་འདུན་པ་དང་མང་ཚོགས་བར་ཕན་ཚུན་འགྲོགས་འདྲིས་མི་ཆོག་པ་དང༌། ས་མཚམས་ཚད་བཀག་བྱས་ནས་འགྲོ་བསྐྱོད་རང་དབང་མེད་པར་གྱུར་རྐྱེན་འཚོ་བའི་དགོས་འཁོ་ཟས་རིགས་ཉོ་སྒྲུབ་བྱེད་པ་ལ་ཡང་ཉིན་རེ་ནས་ཉིན་རེར་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད་འདུག

ཁམས་སྡེ་དགེ་ལྡན་ཆོས་འཁོར་དགོན་གྱི་གྲྭ་བ་ཚོས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ལ་དང་ལེན་མ་བྱས་པ་དང༌། ༧གོང་ས་མཆོག་ལ་མཚན་སྨོད་མ་ཞུས་པའི་རྐྱེན་གྱིས་འཇུ་བཞིན་པའི་གནས་ཚུལ་བྱུང་འདུག ཕྱི་ཟླ་ ༡ ཚེས་ ༥ དང་ ༡༠ ཉིན་གཉིས་ལ་ཁམས་སྡེ་དགེ་ལྡན་ཆོས་འཁོར་དགོན་པའི་ཉེ་འཁྲིས་ཆོས་འཁོར་ཤང་དུ་འབར་རྫས་དོན་རྐྱེན་བྱུང་བ་དང༌། མི་མང་གིས་ཞི་བའི་ངོ་རྒོལ་བྱས་རྐྱེན་ཚེས་ ༡༢ ནས་བཟུང་ཆབ་མདོ་དང་འཇོ་མདའ་རྫོང་གི་དྲག་ཆས་ཉེན་རྟོག་པ་དང་དམག་དཔུང་འབྱོར་ནས་དེང་སྐབས་དགོན་པའི་དགེ་འདུན་པ་དང་ས་གནས་མང་ཚོགས་འཛིན་བཟུང་དང་དྲག་རྡུང་བྱེད་བཞིན་ཡོད་འདུག གོང་ཚེས་ཉིན་འབར་རྫས་གཡུག་མཁན་ཤེས་རྟོགས་མ་བྱུང་ཡང་ནག་ཉེས་དེ་དགོན་པའི་དགེ་འདུན་པར་བཀལ་ཏེ། དེང་སྐབས་མི་མང་དང་དགེ་འདུན་པ་ཕན་ཚུན་འགྲོ་སྐྱོད་མི་ཆོག་པ་མ་ཟད། དུས་ཚོད་ངེས་མེད་ལ་དམག་དཔུང་དང་དྲག་ཆས་ཉེན་རྟོག་པ་ཟུང་འབྲེལ་ཐོག་གྲྭ་ཤག་ནང་དུ་ཡོང་ནས་དགེ་འདུན་པ་གཉིས་གསུམ་རེ་བྱས་ནས་ཤང་གི་ལས་ཁུངས་སུ་བཙན་ཁྲིད་ཐོག་འདྲི་བརྩད་དང༌། ༧གོང་ས་མཆོག་ལ་མཚན་སྨད་ཞུ་དགོས་པ་སོགས་འཁོད་པའི་ཡིག་ཆའི་ཐོག་ཏུ་མིང་རྟགས་འགོད་དགོས་སྐོར་བརྗོད་ཀྱང་དགེ་འདུན་པ་ཚོས་ཁས་ལེན་མ་བྱས་སྟབས། ཚེས་ ༡༦ ཉིན་ལྡན་ཆོས་འཁོར་དགོན་པའི་དབུ་མཛད་ཆེན་མོ་རྒན་འཇམ་ཤེས་ལགས་འཇུས་ཏེ་དེང་སྐབས་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་ཤེས་མི་འདུག ཚེས་ ༢༤ ཉིན་དགོན་པའི་དབུ་མཛད་ལས་ཐོག་པ་ཉི་མ་ཚེ་རིང་དང༌། དགེ་བསྐོས་ལྷུན་འགྲུབ། དགེ་བསྐོས་ཟུར་པ་ཉི་གཅེས། དགེ་བསྐོས་ཟུར་པ་ཚེ་རིང་དཔལ་ལྡན། གཉེར་པ་ཟུར་པ་ངག་དབང་བཀྲ་ཤིས། བཀྲ་རྡོ། བཀྲ་ཤིས་ཟླ་བ་སོགས་དགེ་འདུན་པ་བདུན་འཇུས་ཏེ་འཇོ་མདའ་རྫོང་དུ་བཀག་ཉར་བྱས་ཡོད་ཀྱང༌། མི་སུར་ཡང་ཐུག་འཕྲད་བྱེད་དུ་འཇུག་གི་མེད་ཚུལ་འདུག

གཞན་ཡང་དགོན་པའི་མཁན་པོ་ལས་ཐོག་པ་བསྟན་འཛིན་རྒྱལ་མཚན་ལགས་དེང་སྐབས་གར་སོང་ཆ་མེད་དུ་གྱུར་ཡོད་ལ། ཁོང་ནི་ ༡༩༩༥ ལོ་ནས་བཟུང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་དུ་སློབ་གཉེར་གནང་ཡོད་པ་དང༌། ༢༠༠༣ ལོར་རང་དགོན་དུ་ཕེབས་ནས་ད་བར་དགོན་པའི་ནང་མཚན་ཉིད་སློབ་ཁྲིད་གནང་ཡོད། ༢༠༠༨ ཕྱི་ཟླ་ ༡༡ པའི་ནང་དགོན་པའི་མཁན་པོར་བསྐོས་ཡོད་འདུག གོང་གསལ་དགེ་འདུན་པ་དེ་དག་འཇུ་དོན་ནི་ཚེས ༥ ཉིན་འབར་རྫས་གཡུག་མཁན་ཡིན་པ་དང༌། ཚེས་ ༡༠ ཉིན་མི་མང་ཞི་རྒོལ་སྐབས་སུ་ངན་སྐུལ་བྱས་པའི་ནག་ཉེས་ཀྱི་དབང་གིས་ཡིན་ཚུལ་འདུག དོན་དངོས་ནི་རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་སློབ་གསོ་སྤྲད་པར་དང་ལེན་མ་བྱས་པ་དང༌། ༧གོང་ས་མཆོག་ལ་མཚན་སྨོད་མ་ཞུས་པའི་རྐྱེན་གྱིས་ཡིན་ཚུལ་གནས་ཚུལ་མཁོ་སྤྲོད་ཀྱིས་བརྗོད་བྱུང་། དེ་མིན་གྲྭ་ཚེ་བརྟན་བསོད་ནམས་དང༌། ཆོས་སྐྱོང་གཉིས་ཐེངས་མང་པོར་འཇུས་སྐབས་ཉེས་རྡུང་ཚབས་ཆེན་ཕོག་ནས་གོམ་པ་སྤོ་མི་ཐུབ་པའི་གནས་སུ་ལྷུང་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

10 thoughts on “གྲྭ་བ་ཚོས་མི་མང་ལ་ངན་སྐུལ་བྱས་འདུག་ཟེར།

  1. ཡ ཡ ཡ ང་ཚོ་བོད་པ་ཚང་གི་བྱིས་པ་ཚོ་་་་བྱིས་ཡག་པོ་རྐྱང་རྐྱང་ཡོད། མགོ་ལ་རྡོ་གཞུས་ཀྱང་མགོ་བཏུམ་རེ་བྱས་ནས་སྡོད་རྒྱུ་ལས་རྒྱ་ཕྲུག་བསམ་མེད་ཚོར་ལག་ཡ་བྱེད་མཁན་རེ་ཁེགས་པོ་རེད། ཡིན་རྒྱུ་ནི་ང་ཚོར་རྨི་ལམ་ལས་སད་དགོས་པས་གོ་བརྡ་ཞིག་རེད་་

  2. རིག་རང་སྐྱེས།

    ངོ་མ་རྒྱ་རྒན་འདི་ཡ་ཚང་གི་ག་རེ་བསམ་གི་ཡོད་ན། བྱིས་པའི་རྩེད་མོ་རྐྱང་རྐྱང་རྩེད་གི