རྩོམ་པ་པོ་འཛིན་བཟུང་།

རྩོམ་པ་པོ་གྲྭ་འབྲོག་རུ་ཚུལ་ཁྲིམས་ལགས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་དང།  ཁོང་གིས་འདོན་སྤེལ་བྱེད་ཀྱིན་ཡོད་པའི་ཁ་བའི་ཚེ་སྲོག་ཅེས་པའི་རྩོམ་རིག་ཚགས་ཤོག་དེའང་བཀག་འགོག་བྱས་ཡོད་འདུག

 

ཕྱི་ཚེས་ ༡༨ ཉིན་བོད་ནས་གློག་ཀླད་བརྒྱུད་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། ཟླ་ ༤ ཚེས་ ༢ ཡས་མས་སུ་ཕ་ཡུལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ། མང་ར་རྫོང་ཁོངས་ནས་ཡིན་ཞིང༌། དེང་སྐབས་རྔ་བ་སྒོ་མང་དགོན་དུ་སློབ་གཉེར་གནང་བཞིན་པའི་རྩོམ་པ་པོ་གྲྭ་འབྲོག་རུ་ཚུལ་ཁྲིམས་ལགས་ལ། ཀྲུང་ཧྭ་མེས་རྒྱལ་ལ་ངོ་རྒོལ་དང༌། ཏཱ་ལའི་འོས་ལངས་ལ་སྐུལ་སློང་གི་རྩོམ་ཡིག་སྤེལ་པའི་ཉེས་མིང་འོག རྒྱ་གཞུང་གི་ཉེན་རྟོག་མི་སྣས་རྔ་བ་སྒོ་མང་དགོན་པའི་རང་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག་ལ། ཁོང་སྒེར་གྱིས་གཉེར་བའི། ཁ་བའི་ཚེ་སྲོག ཅེས་པའི་རྩོམ་རིག་ཚགས་ཤོག་དེ་ཡང་བཀག་འགོག་བྱས་ཡོད་འདུག

 

རྩོམ་པ་པོ་འབྲོག་རུ་ཚུལ་ཁྲིམས་ལགས་ནི་ད་ལྟ་རང་ལོ་ ༢༧ ཡིན་ཞིང། ཆུང་ངུའི་དུས་ནས་མང་ར་ཀླུ་ཚང་དགོན་པ་དང་ངྷི་ཚ་དགོན། རྔ་བ་སྒོ་མང་དགོན་བཅས་ནས་ནང་ཆོས་གཙོ་བོར་གྱུར་བའི་ཐ་སྙད་རིག་གནས་ལ་བསླབ་པ་སློབ་གཉེར་གནང་ཡོད་པ་མ་ཟད། ཚགས་པར་དང་དུས་དེབ་ཁག་ཏུ་རྩོམ་ཡིག་མི་ཉུང་བ་ཞིག་སྤེལ་མྱོང་ཡོད་ཅིང་། སྒེར་ངོས་ནས་སྙན་ངག་གི་ཆེད་དེབ་ཅིག་ཀྱང་དཔར་སྐྲུན་འགྲེམས་སྤེལ་བྱས་ཡོད་འདུག གྲྭ་འབྲོག་རུ་ཚུལ་ཁྲིམས་ལགས་ཀྱིས་དེང་སྐབས་རྔ་བ་སྒོ་མང་དགོན་དུ་སློབ་གཉེར་གྱི་ཞོར་དུ། ཁ་བའི་ཚེ་སྲོག ཅེས་པའི་རྩོམ་རིག་ཚགས་ཤོག་ཅག་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དེ་ཐེངས་འདིའི་དོན་རྐྱེན་དང་བསྟུན་ཏེ། རྒྱ་གཞུང་གིས་བཀག་འགོག་བྱས་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

16 thoughts on “རྩོམ་པ་པོ་འཛིན་བཟུང་།

  1. བོད། ཤ་ཁྲག་རུས་གསུམ།

    སྐད་ཆ་འདི་ལྟར་གླེང་དེ་དོན་དངོས་ཐོག་ནས་ཀྱང་ང་ཚོས་དེ་ལྟར་ཨེ་འཇོན་ལྟ་རྒྱུ་ན་བོད་ལ་སྐྱེ་བའི་དགོས་དོན་དེ་རེད། ཚང་མའི་སེམས་དང་ཁ་ནང་དུ་་ཕྱོགས་དེ་དམིགས་གསལ་གྱིས་བོད་ནང་གི་གནས་སྟངས་བསྐོར་ལ་བགྲོ་གླེང་ལྷུག་པོ་རེ་གནང་ཐུབ་ན་དངོས་ནས་ཡག་པོ་འདུག འདི་ནི་ངེད་ཅག་གི་བརྒྱུད་ལམ་དང་ངེད་ཅག་གི་མི་རིགས་ལ་འགན་ལེན་བྱེད་ཐབས་གསར་བ་རེད། དྲ་ཐོག་ནས་གླེང་ན། དྲ་ཐོག་པ་གང་མང་བརྒྱུད་དེ་མི་མང་གི་རྣ་རྩར་སླེབས་ངེས་ཡིན། མི་མང་གི་རྣ་རྩར་སླེབས་ན་མི་མང་གི་སེམས་ནང་དུ་སླེབས་སྲིད་པ་ཡིན། དེ་ལྟར་ང་ཚོས་རང་རང་གི་ས་ནས་ལག་བརྡང་སྤྲེལ་ནས་ཤུ་རེ་བྱེད། འབད་བརྩོན་བྱེད། བོད་རིགས་དྲ་ཐོག་པ་ཚང་མས་རང་ཉིད་བོད་དུ་སྐྱེ་བ་བརྗེད་མེད་དུ།

  2. ཕྱོགས་གང་ནས་བསམ་བློ་བཏང་རུང༌། རང་དོན་ཡལ་བར་དོར་ནས་གཞན་དོན་ལྷུ་རུ་བཞེས་མཁན་ཞིག་ཡིན་པ་ན། དེ་ནི་ངེས་པར་དུ་གླེང་རིན་ཡོད་པའི་མི་སྣ་རླབས་ཆེན་ཞིག་ཏུ་བཀུར་ཆོག་ལ། དེ་བཞིན་རྒྱ་དམར་གྱི་བཙན་གནོན་འོག་དཀའ་སྡུག་སྣ་ཚོགས་ཤིག་མྱོང་བཞིན་པའི་གཞིས་ལུས་བོད་རིགས་སྤུན་ཟླ་སུ་དང་སུ་ཞིག་ཡིན་རུང༌། ངའི་སེམས་ནང་ནས་ནམ་ཡང་བརྗེད་མ་མྱོང་ལ། ལྷག་པར་ཏུ་འདི་བཞིན་ཤེས་འཇོན་གཉིས་ལྡན་གྱི་བོད་རིགས་གཞོན་སྐྱེས་སྐུ་ཞབས་འབྲོ་རུ་ཚུལ་ཁྲིམས་ཀྱིས་མཚོན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས་ལས་འདས་པ་ཞིག་ཉིན་མཚན་རྒྱུ་མི་ཆད་པར་རྒྱ་དམར་གྱི་ཁྲིམས་འོག་ནས་སྐུ་ཚེ་འཕོས་བཞིན་པར་ལྷག་བསམ་རྣམ་དག་གིས་མྱ་ངན་དང་གདོང་སེམ་མཉམ་སྐྱེད་ཞུ་བཞིན་ཡོད། སྤྱིའི་ཆ་ནས་བཤད་ན། འགྲོ་བ་མིའི་རིགས་ཤིག་ཡིན་ཕྱིན་ནས། དྲང་བདེན་དང་གནས་ལུགས་མི་གླེང་མཁན་ཞིག་ནི་ཧ་ཅང་ཉུང་ལ། དོན་དངོས་ཀྱི་ཆ་ནས་གནས་ལུགས་ལ་རྒྱབ་སྐྱོར་དང་དྲང་བདེན་ལ་དཔུང་རོགས་བྱེད་མཁན་ཞིག་ནི་ཤིན་ཏུ་ནས་ཀྱང་དཀོན་མོད། ཡིན་ན་ཡང༌། མི་ཞིག་གིས་རོགས་པ་བྱེད་མིན་དང༌། ཚོགས་པ་ཞིག་གིས་གྲོས་ཆོད་འཇོག་མིན་དེ་གཙོ་བོ་མ་ཡིན་པར། གོང་གསལ་རྒྱལ་གཅེས་དཔའ་བོ་སྐུ་ཞབས་འབྲོ་རུ་ཚུལ་ཁྲིམས་སོགས་ཀྱི་མཚོན་པའི་མི་རིགས་ལ་ལྷག་བསམ་དཀར་ཞིང༌། སྐད་ཡིག་ལ་དུང་བ་ཟབ་པའི་བཀུར་འོས་གཞིས་བཞུགས་སྤུན་ཟླ་རྣམས་མིག་དཔེར་བཟུང་སྟེ། བྱ་བ་ཐམས་ཅད་རང་སྟེང་ནས་འགོ་རྩོམ་རྒྱུ་ནི་ང་ཚོ་ལ་མཚོན་ན་ཧ་ཅང་གལ་ཆེ་ལ། དེ་བཞིན་ཕྱི་བསྡོད་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཀྱང་བོད་གཞུང་གིས་འཇོན་མིན་དང༌། ལས་བྱེད་ག་གེ་མོ་ཞིག་གིས་ཁྲེལ་མེད་ཀྱི་སྤྱོད་ཚུལ་ཏེ་རྩོད་གླེང་བྱེད་ནས་འདུག་རྒྱུ་དེ་གལ་མི་ཆེ་བར། གཙོ་བོ་ང་ཚོ་ཚང་མ་བོད་གཞུང་གི་གྲུབ་ཆ་ཞིག་ཡིན་པ་དང་བོད་རིགས་ཤིག་ཡིན་པའི་ཆ་ནས་རང་ངོས་ནས་འཇཽན་ཐབས་ལ་འབད་པ་བྱེད་དགོས། གལ་སྲིད་ཁྱེད་རང་འཇོན་པོ་དང་ནུས་ལྡན་ཞིག ཡང་ན་བོད་སྤྱི་ལ་ཕན་ཐོགས་མཁན་ཞིག་ཡིན་པ་ན། བོད་གཞུང་ཞེས་པ་གང་ནས་འགོ་བརྩམས་ཀྱང་ཆོག་པ་ཞིག་ཡིན། དེ་རིང་ཁ་རྩང་གི་བོད་བཞུང་ནི། སྐྱབས་བཅོལ་བའི་བོད་གཞུང་ཞིག་ལས་གཏན་འཇགས་ཀྱི་གཞུང་ཞིག་ཡེ་མིན་པས། གལ་སྲིད་ཁྱེད་ཉིད་ལ་ནུས་པ་དང་འཇོན་ཐང་ཡོད་ན། ཁྱེད་རང་ངོས་ནས་བོད་གཞུང་གི་སྣེ་ཁྲིད་དེ་ཆབ་སྲིད་ལམ་སྟོན་བྱོས་དང༌། ང་ཚོ་བོད་པའི་སྤྱི་ཚོགས་ཁྲོད་འདི་ལྟར་བྱེད་མཁན་ཉུང་དྲག་པ་ལས་མང་དྲག་མེད། ད་བར་ྋགོང་ས་མཆོག་སྐུ་སྒེར་ངོས་ནས་སྐུ་ཚེགས་གྲངས་མེད་ཅིག་མྱངས་ཏེ། བོད་པ་ཚང་གི་གནས་སྟེང་དེ་རེ་བ་མེད་ས་ཞིག་ནས་རེ་བ་ཅན་ཞིག་ཏུ་བསྒྱུར་ཟིན་པའི་དེ་རིང་གི་བོད་པ་ཚང་འདི། ད་ནས་བཟུང་ང་ཚོ་ཚང་མས་དཔུང་བརྡང་གཅིག་སྦྲེལ་གྱིས་རང་ནུས་རྩལ་འདོན་བྱེད་རན་པས། ཁྱོའི་ཁ་དང་ངའི་སྣ་རྩོད་ནས་འདུག་རན་ཞིག་གཏད་ནས་མིན།

  3. ཀླུ་སྨྱོན།

    ཡིན་ན་ཡང་འཆི་མེད་དགའ་ཚལ་གླིང་གི་གསར་འགྱུར་གཤམ་གྱི་འདྲ་པར་ཕྱིར་ལོག་མ་དེ་ད་དུང་བརྗེས་མི་འདུག་ཨང་།