ཅ་ཅོ་མང་བའི་རེ་བ་གཉིས། རྩོམ་སྒྲིག་པས།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༡༥༦ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

བདུན་ཕྲག་འདིའི་ནང་དུ་བགྲོ་གླེང་གལ་ཆེན་གཉིས་བྱུང་ལ། གཉིས་ཀ་སྟོབས་ཤུགས་གལ་ཆེན་གཉིས་ཀྱི་སྐོར་ཡིན་པ་མ་ཟད། ཐད་ཀར་དུ་བོད་དོན་འཐབ་རྩོད་ཀྱི་སྲུང་སྐྱོབ་གལ་ཆེན་གཉིས་ཀྱང་ཆགས་འདུག

བགྲོ་གླེང་དེ་གཉིས་ཀྱི་གཅིག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་ ༤༠ ལྷག་གི་ནང་བྱུང་ཞིང་། བགྲོ་གླེང་གི་བརྗོད་གཞི་ནི་སྲུང་སྐྱོབ་ཀྱི་འོས་འགན་ཞེས་པ་དེ་རེད། རྩ་འཛིན་འདི་ནི་དོན་ཚན་བཞི་སྟེ། མི་རིགས་རྩ་གཏོར་དང་མི་རིགས་གཙང་ཕྱག དམག་འཁྲུག་སྐབས་ཀྱི་ཉེས་གསོག འགྲོ་བ་མིའི་བདེ་རྩའི་ཉེས་གསོག་བཅས་རེད། འདི་དག་ནི་རྒྱལ་ཁབ་ཅིག་གི་གཞི་རྩའི་འོས་འགན་ཡིན་ལ། འོས་འགན་འདི་དག་མི་ཐེག་པའི་སྐབས་སུ་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་ཀྱིས་རྒྱལ་ཁབ་དེའི་ནང་བྱུས་གཏོགས་བྱས་ཆོག་རྒྱུ་དེ་ཡིན།

ད་ལྟའི་རྒྱ་ནག་དང་འབར་མ། སུ་ཌན་ལྟ་བུ་ཡིན་ན་ཐད་ཀར་དུ་འགན་འདི་དག་མི་ཐེག་མཁན་ཡིན་ལ། གོང་གསལ་གྱི་རྩ་འཛིན་བཞིའི་ནང་གི་ཚང་མ་མིན་ནའང་རེ་ཟུང་ལ་འགལ་བསྡད་མཁན་གྱི་གྲས་ཡིན། བོད་མི་རིགས་ལ་མཚོན་ན་མི་རིགས་རྩ་གཏོར་དང་མི་རིགས་གཙང་ཕྱག་གི་འོག་ཚུད་ཡོད་སྟབས། ཅི་སྟེ་རྒྱ་ནག་གི་སྲིད་བྱུས་ལ་འགྱུར་བ་མེད་ཚེ་ངེས་པར་དུ་རྒྱལ་སྤྱིའི་སྟོབས་ཤུགས་ཤིག་གི་སྲུང་སྐྱོབ་དགོས་ཀྱིན་ཡོད། ད་བར་དུ་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་དང་རང་དབང་དང་དམངས་གཙོ་ལ་དགའ་བའི་རྒྱལ་ཁབ་སུ་ཞིག་གིས་བོད་དང་ཞིན་ཅང་གི་ཆབ་སྲིད་གནས་བབ་གླེང་སྐབས་ནང་སྲིད་ལ་ཐེ་བྱུས་བྱས་མི་ཆོག་ཅེས་འགོག་གིན་ཡོད། ད་ནི་ནང་སྲིད་ལའང་ཚོད་ཡོད་པ་དང་བྱུས་གཏོགས་ལའང་ལམ་རེ་བཏོད་དགོས་པའི་དུས་ཡིན།

བགྲོ་གླེང་གཉིས་པ་ནི། དེང་རབས་ཚན་རྩལ་དང་དྲ་བའི་རིག་གནས་ཀྱི་ཕ་ཡུལ་སྟེ། ཁ་ལེ་ཧྥོར་ནེ་ཡ་མངའ་སྡེ་ཡི་སི་ལི་ཁོན་ལུང་གཞུང་དུ་བྱུང་། བརྗོད་གཞི་ནི་དྲ་རྒྱའི་ཁ་བྱང་དེ་འཆར་ལོ་ནས་བཟུང་དབྱིན་ཡིག་མིན་པའི་སྐད་ཡིག་གཞན་གྱི་ནང་དུའང་འབྲི་ཐུབ་ལ། དེ་ལྟར་འབྲི་ཐུབ་སོང་ན་དྲ་རྒྱ་འགོག་སྡོམ་དང་དྲ་ཐོག་གི་གནས་ཚུལ་ལ་སྟངས་འཛིན་བྱ་དཀའ་བའི་རྐྱེན་གྱིས་ཡིན། འདིའང་གཙོ་བོ་སྲིད་དབང་སྒེར་འཛིན་གྱི་སྲིད་གཞུང་རྒྱ་ནག་ལྟ་བུར་དམིགས་ཡོད། རྒྱ་ནག་ནང་དུ་དྲ་རྒྱ་སྤྱོད་མཁན་མི་གྲངས་ས་ཡ་ ༣༣༨ ཡོད་ལ། ཉི་ཧོང་ལ་ས་ཡ་ ༩༤ དང་། རྒྱ་གར་ལ་ས་ཡ་ ༨༡ ཡོད། འཛམ་གླིང་གི་དྲ་རྒྱ་སྔོག་མཁན་མང་ཤོས་ནི་རྒྱ་ནག་ཆགས་ཡོད། འོན་ཀྱང་། རྒྱ་ནག་གིས་གཞུང་གི་ཁྱབ་བསྒྲགས་གཙོ་བོར་འདོན་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། མི་རིགས་ཀྱི་གནད་དོན་སྐོར་གྱི་གནས་ཚུལ་དང་བསམ་ཚུལ་རིགས་རྩ་ནས་བཀག་ཡོད་ལ། ཆབ་སྲིད་ལ་འབྲེལ་བ་ཡོད་པའི་ཕྱི་ཕྱོགས་ཀྱི་དྲ་རྒྱ་མཐའ་དག་ཀྱང་བཀག་ཡོད། དེ་བས། ད་ནི་ཚན་རིག་ལག་རྩལ་བ་དག་གིས་ཀྱང་རྒྱ་ནག་གི་དྲ་རྒྱ་སྟངས་འཛིན་གྱི་ལྕགས་རི་འདི་གཏོར་ཏེ། མི་འབོར་དུང་ཕྱུར་བཅུ་གྲངས་དེ་རང་དབང་གི་ཡུལ་དུ་འཁྲིད་དགོས་པའི་དུས་ལ་བསླེབས་ཡོད་དོ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

14 thoughts on “ཅ་ཅོ་མང་བའི་རེ་བ་གཉིས། རྩོམ་སྒྲིག་པས།

  1. སྨྲ་ཤེས་དོན་གོ།

    ཤ་ཁྲག་གཅིག་པའི་བྱས་རྗེས།

    ད་ལམ་ཉེར་བའི་ཆར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་གྱི་ཡ་ང་བའི་གོད་ཆག་བྱུང་བ་བརྟེན། རང་རིགས་སྤུན་ཟླ་ཁྲི་ཕྲག་ལས་བརྒལ་བ་རྐྱེན་ལམ་དུ་འདས་གྲོངས་སུ་གྱུར། འོན་ཀྱང་ཁོང་འདས་པོ་རྣམས་ཀྱི་ཆེད་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཅོ༹ས་རིས་མིན་བླ་ཆེན་རྣམ་པ་དང་ཆོས་རྒྱུད་སོ་སོ་གདན་ས་ཁག་གི་དགེ་འདུན་འདུས་མོང་ཡོངས་ནས་བསྔོ་སྨོན་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད། བོད་མི་ཅ༹མ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་སོ་སོར་གང་ཐུབ་རོགས་རིམ་རྒྱ་ཆེར་གནང་གི་ཡོད་པར་སྨོས་ཅི་དགོས། ཡིན་ན་ཡང་ཐུགས་སྐྱོ་བའི་གནས་ཚུལ་ལྟར་ན། ས་གནས་Belgiumགནས་སྡོད་རྒྱ་གར་སྡེ་ར་རྡུན་ནས་ཡིན་པ་བོད་པའི་བུ་མོ་ཆེ༹་དབང་སྒྲོལ་མ་དང་སྐྱིད་འཇོ༹མས་གཉིས་ནས་རང་སྣང་གང་ཤར་གྱི་ཤུལ་ལུས་རྒྱ་ཆེན་མི་དམངས་ཡོངས་ལ་རྩིས་མེད་རྡོག་རིལ་བཏང་སྟེ། ཁོ་མོས་བོད་མི་རིགས་ཀྱི་ལ་རྒྱ་དོར་ནས་གླུ་གར་དགོང་ཆོ༹གས་ཅིག་གོ་བསྒྲིགས་བྱས་སྟབས། ས་གནས་སྐུ་ཆ༹བ་སྐུ་ངོ་བདེ་དོན་ལགས་ཀྱི་གཅོ༹ས་ཆོ༹གས་པ་ཁག་གི་འགན་འཇི༹ན་རྣམ་པས་ཁོ་མོ་གཉིས་ལ་གླུ་གར་དགོང་ཆོ༹གས་ཕྱིར་འཐེན་ཡོང་བའི་འབོད་བསྐུལ་བྱས་ཀྱང་ཉན་མི་འདུག།
    དེ་བརྟེན་ཤུལ་ལུས་རྒྱ་ཆེན་འབྲེལ་ཡོད་མི་མོང་ནས་གདུང་སེམས་མཉམ་བསྐྱེད་ཐོག་ཁོ་མོ་གཉིས་ལ་བསྐྱར་དུ་འབོད་བསྐུལ་བྱས་རྗེས། ཆོ༹གས་འདུ་ཐོག་ཆོ༹གས་པ་ཁག་གི་འགན་འཇི༹ན་རྣམ་པ་དང་མི་མོང་ཁ་ཤས་ངུ་འབོད་བྱེད་དགོས་པ་བྱུང་འདུག། མཐའ་མ་ཁོ་མོ་གཉིས་འུ་ཐུག་ནས་དགོང་ཆོ༹གས་ཕྱིར་འཐེན་བྱས་འདུག་པས་ཤིན་ཏུ་ངོ་མཆ༹ར་ཆེ།།