ང་ཚོས་ཅ་དངོས་འདི་དག་འགྲེམས་སྟོན་ལ་དམིགས་ཏེ་བཟོས་པ་མིན་པར་སློབ་མ་ཚོས་སློབ་སྦྱོང་གི་དུས་ཚོད་བེད་སྤྱད་དེ་སྦྱངས་བའི་འབྲས་བུ་ཡིན་ཟེར།
དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ བའི་སྟེང་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དང་གངས་སྐྱིད་ཉིན་མོ་སློབ་གྲྭ་གཉིས་མཉམ་འབྲེལ་གྱིས་འདི་ལོའི་ལོ་མགོ་ནས་མགོ་བརྩམས་པའི་སློབ་མ་རྣམས་ཀྱི་བོད་དབྱིན་ཡིག་རིགས་གཉིས་ཀྱི་ཡིག་གཟུགས་དང་རྩོམ་ཡིག སློབ་གསེང་གི་དུས་ཚོད་བེད་སྤྱད་དེ་སློབ་སྦྱོང་བྱས་པའི་ལག་ཤེས་ཐོན་རྫས་ཁག་ཅིག་བཅས་འགྲེམས་སྟོན་བྱས་ཡོད་ལ། སྐུ་མགྲོན་གཙོ་བོར་བོད་གཞུང་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གཙོས་པའི་ཤེས་རིག་ལས་ཁུངས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་ཆེད་ཕེབས་ཀྱིས་གཟིགས་སྐོར་གནང་སོང་། སྐབས་དེར། འདི་གའི་གསར་འགོད་པས་གངས་སྐྱིད་ཉིན་མོ་སློབ་གྲྭའི་སློབ་སྦྱི་རྡོ་རྗེ་སྒྲོལ་མ་ལགས་སུ་ཐེངས་འདིིའི་འགྲེམས་སྟོན་གྱི་དམིགས་ཡུལ་སྐོར་ལ་བཀའ་འདྲི་ཞུས་པར། ཁོ་མོས། ང་ཚོའི་སློབ་མ་རྣམས་ནི་ལོ་ ༣ ནས་ལོ་ ༨ ཀྱི་བར་རེད། སློབ་མ་ཚོར་ཆུང་དུས་ནས་ཡི་གེ་འབྲི་ཀློག་ཁོ་ན་མིན་པར་འདི་ལྟ་བུའི་ལག་ཤེས་སློབ་སྦྱོང་གི་གོ་སྐབས་དང་སྦྱོང་བརྡར་སྦྲད་པ་ཡིན་ན། མ་འོངས་པར་ལག་ཤེས་སྦྱོང་བའི་དུས་ལ་བབ་ཀྱང་ལས་སླ་བོ་དང་གོམས་གཤིས་ཤིག་འཇགས་པར་ཕན་པ་འབྱུང་རྒྱུ་དང་། འགྲེམས་སྟོན་འདི་བརྒྱུད་དེ་མ་འོངས་པར་སློབ་མ་ཚོར་སྐུལ་སློང་གི་ནུས་པ་དང་དེ་དག་ལ་དགའ་སྣང་བསྐྱེད་ཆེད་ང་ཚོས་འདི་གོ་སྒྲིག་བྱས་པ་ཡིན། ལོ་སྔོན་མ་ནས་བཟུང་སྟེ་འདིའི་སྐོར་གྱི་བྱ་འགུལ་སྤེལ་བ་ཡིན་ལ། སློབ་མ་ཚོས་ཀྱང་འདིའི་སྐོར་ལ་དོ་སྣང་དང་དགའ་བོ་བྱེད་ཀྱིན་འདུག ཐེངས་འདིར་ལག་ཤེས་ཐོན་རྫས་རིགས་མི་འདྲ་བ་དགུ་ལྷག་ཡོད། འདི་ཡོད་ཚད་དགེ་རྒན་གྱི་སློབ་སྟོན་འོག་སློབ་མ་རང་གིས་བཟོས་པའི་ལག་ཤེས་ཀྱི་འབྲས་བུ་རེེད། མ་འོངས་པར་ང་ཚོས་འདི་ལས་ལྷག་པའི་ལག་ཤེས་ཀྱི་སྦྱངས་འབྲས་འདོན་པར་འབད་པ་བྱ་རྒྱུ་ཡིན་ཅེས་བརྗོད་བྱུང་།
མེས་དཔོོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་ཚེ་རིང་གཡུ་སྒྲོན་ལགས་ཀྱིས། ལོ་སྔོན་མར་ང་ཚོའི་སློབ་གྲྭ་གཅིག་པུས་འགྲེམས་སྟོན་བྱས་པ་རེད། ཐེངས་འདིར་ང་ཚོ་མཉམ་འབྲེལ་གྱིས་བྱ་འགུལ་འདི་སྤེལ་དོན་ནི་མ་འོངས་པར་ང་ཚོའི་སློབ་གྲྭ་གཞི་རིམ་གོང་མ་དང་གངས་སྐྱིད་ཉིན་མོ་སློབ་གྲྭ་གཞི་རིམ་བར་མ་བཟོས་ཏེ་སློབ་གྲྭ་འདི་གཉིས་མཉམ་འབྲེལ་ཐོག་འཛིན་སྐྱོང་གཅིག་གི་འོག་གནས་རྒྱུ་ཡིན་སྟབས། ཐེངས་འདིར་ང་ཚོ་མཉམ་འབྲེལ་གྱིས་བྱ་འགུལ་སྤེལ་བ་རེད་ཅེས་དང་། ཡང་ཁོང་གིས། ཐེངས་འདིར་སྔོན་མ་དང་མི་འདྲ་བའི་དམིགས་བསལ་གྱི་ལག་ཤེས་ཁག་ཅིག་ཡོད། ཡིན་ནའང་། ཅ་དངོས་འདི་དག་ནི་འགྲེམས་སྟོན་ཁོ་ནར་དམིགས་ཏེ་བཟོས་པ་མིན་པར་སློབ་མ་ཚོས་གཟའ་སྤེན་པ་དང་པོ་དང་སྤེན་པ་གསུམ་པའི་དུས་ཚོད་བེད་སྤྱད་དེ་སྦྱངས་པའི་འབྲས་བུ་ཡིན་ལ། ང་ཚོས་ཕྲུ་གུ་ཚོའི་འདོད་བློ་དང་དགའ་མོས་ལ་བརྟེན་ནས་ཡི་གེ་འབྲི་ཀློག་ཁོ་ན་མིན་པར་རིག་གནས་འདྲ་མིན་གྱི་སློབ་སྦྱོང་སྤྲོད་ཐུབ་ན་མ་འོངས་པར་ལག་ཤེས་སློབ་སྦྱོང་གིས་ཀྱང་ཁོ་ཚོའི་འཚོ་བར་ཕན་པ་ཆེན་པོ་འབྱུང་གི་རེད་ཅེས་བརྗོད་བྱུང།
ཐེངས་འདིའི་འགྲེམས་སྟོན་སྟེང་ངྷ་ས་ཉེ་འགྲམ་གྱི་ནོར་གླིང་དང་མེག་ལོར་སོགས་སུ་ཡོད་པའི་སློབ་མའི་ཁྱིམ་བདག་རྣམས་དང་གངས་སྐྱིད་ཀྱི་ལས་བྱེད། དེ་བཞིན་སློབ་གྲྭ་གཉིས་ཀྱི་དགེ་སློབ་སོགས་མི་ ༡༠༠ ལྷག་འདུ་འཛོམས་བྱུང་ཡོད།