བོད་པས་ནག་ཚོང་རྒྱག་གིན་འདུག་ཟེར།

ཉེ་ཆར་ཇམ་མུ་ཀཤཱི་སྨིར་ཉེན་རྟོག་པས་ལ་དྭགས་བོད་མིའི་གཞིས་གྲོང་ཞིག་ཏུ་ཙན་དན་ནག་པོ་ཀེ་ལོ་ཁྲི་ལྔ་ལྷག་རྙེད་སོན་བྱུང་བ་དང་། ནག་ཚོང་འདི་དང་འབྲེལ་ཏེ་བོད་མི་གསུམ་འཛིན་བཟུང་བྱས་འདུག

ཧི་མ་ལ་ཡའི་རི་བརྒྱུད་དུ་ཁོར་ཡུག་གི་ལས་འགུལ་སྤེལ་མཁན་ཞིག་གིས་འདི་ག་གསར་ཁང་ལ་བརྗོད་པ་ལྟར་ན། ཉེ་ཆར་ལ་དྭགས་ཡུལ་མི་དང་བོད་པ་ཁག་ཅིག་གིས་ནག་ཚོང་གི་ལམ་ནས་ཨ་མ་ར་ཝ་ཏི་མངའ་སྡེ་དང་ཤྲི་ལིངྒ། མ་ན་ལེ་བཅས་བརྒྱུད་དེ་འཛམ་གླིང་ནང་སྟོང་ལ་ཉེ་བའི་ཙན་དན་ནག་པོ་བོད་དུ་དབོར་འདྲེན་བྱེད་ཀྱིན་པ་ལྟར། ༢༠༠༩ ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༢༣ ཉིན་ཇམ་མུ་ཀཱཤི་སྨིར་ཉེན་རྟོག་པས་ལ་དྭགས་ཀྱི་རྒྱལ་ས་སླེ་ནས་ཀེ་ལོ་མི་ཊར་ ༡༢ ཡོད་པའི་ཞེལ་ཅེས་པའི་ཡུལ་དེར་རིག་འཛིན་ཟེར་པའི་བོད་མི་ཞིག་གི་ཁྱིམ་ནས་ཙན་དན་ནག་པོ་ཊམ་ ༥༠ སྟེ། ཀེ་ལོ་ ༥༠༠༠༠ ལྷག་དབོར་འདྲེན་བྱས་ཡོད་པ་ཤེས་རྟོགས་བྱུང་བར་མ་ཟད། དབོར་འདྲེན་བྱས་མཁན་གྱི་རླངས་འཁོར་ཁ་ལོ་བ་བརྒྱ་ཤོག་གཉིས་པའི་བོད་མི་ཕུན་ཚོགས་དང་སྐར་མ། བརྒྱ་ཤོག་དགུ་བའི་བློ་བཟང་ཚེ་རིང་བཅས་མི་གསུམ་འཛིན་བཟུང་གིས་འདྲི་བརྩད་བྱས་མཐར། སླར་ཡང་བོད་པའི་བརྒྱ་ཤོག་གཉིས་པའི་གཞིས་གྲོང་དུ་མོ་ཊ་ཆེན་པོ་ ༣ ཉར་ཚགས་བྱས་ཡོད་པ་རྙེད་སོན་བྱུང་འདུག

རྒྱ་གར་གྱི་གསར་ལམ་ཁག་ཏུ་ཐོན་པ་ལྟར་ན། ཤིང་འདི་ནི་ཨན་ཌ་ར་མངའ་སྡེ་ཁོ་ནར་མ་གཏོགས་མི་སྐྱེས་ཤིང་། འདིས་མེ་མདའི་ཡུ་བ་བཟོ་གི་ཡོད་སྟབས། ཇམ་མུ་ཀཤཱི་སྨིར་ཉེན་རྟོག་པས་ནག་ཚོང་འདི་མཐའ་མཚམས་སུ་ཡོད་པའི་རྒྱ་ནག་གི་བཅིངས་འགྲོལ་དམག་མི་ཚོར་འབྲེལ་བ་ཡོད་སྲིད་སྟབས་དེ་དོན་ཞིབ་འཇུག་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཉེ་ཆར་ལ་དྭགས་ཡུལ་མི་རིག་འཛིན་འབོད་པ་ཞིག་གིས་ཐེངས་འདིའི་ནག་ཚོང་གི་ཉེས་པ་ཡོངས་ཁོང་གིས་ཁས་ལེན་བྱས་འདུག་ལ། དེར་ཡོད་བོད་གཞུང་གི་ལས་ཁུངས་ཁག་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་བོད་མི་དེ་དག་གི་གློད་གྲོལ་ཐད་རོགས་རམ་ཅི་ཡང་གནང་མེད་ཀྱང་། བརྒྱ་ཤོག་ཁག་གི་བོད་མི་ཁག་ཅིག་གིས་ཁེག་ཐག་འོག་ཁོང་གསུམ་གློད་གྲོལ་བཏང་ཡོད་པ་རེད། ཡིན་ཡང་།  ལ་དྭགས་གནས་སྡོད་བོད་པ་ཚོས་མོ་ཊའི་ཁ་ལོ་བ་ཁོ་ན་མིན་པའི་བོད་མི་ཁག་ཅིག་གིས་ཁྲིམས་འགལ་ཡིན་པ་ཤེས་བཞིན་དུ་ནག་ཚོང་གི་ལས་ལ་ཞུགས་ཡོད་ཚུལ་བརྗོད་ཀྱིན་པར་མ་ཟད། ད་དུང་ཁོང་ཚོས་ལས་གཞན་པའི་འབྱོར་ལྡན་གྱི་བོད་མི་ཁག་ཅིག་གིས་ནམ་རྒྱུན་ནག་ཚོང་གི་ལས་ཀ་ཁོ་ན་གཉེར་གྱིན་ཡོད་སྟབས། ནག་ཉེས་དེ་དག་ལ་བརྟེན་ནས་ལ་དྭགས་ཡུལ་མི་ཚོས་བོད་པ་ཞེས་འབོད་དུས་ནག་ཚོང་རྒྱག་མཁན་ཞིག་དང་ལས་སྡུག་པ་བྱེད་མཁན་ཞིག་ཏུ་ངོས་འཛིན་བྱས་ཏེ། དོགས་ཟོན་ནན་མོ་བྱེད་ཀྱིན་པའི་གནས་སུ་གྱར་ཡོད་པ་རེད་ཟེར།

འདི་གའི་གསར་ཁང་གིས་བཙན་བྱོལ་བོད་གཞུང་གི་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་སུ་འདིའི་ཐད་བཀའ་འདྲི་བྱས་པར་ཁོང་གིས། འདི་འདྲའི་རིགས་ནི་ཉེས་པ་འཁུར་དགོས་པ་ཞིག་དང་དམའ་འབེབས་བྱ་དགོས་པ་ཞིག་རེད། ཡིན་ནའང་། ང་རང་གི་གོ་ཐོས་ལྟར་ན། ཐེངས་འདིའི་ཤིང་ཡོངས་རྫོགས་ཙན་དན་དམར་པོ་དང་ནག་པོ་མིན་པར་ཨ་ཀ་རུ་ཡིན་ཚུལ་སོགས་ཀྱང་བརྗོད་ཀྱིན་འདུག དེ་ཁྲིམས་ཐོག་ནས་ཙན་དན་དང་མི་འདྲ་བ་ཞིག་ཆགས་ཡོད་ས་རེད། གང་ལྟར། གཞུང་ངོས་ནས་ཁྲིམས་དང་འགལ་བའི་རིགས་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་རྩ་བ་ནས་བྱ་ཐུབ་ཀི་མ་རེད་ལ། ཡུལ་མིའི་ཁྲིམས་དེ་ངེས་པར་དུ་ཁུར་དགོས་སྟབས། ནང་སྲིད་ལྷན་ཁང་གི་ངོས་ནས་ལ་དྭགས་ས་གནས་མགོ་འཛིན་ལགས་སུ་གནས་ཚུལ་དེའི་ཐད་རྒྱབ་སྐྱོར་ཅི་ཡང་བྱེད་མི་དགོས་པའི་བརྡ་སྤྲད་ཡོད་ཅེས་དང་། ཡང་ཁོང་གིས། འདིའི་རིགས་འདི་བློ་ཕམ་གྱི་གནས་རེད། ང་རང་ཚོས་རང་གི་ལུང་པ་བཞག་སྟེ་མིའི་ལུང་པར་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཆགས་ཡོད་པ་རེད། ང་ཚོའི་དམིགས་ཡུལ་བོད་ཀྱི་བདེན་མཐའ་གསལ་ཐབས་བྱ་རྒྱུ་དེ་ཡིན་སྟབས། མིའི་ལུང་པར་འཚོ་བ་སྐྱེལ་བའི་རིང་ལ་ཁྲིམས་མཐུན་དང་ཡ་རབས་ཚུལ་མཐུན་གྱི་སྒོ་ནས་འདུག་པ་ལས། འདོད་རྔམ་དང་ཁྲིམས་འགལ་གྱིས་ལས་ཀ་བྱས་པ་དེ་ཧ་ཅང་ཐབས་སྐྱོ་བོ་རེད། མ་འོངས་པར་བོད་པ་ཡོངས་ཀྱིས་དེའི་རིགས་ལ་དོ་སྣང་མ་བྱས་ཚེ་མི་རེ་གཉིས་ཞིག་གིས་བོད་པ་ཡོངས་དང་ལྷག་པར་གཞིས་ལུས་སྤུན་ཟླའི་ཐུགས་ཕམ་པའི་གནས་ཚུལ་བཟོས་འོང་གི་རེད་ཅེས་གསུང་བྱུང།

གོ་ཚོད་ལ་ནག་ཚོང་གཉེར་མཁན་དེ་དག་ནི་ལ་དྭགས་ཁུལ་དུ་རྒྱུ་འབྱོར་བ་ལྡན་ཞིང་དབང་ཤེད་ཅུང་ཆེ་བའི་གྲས་ཡིན་སྟབས། ཉམ་ཆུང་བོད་མི་དང་ཡུལ་མི་དག་གིས་མི་འདི་དག་གི་ནག་ཚོང་གི་སྐོར་གསར་ལམ་ཁག་ཏུ་ཡོངས་གྲགས་ཡང་བརྗོད་ཐུབ་ཀྱི་མེད་ཚུལ་ཀྱང་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

21 thoughts on “བོད་པས་ནག་ཚོང་རྒྱག་གིན་འདུག་ཟེར།