ཏཱ་ལའི་བླ་མ་རྩེད་ཐང་།

ཀོ་སི་ཊ་རི་ཀ་རྒྱལ་ཁབ་ཏུ་༧གོང་ས་མཆོག་གི་མཚན་ཐོག་ནས་རྩེད་ཐང་ཆེན་པོ་ཞིག་རྒྱག་འཆར་ཡོད་པ་དེར་རྒྱ་གཞུང་གིས་ངོ་རྒོལ་བྱས་ཡོད་འདུག
   
ཕྱི་ཚེས་ ༢༢ ཉིན་ Latin American Herald Tribune  ཞེས་པས་གནས་ཚུལ་སྤེལ་བ་ལྟར་ན། ཀོ་སི་ཊ་རི་ཀའི་སྲིད་འཛིན་འོས་མི་ཨོ་ཊོན་སོ་ལེ་སི་ Otton Solis  མཆོག་གིས་སཱན་ཇོ་སི་ San jose ས་ཁུལ་དུ་རྩེད་ཐང་ཞིག་རྒྱག་བཞིན་པ་དེའི་མིང་ལ་ཏཱ་ལའི་བླ་མ་རྩེད་ཐང་ཅེས་མཚན་འདོགས་རྒྱུ་ཡིན་ཚུལ་གསུངས་པ་དེར་རྒྱ་གཞུང་གིས་ངོ་རྒོལ་བྱས་ཡོད་འདུག་ལ། དེ་ནི་རྒྱལ་ཁབ་གཉིས་བར་གྱི་ཐུན་མོང་གི་འདོད་པ་མིན་ཚུལ་རྒྱ་ཕྱོགས་ནས་བཤད་ཡོད་འདུག

ཡུལ་དེའི་མི་མང་ལས་འགུལ་ཚོགས་པའི་ཚོགས་གཙོ་ ཨོ་ཊོན་ སོ་ལེ་སི་མཆོག་གིས། ཡུལ་དེའི་དཔལ་འབྱོར་གྱི་རྟེན་ས་ཞན་པས་ཁོང་གིས་རྩེད་ཐང་དེ་༧གོང་ས་མཆོག་གི་མཚན་ཐོག་ནས་རྒྱག་རྒྱུ་ཡིན་ཚུལ་བརྗོད་རྗེས།  རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་ཕྱི་ཚེས་ ༢༡ ངོ་རྒོལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྩེད་ཐང་དེས་རྒྱ་ནག་དང་ ཀོ་སི་ཊ་རི་ཀ་རྒྱལ་ཁབ་གཉིས་ཀྱིས་མཛའ་འབྲེལ་མཚོན་ཐུབ་ཀྱི་ཡོད་ཅེས་བརྗོད་འདུག་ལ། རྒྱ་གཞུང་གིས་རྩེད་ཐང་གསར་རྒྱག་དེའི་ཆེད་ཨ་སྒོར་ས་ཡ་ ༨༣ ལྷག་གི་རོགས་རམ་བྱས་ཡོད་འདུག

རྩེད་ཐང་དེར་རྐུབ་སྟེགས་ ༣༥༠༠༠ ལྷག་ཡོད་པ་མ་ཟད། དེར་རྩེད་མོའི་རིགས་ ༣༢ ལྷག་གི་ལས་ཁུངས་མ་ལག་བཙུགས་ཡོད་པ་དང་། རས་ཡོལ་བརྙན་པར་དང་རྩེད་རིགས་འགྲེམ་སྟོན་ཁང་།  དེ་མིན་གྱི་རྩེད་མོའི་རིགས་ཀྱི་རྣམ་གྲངས་མང་པོ་ཞིག་ཡོད་པ་རེད། ཡུལ་དེའི་མགོ་ཁྲིད་ཚོས་བརྗོད་ན། འཆར་ལོའི་ཟླ་ ༢ དང་ ༣ པའི་བར་རྩེད་ཐང་དབུ་འབྱེད་བྱ་འཆར་ཡོད་ལ། སྐབས་དེར་རྒྱ་ནག་དང་ཡུལ་དེའི་བར་རྐང་སྤོལ་འགྲན་བསྡུར་ཐོག་མ་དེ་བྱ་རྒྱུ་ཡིན་འདུག དེ་བཞིན་དུ་རོལ་དབྱངས་འདུ་འཛོམས་དང་རྩེད་རིགས་གཞན་པ་སོགས་ཀྱང་འགྲན་བསྡུར་བྱ་རྒྱུ་ཡིན་འདུག 

  རྩེད་ཐང་ལས་འཆར་དེ་ནི་ཕྱི་ལོ་ ༢༠༠༧ ལོའི་རྗེས་ཀྱི་ཡུལ་གཉིས་བར་ལ་འབྲེལ་བ་བསྐྱར་གསོ་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག ༧གོང་ས་མཆོག་ཡུལ་དེར་ཐེངས་གཉིས་ལ་ཆིབས་བསྒྱུར་གནང་ཡོད་པ་མ་ཟད།  ཡུལ་དེའི་སྲིད་འཛིན་ Oscar Arias Sanchez  ཨོ་སེར་ཨ་རེད་སི་ སེན་ཆེ་ཛི་མཆོག་ནི་༧གོང་ས་མཆོག་གི་བློས་ཐུབ་ཀྱི་གྲོགས་པོ་ཞིག་རེད་འདུག་ལ།  ཕྱི་ལོ་ ༡༩༨༧ ལོར་ཁོང་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་ཐོབ་ཡོད་འདུག ཕྱི་ལོ་ ༢༠༠༤ ལོར་༧གོང་ས་མཆོག་ཡུལ་དེར་ཕེབས་ནས་སྲིད་འཛིན་དང་མཇལ་འཕྲད་གནང་ཡོད་འདུག  ཕྱི་ལོ་ ༡༩༨༦  ནས་ ༡༩༩༠ ལོ་བར་ཁོང་གིས་ཡུལ་དེའི་སྲིད་འཛིན་གྱི་འགན་ཁུར་ཡོད་པར་མ་ཟད། ཕྱི་ལོ་ ༢༠༠༦ ལོར་ཡང་སྲིད་འཛིན་ལ་བསྐྱར་དུ་འོས་འདེམས་བྱུང་ཡོད་འདུག

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply

9 thoughts on “ཏཱ་ལའི་བླ་མ་རྩེད་ཐང་།

  1. དེང་སང་བདེན་དོན་ལ་རྒྱབ་སྐྱོར་གནང་མཁན་འཛམ་ག་སར་ཇེ་མང་དུ་འགྲོ་བཞིན་ཡོད་པས་་ད་རེ་གོང་ས་མཆོག་གི་མཚན་ཐོག་ཏུ་རྩེད་ཐང་ཞིག་བཟོ་འཆར་ཡོད་པ་འདིས་་་་ང་ཚོའི་བདེན་པ་ཡོད་པའི་མཚོན་རྟགས་གསལ་པོ་ཞིག་རེད་སྙམ།།