ཁ་སང་ཕྱི་ཚེས་ ༡ ཉིན་རྒྱ་ནག་ཞིན་ཧྭ་གསར་ལམ་ཐོག ཉེ་ཆར་བོད་རྒྱའི་འབྲེལ་མོལ་ཐེངས་དགུ་བའི་སྐོར་གྱི་གནས་ཚུལ་བཀོད་པ་དེ་བོད་སྒྱུར་བྱས་ཏེ། དེ་རིང་ཉིན་གུང་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་སུ་བརྒྱུད་འགོད་བྱས་འདུག་པ་དེའི་ནང་བསྟན་དོན།
ཏུའུ་ཆིན་ལིན་གྱིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་དང་བཅས་བསྟན་དོན། ཐེངས་འདིའི་ཚོགས་འདུའི་ཐོག་ནས་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། བོད་ལྗོངས་མི་རིགས་ཁག་གི་མི་དམངས་རྣམས་ལ་ཐུགས་ཁུར་ཟབ་མོ་གནང་གི་ཡོད་པ་གསལ་པོར་མཚོན་ཐུབ་ཀྱི་ཡོད། འཛམ་གླིང་ཐོག་ང་ཚོའི་རྒྱལ་ཁབ་དང་ཀྲུང་གོ་གུང་ཁྲན་ཏང་ནང་བཞིན་ལོ་བཅུ་གྲངས་བསྟུད་མར་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མི་རིགས་ས་ཁོངས་ཤིག་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་མཁན་ནི་ཡོད་པ་མ་རེད། བོད་ལྗོངས་ཀྱི་མི་རིགས་ཁག་གི་རྩ་བའི་ཁེ་ཕན་དང་དངོས་གནས་དྲང་གནས་ཀྱིས་ཚབ་བྱེད་མཁན་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་རྣམས་བདེ་ཞིང་སྐྱིད་པའི་འཚོ་བ་དངོས་གནས་དྲང་གནས་ཀྱིས་སྐྱེལ་དུ་འཇུག་མཁན་དེ་ནི་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་དབྱང་དང་བོད་ལྗོངས་རིམ་ཁག་མི་དམངས་སྲིད་གཞུང་དག་ཁོ་ན་ཡིན་པ་རེད།
ཏུའུ་ཆིན་ལིན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་ཁེ་ཕན་ལ་བཙན་གནོད་བྱས་མི་ཆོག་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་ས་ཁོངས་ཐད་ཕན་ཚུན་གླེང་མོལ་བྱ་ཐབས་རྩ་བ་ནས་ཡོད་མི་སྲིད་ལ། འོས་མེད་མཐུན་ཐབས་བྱེད་ཐབས་སྤུ་ཙམ་ཡང་ཡོད་པ་མ་རེད། རྩ་ཁྲིམས་ཀྱི་ཚད་གཞི་རྡོག་རོལ་དུ་བཏང་མི་ཆོག་ཅིང་། “བོད་ཆེན་པོ”དང་“ཚད་མཐོའི་རང་སྐྱོང་”ཟེར་བ་དེ་ནི་ཀྲུང་གོའི་རྩ་ཁྲིམས་ལས་འགལ་བ་ཞིག་ཡིན་པས། ཤོད་སྟངས་དེ་ཡོངས་སུ་མེད་པར་བཟོས་པ་ཡིན་ན། མཇལ་འཕྲད་གྲོས་མོལ་ལ་གཞི་ནས་གཞི་ཚུགས་ས་ཞིག་ཡོད་པ་རེད་ལ། ཏཱ་ལའི་བླ་མ་སྒེར་ལ་ཡང་གཞི་ནས་མདུན་ལམ་ཡོད་པ་རེད། མི་རིགས་ཀྱི་ལ་རྒྱར་ངན་སྨྲས་བྱས་མི་ཆོག་པ་དང་། གལ་སྲིད་ཏཱ་ལའི་བླ་མའི་ཕྱོགས་ནས་མུ་མཐུད་རྒྱལ་སྤྱིའི་ཐོག་ཏུ་ཀྲུང་གོར་རྒོལ་བའི་དྲིལ་བསྒྲགས་དང་གཏོར་བཤིག་བྱེད་སྒོ་སྤེལ་ཏེ། རྩ་བའི་སྟེང་གི་བརྩི་བཀུར་དང་ལྷག་བསམ་རྣལ་མ་ཞིག་མེད་ན། མཇལ་འཕྲད་གྲོས་མོལ་ལ་གྲུབ་འབྲས་སྨིན་མི་སྲིད། མི་དམངས་ཀྱི་ཐུན་མོང་གི་སེམས་འདུན་དང་རྒྱབ་འགལ་བྱས་མི་ཆོག་ཅིང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་བརྟན་ལྷིང་གི་གནས་སྟངས་ལ་སྔར་ལས་ཀྱང་ལྡབ་འགྱུར་གྱིས་མཐོང་ཆེན་དང་གཅེས་འཛིན་བྱེད་པས། དམངས་སེམས་ལ་མགོ་སྐོར་བཏང་མི་ཆོག་ལ། དམངས་བློ་དང་རྒྱབ་འགལ་བྱས་མི་ཆོག རྣམ་པ་འདྲ་མིན་སྣ་ཚོགས་སྤྱད་ནས་སིམ་འཛུལ་གཏོར་བཤིག་གི་ལས་འགུལ་སྤེལ་རུང་འགྲུབ་ཐབས་མེད་ཅིང་། དེ་ལས་ལྡོག་ཏེ་མཇལ་འཕྲད་གྲོས་མོལ་ལ་བར་ཆད་ཐེབས་ནས། ཏཱ་ལའི་བླ་མའི་ཕྱོགས་དེ་ཁེར་རྐྱང་དུ་ལུས་རྒྱུ་རང་རེད།
ཏུའུ་ཆིན་ལིན་གྱིས་ནན་གསུངས་དོན། ཀྲུང་དབྱང་གིས་ཏཱ་ལའི་བླ་མའི་ཕྱོགས་ལ་བཏོན་པའི་སྲིད་ཇུས་དེ་ནི་སྔར་མུས་རྒྱུན་བསྲིངས་དང་། འགྱུར་མེད་གསལ་པོ་ཡིན་པ་དང་། མཇལ་འཕྲད་གྲོས་མོལ་གྱི་སྒོ་མོ་ཡོངས་སུ་ཕྱེས་ཡོད་པ་བཅས་ཀྱི་སྲིད་ཇུས་དེ་ལ་ད་བར་འགྱུར་བ་བཏང་མེད། ཏཱ་ལའི་བླ་མས་དངོས་གནས་དྲང་གནས་ཀྱིས་མཇལ་འཕྲད་གྲོས་མོལ་ལ་གྲུབ་འབྲས་སྨིན་པར་འདོད་པ་དང་། དངོས་གནས་དྲང་གནས་ཀྱིས་ཀྲུང་དབྱང་བར་གྱི་འབྲེལ་བ་ལེགས་བཅོས་གཏོང་བསམ་ན། ལོ་རྒྱུས་ལ་བརྩི་བཀུར་བྱ་འོས་པ་དང་། དུས་རབས་དང་བསྟུན་དགོས་པ། ད་ལྟའི་གནས་བབ་ལ་རྒྱུས་ལོན་གསལ་པོ་ཡོད་པ། སྟོང་བསམ་རྒྱབ་དུ་བོར་བ། ཁ་ཞེ་གཅིག་མཐུན་ཡོང་བ་བཅས་བྱས་ནས། བྱ་སྤྱོད་ངོ་མའི་ཐོག་ནས་ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་ཀྱི་མི་དམངས་རྣམས་ཡིད་ཆེས་ཆོག་པ་ཞིག་ཆགས་པར་བྱ་དགོས། ཞེས་དང་།
ཀྲུང་དབྱང་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆོན་དང་པུའུ་ཀྲང་གཞོན་པ་སྲི་ཐར། བོད་རང་སྐྱོང་ལྗོངས་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གཞོན་པ་ཉི་མ་ཚེ་རིང་བཅས་ཀྱིས་རྒྱ་རི་འཁོར་དང་བཅས་པ་དང་བཀའ་མོལ་གནང་སྐབས་ཡང་བསྐྱར་བསྟན་དོན། “བོད་ཡུལ་གྱར་སྲིད་གཞུང” ནི་ཁྲིམས་ལས་འགལ་བ་ཞིག་ཡིན་པས། དེས་བོད་ལྗོངས་དང་བོད་མི་དམངས་ཀྱི་ཚབ་རྩ་བ་ཉིད་ནས་བྱེད་མི་ཐུབ་པ་རེད། ཁྱེད་ཚོ་ནི་ཏཱ་ལའི་བླ་མ་སྐུ་སྒེར་གྱི་འཐུས་མི་ཁོ་ན་ཙམ་ཡིན་པས། བཀའ་མོལ་བྱེད་ནའང་ཁ་བྲལ་རིང་ལུགས་ཀྱི་གཏམ་སྤྱོད་ཡོད་ཚད་རྒྱབ་ཏུ་སྐྱུར་བའི་ཐོག་མའི་ཆ་རྐྱེན་འོག ཏཱ་ལའི་བླ་མ་སྐུ་སྒེར་དང་ཁོང་གི་སྐུ་འཁོར་དུ་ཡོད་པའི་གང་ཟག་རྣམས་ཀྱི་མདུན་ལམ་ཐད་ཀྱི་གནད་དོན་ལས་གཞན་གླེང་ཐབས་མེད་ཚུལ་གསུངས་བ་རེད། ཅེས་བཀོད་འདུག