བོད་ནང་གི་གནས་སྟངས་སྔར་བཞིན་ཛ་དྲག་གི་རྣམ་པ་ནས་ཡར་རྒྱས་གང་ཡང་སོང་མེད་སྟབས། འདི་ལོར་ཡང་གཞུང་ཞབས་པ་རྣམས་ཀྱིས་ལོ་གསར་གཏོང་མི་ཆོག་ཟེར།
དེ་རིང་སྟེ་ཕྱི་ཚེས་ ༣ ཉིན་བོད་གཞུང་བཀའ་དྲུང་ཡིག་ཚང་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། དེ་སྔོན་ས་བྱི་ལོའི་ནང་བོད་དུ་དྲག་གནོན་གྱི་གནས་ཚུལ་ཚབས་ཆེན་འོག་བོད་མི་བརྒྱ་ཕྲག་མང་བོ་རྐྱེན་འདས་དང་། སྟོང་ཕྲག་མང་བོ་བཙོན་འཇུག་བྱས་པ། ད་ལྟའང་མཚམས་མ་ཆད་པར་བཙན་གནོན་དང་དམ་བསྒྲགས་ཀྱི་གནས་ཚུལ་ས་གླང་ལོའི་ནང་དུའང་རྒྱུན་མཐུད་བཞིན་པ་དང་། བོད་ཀྱི་ས་གནས་མང་བོའི་ནང་ད་དུང་ལོ་གསར་གཏོང་རྒྱུ་མིན་པའི་ཐག་གཅོད་བྱེད་མཁན་བྱུང་འདུག་པར་བརྟེན། འཆར་ལོ་ལྕགས་སྟག་ལོའི་ལོ་གསར་སྐབས་གཞུང་འབྲེལ་གྱི་མཛད་སྒོ་རིམ་པའི་ནང་ཚེས་གཏོར་དང་། བསང་གསོལ་སོགས་ཆོས་ཕྱོགས་ཀྱི་མཛད་སྒོ་རྣམས་སྲོལ་རྒྱུན་ལྟར་གནང་བ་མ་གཏོགས། གསོལ་སྟོན་དང་། ཞབས་གཞས། ཤོག་པག་སྤར་བ་སོགས་བག་ཡངས་སྤྲོ་སྐྱིད་ཀྱི་ལས་རིམ་གཏན་ནས་མེད་པ་གནང་དགོས་རྒྱུ་མ་ཟད། གཞུང་ཞབས་ལས་བྱེད་རྣམས་ཀྱང་སྤྲོ་སྐྱིད་གསོལ་སྟོན་སོགས་སུ་ཕེབས་གནང་མེད་པ་དགོས་རྒྱུ་ཞེས་གསལ་འདུག
འདི་གའི་གསར་འགོད་པས་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་སུ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། བཀའ་ཤག་ནས་ད་ལོ་བོད་ནང་གི་ས་གནས་ཁག་ཅིག་ཏུ་ལོ་སར་མི་གཏོང་རྒྱུ་བྱས་འདུག་པ་གསན་ཐོས་བྱུང་ཡོད་པ་རེད་ལ། དེ་ལྟ་བུའི་སྙན་གསན་ཞུ་མཁན་ཡང་འགའ་རེ་བྱུང་སོང་། དེ་ལྟར་བྱུང་མིན་ལ་མ་ལྟོས་པར་ལོ་སྔོན་མ་དང་ད་ལོའི་གནས་སྟངས་བར་ཡར་རྒྱས་ཀྱི་རྣམ་པ་གང་ཡང་བྱུང་མེད་པར། ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་སྐབས་ནས་མགོ་བཙུགས་པའི་བོད་མི་ཞི་བའི་སྒེར་ལངས་ནང་ཞུགས་མཁན་མང་བོ་ཞིག་མུ་མཐུད་བཙོན་འཇུག་དང་། ཁྲིམས་ཆད་ནན་མོ་ཕོག་པ། ཁྲིམས་ཐག་བཅད་པ། རྨས་སྐྱོན་ཕོག་པ་སོགས་མུ་མཐུད་སྡུག་སྦྱོར་མནར་གཅོད་མྱོང་བཞིན་པར་བརྟེན། ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བྱེས་གྱར་བོད་མི་རྣམས་ཀྱིས་ཁོང་རྣམ་པར་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་དུ་འདི་ལོའི་ལོ་གསར་རྒྱས་སྤྲོས་ཀྱིས་མི་གཏོང་རྒྱུའི་ཐག་གཅོད་བྱས་པ་རེད། ལྷག་པར་དུ་གཞུང་ཞབས་པ་རྣམས་ལ་མཚོན་ན་འགན་ཅུང་ཙམ་ཆེ་བ་ཡོད་པའི་ཆ་ནས་ལོ་སར་སྐབས་ཆོས་ཕྱོགས་ཀྱི་མཛད་སྒོ་ལས་རྒྱས་སྤྲོས་མི་གཏོང་རྒྱུ་དེ་གལ་ཆེན་པོ་རེད་ལ། འདི་གའི་བཀའ་དྲུང་ཡིག་ཚང་ནས་ནན་ཏན་སྒོས་གསལ་བསྒྲགས་ཀྱང་བཏང་ཡོད། འོན་ཀྱང་། གསལ་བསྒྲགས་དེ་ནི་ང་ཚོས་གཞུང་ཞབས་ལས་བྱེད་རྣམས་ལ་ལོ་གསར་མི་གཏོང་རྒྱུའི་གསལ་བསྒྲགས་སྤེལ་བ་ཙམ་རེད་མ་གཏོགས་དམར་བོའི་གཞུང་ལྟར། མི་མང་ལ་ལོ་གསར་གཏོང་མི་ཆོག་པའི་བཀའ་རྒྱ་བཏང་བ་དེ་འདྲ་མ་རེད་ལ། དེ་ལྟར་བཀའ་གཏོང་ཆོག་གི་ཡང་མ་རེད། མི་མང་གིས་ལོ་གསར་གྱི་དགའ་སྟོན་ལ་རོལ་མིན་དེ་ཁོང་ཚོས་བསམ་བློ་གཏོང་ཕྱོགས་ལ་ཐུག་ཡོད་པ་རེད། གཞུང་གི་ངོས་ནས་ཆེད་དུ་དགག་བྱ་དེ་འདྲ་གང་ཡང་ཡོད་པ་མ་རེད་ཅེས་གསུངས་ཡོད།