དམག་མི་ ༣༠ བསད་པ།

རྒྱ་གར་གྱི་མའོ་གྱེན་ལོག་ཤོག་ཁག་གིས་དམག་མིའི་རླངས་འཁོར་གསུམ་གྱི་སྟེང་ཚུར་རྒོལ་བྱས་ཏེ་དམག་མི་ ༣༠ བསད་ཡོད་འདུག

ཕྱི་ཚེས་ ༦ ཉིན་རྒྱ་གར་གྱི་དྲག་ཆས་དམག་མིས་དབུས་མངའ་སྡེ་ ཆེག་ཊི་སི་གྷར་གྱི་ ཌན་ཊེ་ཝ་ཌ་རྫོང་དུ་མའོ་ཤོག་ཁག་ལ་ཕར་རྒོལ་བྱེད་བཞིན་པའི་སྐབས་སུ། མའོ་ཤོག་ཁག་གིས་ཐོག་མར་ཚུར་རྒོལ་བྱས་ཏེ་ཉུང་མཐར་ཡང་དམག་མི་ ༣༠ བསད་ཡོད་འདུག

ཉེན་རྟོག་པས་བཤད་དོན། མྱུར་སྐྱོབ་རུ་ཁག་གཉིས་ཀྱི་ཐོག་མའོ་གྱེན་ལོག་པ་རྣམས་ཀྱིས་འཇབ་སྒུག་གིས་མེ་མདའ་བརྒྱབས་ཤིང་། ད་དུང་དམག་མཚམས་བཞག་མེད་པར་མེ་མདའ་འཕེན་རེས་བྱེད་བཞིན་ཡོད་འདུག

འདས་པའི་ལོ་ ༢༠ རིང་གི་མའོ་གྱེན་ལོག་པའི་འཐབ་འཁྲུག་ཁྲོད་མི་སྟོང་ཕྲག་ལྷག་གི་ཚེ་སྲོག་ཤོར་ཡོད་འདུག

ཉེ་ཆར་ནས་བཟུང་རྒྱ་གར་གཞུང་གིས་མངའ་སྡེ་ཁག་ཅིག་གི་ནང་དུ་མའོ་གྱེན་ལོག་པ་རྣམས་ལ་ཕར་རྒོལ་དྲག་པོ་བྱེད་མགོ་བཙུགས་ཡོད་འདུག

དེ་རིང་གི་ཚུར་རྒོལ་ཐད་གཞུང་འབྲེལ་མི་སྣ་བཤད་པ་ལྟར་ན། ཐོག་མར་མའོ་གྱེན་ལོག་པ་ཚོས་དམག་མིའི་མོ་ཊ་གཅིག་གི་སྟེང་འཇབ་སྒུག་གིས་ཚུར་རྒོལ་བྱས་པ་དང་། ཁོང་ཚོ་སྐྱོབ་ཆེད་དུ་མོ་ཊ་གཉིས་པ་ཞིག་ཕྱིན་པ་དེར་ཡང་ལམ་སྐེད་ནས་ཚུར་རྒོལ་བྱས་ཡོད་འདུག དེ་དག་སྐྱོབ་ཕྱིར་མོ་ཊ་གསུམ་པ་ཞིག་ཕྱིན་པ་དེར་ཡང་ལམ་སྐེད་ནས་ཚུར་རྒོལ་བྱས་ཡོད་འདུག དེ་ལྟར་ཉུང་མཐར་ཡང་དམག་མི་ ༣༠ ལྷག་བསད་ཡོད་འདུག

མའོ་གྱེན་ལོག་པ་ཚོས་གཞུང་ངོས་ནས་ཁོང་ཚོའི་སྟེང་ཚུར་རྒོལ་བྱེད་པ་དེ་མཚམས་འཇོག་མ་བྱས་ཚེ་འདི་ལྟའི་ཚུར་རྒོལ་བྱེད་རྒྱུ་མཚམས་འཇོག་མི་བྱེད་པའི་ཉེན་བརྡ་བཏང་ཡོད་འདུག

རྒྱ་གར་ནང་སྲིད་བློན་ཆེན་ P Chidambaram ཡིས་མའོ་ཕྱོགས་ཁག་གིས་དྲག་པོའི་རྒོལ་ལན་མཚམས་འཇོག་བྱས་ཏེ་སྐད་ཆ་མ་བཤད་ཚེ་གཞུང་ཕྱོགས་ཀྱི་ཕར་རྒོལ་ཤུགས་ཆེ་རུ་གཏོང་རྒྱུའི་བཀོད་མངགས་བྱས་ཡོད་འདུག

མའོ་ཕྱོགས་ཁག་གིས་རྒྱ་གར་གཞུང་གིས་མའོ་ཕྱོགས་ཁག་གི་མཐོ་རིམ་དཔོན་རིགས་བཞི་འཛིན་བཟུང་བཙོན་འཇུག་བྱས་པ་གློད་གྲོལ་དང་། གཞུང་དམག་གི་ཚུར་རྒོལ་མཚམས་འཇོག་བྱས་ན་ཁོང་ཚོའི་ངོས་ནས་སྐད་ཆ་བཤད་ངེས་ཡིན་ཅེས་བཤད་ཡོད་འདུག

རྒྱ་གར་སྲིད་བློན་མན་མོ་ཧན་ སིན་མཆོག་གིས་མའོ་གྱེན་ལོག་པའི་ཟིན་འཁྲུག་འདི་ནི་རྒྱ་གར་གྱི་ནང་ཁུལ་བདེ་འཇགས་ཀྱི་དཀའ་ངལ་ཆེ་ཤོས་དེ་ཡིན་པར་གསུངས་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

5 thoughts on “དམག་མི་ ༣༠ བསད་པ།