དེ་རིང་ཉིན་གོང་རྒྱ་ནག་གི་སྲིད་དོན་བཙོན་པ་ལེའོ་ཞོ་པོ་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མ་ཐག བཙན་བྱོལ་བོད་གཞུང་བཀའ་ཤག་གིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཀྱི་ཞུས་འདུག
ཞུ་ཡིག་དེར་བཀོད་དོན། བོད་གཞུང་བཀའ་ཤག་གི་ངོས་ནས་སྐུ་ཞབས་ལེའོ་ཞོ་པོ་ལ་འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་འཚམས་འདྲི་ཞུ་རྒྱུ་ཡིན། རྒྱ་མི་རིགས་ཤིག་ལ་འདི་ལྟའི་ཆེ་བསྟོད་ཀྱི་གཟེངས་རྟགས་ཐོབ་པ་ནི་རྒྱ་ནག་རྒྱལ་ཡོངས་ངོས་ནས་སྤོབས་པ་སྐྱེས་དགོས་པ་ཞིག་ཡིན། འདི་ལོའི་ཞི་བདེའི་གཟེངས་རྟགས་དེ་སྐུ་ཞབས་ལེའོ་ཞོ་པོ་ལ་གནང་བ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་ཁོང་གིས་རང་དབང་གོང་འཕེལ་དང་། རྒྱ་ནག་ནང་མི་སྒེར་གྱི་རང་དབང་ཆེད་ཁྱད་དུ་འཕགས་པའི་ཕྱག་ལས་གནང་བ་དེ་དག་ལ་ངོས་འཛིན་ཐོབ་པ་ཞིག་ཡིན། ཞེས་དང་།
ཁོང་གིས་རྒྱ་ནག་ནང་རང་དབང་དང་མང་གཙོ་ཡོང་ཆེད་ཕྱི་ལོ་ ༢༠༠༨ རྩ་འཛིན་ཡིག་ཆ་ཞེས་བཏོན་པ་དེ་ནི་འགྲན་ཟླ་མེད་པའི་བློས་གཏོང་ཞིག་ཀྱང་ཡིན། ཁོང་གིས་བོད་དོན་དང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཇི་ཙམ་གནང་གི་ཡོད་པ་ནི་ཚང་མས་མཁྱེན་གསལ་རེད། ང་ཚོ་བོད་མི་ཚོས་སྐུ་ཞབས་ལེའོ་ཞོ་པོ་ལ་འོས་ཞིང་འཚམས་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༡༢ ཚེས་ ༡༠ ཉིན་ཁོང་རང་ཉིད་ནས་དངོས་སུ་བཞེས་ཐུབ་པའི་སྨོན་འདུན་ཞུ་བཞིན་ཡོད། ཞེས་བཀོད་འདུག