ཁ་སང་ཕྱི་ཚེས་ ༢ ཉིན་ཨ་རིའི་གྲོང་ཁྱེར་ཨེ་ཊ་ལན་ཌར་ཡོད་པའི་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གིས་དགའ་ལྡན་ཁྲི་པ་སྐྱབས་རྗེས་ལུང་རྟོགས་བསྟན་འཛིན་ནོར་བུ་མཆོག་དབུ་བཞུགས་ཐོག་གྲྭ་ཚང་གི་དགེ་འདུན་པ་ཞལ་གྲངས་ ༣༠ ཙམ་དང་། ཨེ་ཊི་ལན་ཌར་གནས་བཞུགས་བོད་རིགས་མི་མང་བཅས་ཁྱོམ་མི་གྲངས་ ༡༥༠ ལ་ཉེ་བ་ལྷན་འཛོམས་ཐོག འཛམ་གླིང་སྤྱི་དང་བྱེ་བྲག་བོད་པའི་བདེ་རྩའི་ཆེད་ཞབས་རིམ་ཞིག་བསྒྲུབས་ཡོད་འདུག ཁ་སང་ཞོགས་པའི་ཆུ་ཚོད་ ༩ ཙམ་ནས་མགོ་འཛུགས་ཀྱིས་དགེ་སློང་མ་དཔལ་མོའི་ལུགས་ཀྱི་སྤྱན་རས་གཟིགས་ཀྱི་ཆོ་ག་གསུངས་ཡོད་ཅིང་། ཉིན་རྒྱབ་དགའ་ལྡན་ཁྲི་རིན་པོ་ཆེ་དབུ་བཞུགས་ཐོག་འཇིགས་བྱེད་དཔའ་བོ་གཅིག་པའི་བསྙེན་པ་སྲུང་ཟིན་པའི་དགེ་འདུན་པ་བཅུ་གྲངས་ཀྱིས་དྲུག་ཅུ་བའི་ཆོ་ག་བཏང་ཡོད་འདུག ཕྱི་དྲོ་དགེ་འདུན་པ་དང་མི་དམངས་ཡོངས་ནས་ཤེས་རབ་སྙིང་བོ་གསོག་སྒྲུབ་གནང་ཡོད་འདུག
གོང་གི་ཞབས་རིམ་དེ་ནི་བོད་གཞུང་ཆོས་དོན་ལས་ཁུངས་བརྒྱུད་༧གོང་ས་མཆོག་གིས་ “འཛམ་གླིང་སྤྱི་དང་བྱེ་བྲག་ཏུ་བོད་ནང་དུ་ཞི་བདེ་ལྷིང་འཇགས་ཡོང་ཆེད། སྤྱི་ལོ་ ༢༠༡༠ ཟླ་༡༡ ཚེས་ ༢ དང་། བོད་ཚེས་ཀྱི་ཟླ་དགུ་པའི་ཚེས་པ་༡༦ གི་ཉིན་མོར་སྟབས་འཁེལ་བ་བགྱིས་ནས། མདོ་ཕྱོགས་ཀྱི་དགོན་སྡེ་ཁག་ནས་ཤེས་རབ་སྙིང་པོ་མཚན་ཕུད་དང་། སྔགས་ཕྱོགས་ཀྱི་དགོན་སྡེ་ཁག་ནས་གཏོར་རྒྱག་དང་ཚོགས་གང་མང་གསོག་དགོས” ཞེས་བཀའ་གནང་ཡོད་སྐོར་དགའ་ལྡན་ཁྲི་པ་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་ཆོས་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ་གསུངས་པ་ལྟར་བསྒྲུབས་པ་ཞིག་ཡིན་འདུག
ད་དུང་ཆོས་ཚོགས་དེས་ཕྱི་ཚེས་ ༦ ཉིན་བོད་ཀྱི་དུས་སྟོན་ཟེར་བ་ཞིག་སྲུང་གཙི་ཞུ་འཆར་ཡོད་པ་དང་། དུས་སྟོན་དེའི་སྐོར་དགེ་བཤེས་ཡེ་ཤེས་ལགས་ཀྱིས་ངོ་སྤྲོད་གནང་དོན། བོད་ཀྱི་དུས་སྟོན་ཟེར་བ་འདི་ད་བར་ལོ་གསུམ་ལས་འགོར་ཡོད་མ་རེད། འདི་མགོ་འཛུགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་རིག་གནས་དང་། སྒྱུ་རྩལ། ཁ་ཟས་སོགས་ངོ་སྤྲོད་བྱེད་པ་བརྒྱུད་ནས་གཙོ་བོ་ཡུལ་གྲུ་འདིར་བོད་ཀྱི་སྐོར་ལ་གོ་རྟོགས་སྤེལ་རྒྱུ་དེ་རེད། ཅེས་དང་། ཨེ་ཊི་ལན་ཌར་བཅའ་སྡོད་བྱེད་བཞིན་པའི་བོད་རིགས་ཉུང་ཤས་ཤིག་ལས་མེད་ལ། ཆོས་ཚོགས་ཀྱི་ངོས་ནས་རང་ནུས་གང་ཡོད་ཀྱིས་འདི་ལྟ་བུའི་ལས་འགུལ་རིགས་གང་འཇོན་གྱིས་སྒྲུབ་བཞིན་ཡོད། ཨ་རི་བའི་ཕྲུ་གུ་ཚོར་བོད་ཡིག་གི་ཡིག་གཟུགས་འདྲ་མིན་ཐོག་ནས་རང་རང་གི་མིང་འབྲི་སྟངས་སློབ་པ་དང་། དེ་བཞིན། རྡུལ་ཚོན་གྱི་རི་མོ་འབྲི་ལུགས་སྟབས་བདེ་དེ་འདྲ་སློབ་པ། ད་དུང་འཆམ་དང་བོད་གཞས། ཟས་རིགས་སོགས་ངོ་སྤྲོད་བྱེད་པ་བརྒྱུད་བོད་ཀྱི་རིག་གནས་ངོ་སྤྲོད་བྱེད་ཀྱིན་ཡོད། ཅེས་ངོ་སྤྲོད་གནང་ཡོད་འདུག
གོང་གི་གནས་ཚུལ་དེ་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གྲྭའི་སློབ་བུ་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་མཁོ་གཏོང་བྱས།