གཞི་མེད་ལབ་གླེང་ལ་བདེན་དོན་གསལ་བཤད།

༄༅།  དོལ་རྒྱལ་དང་འབྲེལ་བའི་གཞི་མེད་ལབ་གླེང་ལ་བདེན་དོན་གསལ་བཤད།

 

མི་རིང་བའི་སྐབས་ཤིག་ནས་བཟུང་སྤྱི་ཚོགས་ནང་འགའ་ཞིག་གིས་ཕྲན་ལ་དོལ་རྒྱལ་བསྟེན་གསོལ་བྱེད་ཕྱོགས་སྐོར་གྱི་གཞི་མེད་ལབ་གླེང་མང་དག་ཅི་དགར་བྱེད་བཞིན་ཡོད་པ་གོ་ཐོས་བྱུང་ཡང།  གཞི་མེད་རྙོག་གཏམ་ལ་གོམས་པའི་སྐྱེ་བོ་གང་དག་ལ་ཡ་ང་བའི་གནས་སུ་བཟུང་སྟེ་ཇི་མི་སྙམ་པའི་རྟུལ་ཞུགས་ཧུར་བླངས་ཏེ་སྡོད་ཁུལ་བྱས་ཀྱང་བར་སྐབས་ལབ་གླེང་དེ་དག་གིས་རྐྱེན་བྱས་ཏེ་༸གོང་ས་མཆོག་ཆོས་ཀློང་འཁྲུག་པའི་སྣང་ཚུལ་ལ་དོགས་འཆར་བྱུང་བས། ཅི་སྟེ་དེ་ལྟར་ཡིན་ན་རང་ཅག་རྣམས་ཀྱི་འདི་ཕྱི་གཉིས་དགེའི་གཞི་རྩ་སྟོར་བ་ཡིན་པས་བློ་འཚབ་ཆེན་པོ་བྱུང་སྟེ། མོན་གྷོ་དགའ་ཤར་བཀའ་ཆོས་སྐབས་ཕྲན་གྱིིས་སྔ་ཕྱིའི་གནས་ཚུལ་དེ་དག་སྐོར་གྱི་བྱུང་རིམ་རྣམས་སྐུ་སྒེར་བརྒྱུད་ནས་༸གོང་ས་སྐྱབས་མགོན་ཆེནཔོར་ཞིབ་ཕྲའི་སྙན་ཞུ་ཞིག་འཕྲལ་མར་ཕུལ་བར་བརྟེན། ཉིན་དེ་རང་ནས་༸གོང་ས་ཆེན་པས་ཕྲན་གྱི་གནས་ཚུལ་ལ་ཐུགས་ཡིད་ཆེས་ངེས་བྱུང་བས་བཀའ་བཟང་བདུད་རྩིའི་ཉིང་ཁུ་སྤྱི་བོར་ཕེབས་པས་བླ་མ་མཉེས་པའི་སྒྲུབ་པའི་མཆོད་པ་བླ་མེད་དུ་འཁུམས། འོན་ཀྱང་འགྱེལ་ས་ནས་ལངས་ཞེས་པའི་དཔེ་ལྟར་སྤྱི་ཚོགས་ནང་བྱུང་བའི་ལབ་གླེང་ལ་སྤྱི་ཚོགས་ཁྲོད་དུ་གསལ་བཤད་ཅིག་བྱེད་ན་ཚང་མས་ལེགས་ཉེས་ཤན་འབྱེད་ནུས་པའི་རྒྱུར་མཐོང་སྟེ། སྔ་ཕྱིའི་བྱུང་རིམ་སྙིང་བསྡུས་ཞིག་གཤམ་དུ་རིམ་བཞིན་ཞུ་འདོད་བྱུང

 

 དེ་ཡང་དང་ཐོག་ཕྱི་ལོ་ ༡༩༩༦ ལོར་༸གོང་ས་མཆོག་གཟིམ་ཆུང་དུ་མཇལ་བཅར་སྐབས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱེད་གལ་ཆེ་བའི་བཀའ་བཟང་ཕེབས་པ་ནས་བཟུང་ངོ་ལྐོག་མེད་པར་ཞེ་ཐག་པ་ནས་མཚམས་འཇོག་གཙང་མ་བྱེད་པ་མ་ཟད་ལོ་དེར་དྷ་ས་ནས་ཐད་ཀར་བོད་ལ་འགྲོ་རྒྱུའི་ཐག་ཆོད་ཟིན་ཀྱང་དྷ་ས་ནས་སེར་ལྷོ་ཁང་ཚན་དུ་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་ངེས་པར་བྱེད་དགོས་པའི་དགག་དགོས་རྒྱུ་མཚན་དང་བཅས་ངག་འཕྲིན་ཕྲན་དུ་བསྐུར་བ་ནས་བཟུང་སེར་ལྷོ་ཁང་ཚན་མཚམས་འཇོག་གཙང་མ་བྱས་ཡོད། ཕྲན་རང་བོད་དུ་འབྱོར་ནས་ཀྱང་༸གོང་ས་མཆོག་གི་བཀའ་དགོངས་དང་བོད་ཀྱི་རྩ་དོན་སྙིང་ལ་བཅངས་ཏེ་ལམ་སྟོན་བྱེད་རྒྱུའི་གོ་སྐབས་ནམ་བྱུང་ལ་ཞིབ་ཕྲའི་གསལ་བཤད་བྱས་རྐྱེན། མཁྲེེག་བཟུང་ཅན་འགའ་རེ་མ་གཏོགས་དགོན་ཁག་འགའ་ཞིག་ནས་མཚམས་འཇོག་གཙང་མ་བྱེད་ཐུབ་པར་བྱུང་ཡོད་། སྐབས་དེར་འགའ་ཞིག་ནས་ཁོ་བོ་བོད་དུ་ཏཱ་ལའི་བླ་མས་དོལ་རྒྱལ་དམ་བསྒྲགས་བྱེད་པར་བཏང་བ་ཞིག་རེད་འདུག་ཅེས་ལབ་གླེང་བྱུང་བར་རྒྱ་དམར་ནས་ཕྲན་ལ་དོགས་པ་ཆེན་པོ་བྱས་རྐྱེན་བོད་དུ་སྡོད་བློས་མི་བཟོད་པར་ཕྲལ་དུ་རྒྱ་གར་དུ་ཕྱིར་ལོག་བྱེད་དགོས་བྱུང 

 

དེ་བཞིན་ཁོ་བོའི་སྤུན་མཆེད་བཀྲ་ཤིས་བདེ་ལེགས་ཞེས་པ་ཞིག་ཡོད་པ་དེ་ལ་དོལ་རྒྱལ་མཚམས་འཇོག་བྱེད་དགོས་སྐོར་ལོགས་སུ་ནན་བཤད་བྱས་ཀྱང་དེ་ལས་ལྡོག་ཏེ་ཚུར་རྩོད་གླེང་མང་དག་ཅིག་བྱས་མཐར་ཕྲན་ནས། འོ་ན་ཟན་རིལ་བསྒྲིལ་ན་འོས་སྐོར་བཤད་ཀྱང་དེ་བས་ཀྱང་ཉན་འཇོག་བྱས་མ་སོང། མ་ཟད་ཕྱིས་སུ་དེའི་སྐོར་གཞི་མེད་ཀྱི་དཀྲོག་གཏམ་མང་པོ་སྤེལ་འདུག་པ་ཐོས་བྱུང་། བར་ལམ་ཁོ་རང་གིས་ཕྲན་ལ་ཐུག་འདོད་ཡོད་སྐད་བཤད་ཀྱང་ཁྱེད་རང་དོལ་རྒྱལ་མཚམས་འཇོག་གཙང་མ་མ་བྱུང་བར་དུ་ངོས་གཉིས་ཐུག་འཕྲད་བྱ་རྒྱུ་མིན་ཞེས་བཤད་དེ་འབྲེལ་བ་བྱས་མེད་ལ། གུས་པས་ཁོ་ཚོའི་བྱ་སྤྱོད་ངན་པའི་རིགས་དེ་དག་ལ་བཀག་འགོག་ཤ་སྟག་བྱས་པ་མ་གཏོགས་སྐུལ་སློང་དང་རྒྱབ་སྐྱོར་བྱས་པ་རྩ་བ་ནས་མེད། གོང་འཁོད་བོད་དུ་བྱུང་བའི་གནས་ཚུལ་དང། སྤུན་མཆེད་བཀྲ་ཤིས་བདེ་ལེགས་ཀྱི་བྱེད་བབས་བཅས་གསལ་བཤད་བྱེད་དགོས་དོན་ནི་། ཁོ་བོས་བོད་དུ་དོལ་རྒྱལ་བསྟེན་གསོལ་བྱེད་ཕྱོགས་སྐོར་བཀག་འགོག་ཡེ་ནས་བྱེད་མེད་པའི་དཀྲོག་གཏམ་དང། ད་དུང་སྤུན་མཆེད་བཀྲ་ཤིས་བདེ་ལེགས་སོགས་ལ་ངན་སྐུལ་བྱས་ཡོད་སྐོར་སྒྲོ་འདོགས་འགོག་བྱེད་ཕྱོགས་ཙམ་གསལ་ཁ་བཏོད་ནས་བརྗོད་པ་ཡིན་གྱི། ཞིབ་པར་བྲིས་མ་ལངས་སོ། ཁོ་བོས་ནམ་རྒྱུན་ཆོས་འཆད་པའི་སྐབས་འགའ་ཞིག་ཏུའང་དེའི་ཐད་མཚམས་འཇོག་མ་བྱས་པ་ཞིག་ཡིན་ཕྱིན་ཕྲན་སར་ཆོས་ཉན་པར་མ་ཡོང་རོགས་ཞེས་ནན་བཤད་བྱེད་ཀྱིན་ཡོད།

 

    མཐའ་དོན་བོད་གཞིས་བྱེས་གཉིས་སུ་ཡོད་པའི་བསམ་ཤེས་ཀྱི་སྐྱེ་བོ་ཡོད་ཚད་རང་ཅག་རྣམས་ཀྱིས་བཀའ་དྲིན་བསྐལ་བའི་བར་དུ་གཞལ་དཀའ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་སྤྱི་བཀུར་ཏེ་བླང་དོར་གོ་ལྡོག་ཏུ་མ་སོང་བར་བྱ་གལ་ཆེ་བས་དེ་ལྟར་ཞུ་ཐུབ་པ་བྱུང་ན་འདི་ཕྱི་གཉིས་ཡོད་ཡིན་པ་མཁྱེན་གསལ་ལྟར་དང་ལྷག་པར་དུ་ཁོ་བོ་དང་འབྲེལ་བ་ཐོགས་པའི་སེར་སྐྱ་སུ་ཞིག་ཡིན་རུང་༸གོང་ས་ཆེན་པོའི་ལམ་སྟོན་འོག་མུ་མཐུད་ཤར་བསྐྱོད་ཐུབ་ན་སྐྱེ་བ་གཏན་དུ་མི་སླུ་བ་ཁོ་བོས་སྤོབས་པ་ཆེན་པོས་ཚིག་ཐག་གཅོད་དེ་ཞུ་ཆོག་པས་དེ་དོན་རྟག་ཏུ་སྙིང་བཅངས་ཡོང་བའི་འདུན་པ་ཤུགས་དྲག་ངང་ནས་སོར་བཅུ་སྙིང་ཁར་སྦྱར་ནས་ཞུ་བཞིན་ཡོད་ལགས་ན། བླང་དོར་འཛོལ་མེད་གནང་གལ་ཆེ་བ་ཞུ།

གུས་པ་སེར་ལྷོ་ཆོས་ལྡན་སྤྲུལ་མིང་པས།། །།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply