ས་ཡ་གཅིག་དང་ཕྱེད་ཀའི་རུལ་སུངས་ཐེར་འདོན།

ཨ་ཇོ་བསོད་ནམས་སྟོབས་རྒྱལ།

རུལ་སུངས་ཞེས་པའི་བརྡ་དོན་ལ་གོ་བ་འདྲ་མིན་ཡོད། དཔེར་ན། ཆབ་སྲིད་ཀྱི་རུལ་སུངས་དང་། དཔལ་འབྱོར་གྱི་རུལ་སུངས། དབང་ཆའི་རུལ་སུངས་སོགས་རྣམ་གྲངས་འདྲ་མིན་ལ་སྐབས་ཐོབ་གོ་བ་བླང་ཆོག་པ་ཞིག་ཡིན། རུལ་སུངས་ཀྱི་དྲི་ངན་འདི་ཆེ་བ་རྒྱལ་ཁབ་དང་ཆུང་བ་ཁྱིམ་ཚང་ཡན་གྱི་གཞུང་སྒེར་ཁྱབ་ཁོངས་གང་འདྲ་ཞིག་ཏུ་ཡོད་ཕྱིན་དེ་ཉིད་ངེས་པར་དུ་ཕམ་རྒྱུ་ཡིན་པ་ནི་རུལ་སུངས་ཀྱི་ཆོས་ཉིད་རེད། ང་ཚོས་རྒྱ་ནག་གི་ཉེ་རབས་ཀྱི་བྱུང་རབས་ཏེ་གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཀྱི་འཐབ་རྩོད་ཆེན་མོའི་རྒྱུད་རིམ་ལ་ཞིབ་ལྟ་ཞིག་གནང་ན་ཤེས་ཐུབ། གོ་མིན་ཏང་ལ་མཚོན་ན་དུས་སྐབས་དེའི་ནང་དམག་དོན་དང་། དེ་མིན་གྱི་ཆབ་སྲིད་སྒྲིག་འཛུགས་གང་ཞིག་ལ་བལྟས་ཀྱང་ཚང་མ་ཕུལ་བྱུང་ཤ་སྟག་ཡིན། གསར་དུ་སྒྲིག་འཛུགས་བྱས་པའི་ཐབ་གསར་གཞིས་གསར་གུང་ཁྲན་ཏང་གི་ལག་འོག་ཏུ་ཕམ་རྒྱུ་ཡིན་པ་ཁོ་ཚོའི་མཐོ་རིམ་དཔོན་རིགས་ཚོའི་རྨི་ལམ་དུའང་མེད། དགོས་མཁོ་ཆེ་བའི་གསང་བའི་སྒྲིག་འཛུགས་ནང་དུའང་ཆེད་ལས་ཕུལ་བྱུང་གི་མི་སྣ་ཤ་སྟག་ཡོད་པ་རེད། ཡིན་ནའང་ཁོ་ཚོ་གུང་ཁྲན་ཏང་གི་ལག་འོག་ནས་ཕམ་སོང་བ་རེད། ཁོ་ཚོ་འདི་ལྟར་ཕམ་དོན་ཡང་ཁོ་ཚོའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་གང་སར་རུལ་སུངས་ཀྱིས་ཁྱབ་པ་འདི་གཅིག་པུས་ལན་པ་རེད། རུལ་སུངས་ཀྱི་ཁྱབས་ཁོངས་ནང་ངོ་ལྐོག་རྒྱབ་མདུན་དང་། ངོ་དགའ་སྤྲེལ་ལད་སོགས་གཡོ་སྒྱུ་དང་ཁྲམ་པའི་བྱ་སྤྱོད་གང་ཡིན་ནའང་བེད་སྤྱོད་གཏོང་ས་ཡོད་པར་བརྟེན་གུང་ཁྲན་ཏང་གིས་དེ་དག་བེད་སྤྱད་དེ་གོ་མཚོན་གྱི་དཔུང་ཤུགས་ཁྲི་འབུམ་ལས་ཀྱང་ལྷག་པའི་རྒྱལ་ཁ་བླངས་ཡོད་པ་རེད།

རང་རེའི་སྐྱབས་བཅོལ་བའི་མི་ལོ་ལྔ་བཅུའི་འགྲུལ་ཐག་རིང་མོའི་ནང་དུ་བསམ་གཞིགས་ཤིག་བྱས་ན་ང་ཚོར་དབུ་ཁྲིད་ཁྱད་དུ་འཕགས་པ་ཞིག་ཡོད་པས་སྐྱབས་བཅོལ་བའི་སྤྱི་ཚོགས་གཞན་དང་མ་འདྲ་བའི་སྒྲིག་འཛུགས་ཤིག་འཛུགས་སྐྲུན་བྱེད་ཐུབ་ཡོད་ཀྱང་། དེ་རིང་ང་ཚོ་ཁ་ཐབས་འདི་འདྲ་ཞིག་ལ་གྱུར་བ་འདི་ཡང་རུལ་སུངས་གཅིག་པུས་ལན་པ་ང་ཚོའི་ཉེ་རབས་ལོ་རྒྱུས་ནང་གི་གུར་སེར་པོ་ནས་ཉི་ཧོང་དོན་གཅོད་ཀྱི་རུལ་སུངས་བར་གྱི་ཆབ་སྲིད་དང་དཔལ་འབྱོར་གྱི་རུལ་སུངས་དེ་དག་དང་། དེ་ནས་དེ་རིང་གི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་རུལ་སུངས་བར་གྱི་རུལ་སུངས་ཀྱི་རྣམ་གྲངས་ཆེ་ཆུང་མང་པོས་ང་ཚོའི་རྩ་དོན་གྱི་གནས་བབས་ལ་ཕམ་ཁ་སྤྲད་པ་རེད། དེ་སྔ་གོ་མིན་ཏང་གི་སྒྲིག་འཛུགས་ནང་དང་ད་ལྟ་ང་ཚོའི་སྤྱི་ཚོགས་ནང་རུལ་སུངས་ཐེར་འདོན་བྱེད་མཁན་མེད་པ་མ་ཡིན་ནའང་གོ་མིན་ཏང་དང་། ང་ཚོའི་རུལ་སུངས་ཐེར་འདོན་པ་ཚོས་རུལ་སུངས་ལ་དམིགས་པའི་གཅིག་གྱུར་གྱི་ཐེར་འདོན་མེད་པར་གང་ཟག་ལ་དམིགས་ནས་རུལ་སུངས་ཐེར་འདོན་བྱེད་དགོས་མིན་ལ་བསམ་གཞིགས་བྱེད་ཀྱི་ཡོད། དཔེར་ན། དེ་སྔོན་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོའི་ཧིན་སྒོར་འབུམ་གཉིས་ཙམ་གྱི་རུལ་སུངས་ཐེར་འདོན་བྱེད་ཕོད་མཁན་དེ་ཚོས་ད་ལྟའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་རུལ་སུངས་ཐེར་འདོན་བྱེད་མི་ཕོད་པ་དང་། སྤྱི་རྒྱུ་སྒེར་བདག་གི་གྱོད་དོན་བསྐྱར་སློག་ཡང་སློག་བྱས་ནས་གཞུང་དང་མི་མང་གི་ཁེ་ཕན་སྲུང་སྐྱོབ་བྱེད་ཕོད་མཁན་དེ་ཚོར་ས་ཡ་གཅིག་དང་ཕྱེད་ཀའི་རུལ་སུངས་ལ་དོགས་འདྲི་ཙམ་ཞིག་བྱེད་ཕོད་པའི་བློ་ཁོག་མེད་པ་དེ་ཚོ་རེད། ང་ཚོའི་རུལ་སུངས་ཐེར་འདོན་བྱེད་སྟངས་དེ་གང་ཟག་ལ་དམིགས་ནས་སྐབས་བསྟུན་ཞུ་གི་ཡོད་པས་རུལ་སུངས་ཐེར་འདོན་བྱེད་ཐབས་ཀྱང་རུལ་སུངས་སུ་གྱུར་པ་རེད། དེར་བརྟེན་ང་ཚོའི་ཁ་གཏད་གུང་ཁྲན་ཏང་གི་སྒྲིག་འཛུགས་ནང་ང་ཚོ་ལས་ལྷག་པའི་རུལ་སུངས་ཀྱིས་ཕྱོགས་ཡོངས་སུ་ཁྱབ་ཡོད་ཀྱང་ང་ཚོས་དེ་ཚོ་བེད་སྤྱོད་གཏང་མ་ཐུབ་པར་ཁོ་ཚོས་ང་ཚོའི་རུལ་སུངས་བེད་སྤྱོད་གཏོང་ཐུབ་པའི་ཁོར་ཡུག་བསྐྲུན་པ་རེད།

ང་ཚོའི་སྤྱི་ཚོགས་ནང་ས་ཡ་གཅིག་དང་ཕྱེད་ཀའི་རུལ་སུངས་ཀྱི་སྐད་ཆ་དེ་ཇི་ལྟར་སླེབས་པ་ཡིན་ནམ། དེ་ནི་ཨ་རིའི་དོན་གཅོད་གནས་དབྱུང་བཏང་བའི་སྐད་ཆ་ནས་འཕྲོས་ཏེ་སླེབས་པ་རེད། ཀ་པའི་ཕྱོགས་ནས་ཨ་རིའི་དོན་གཅོད་གནས་དབྱུང་གཏོང་བའི་རྒྱུ་མཚན་ནི་དེ་སྔའི་ཨ་རིའི་དོན་གཅོད་ཀྱིས་བོད་ཀྱི་ཐེབས་རྩ་ནས་དོན་ཁང་གསར་ཉོའི་དགོས་དངུལ་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་བླངས་པའི་རྩིས་ཁྲ་ཡོད་ཀྱང་དོན་ཁང་གི་རྩིས་ཁྲའི་ནང་དེ་གསལ་མེད་པས་དོན་གཅོད་ལས་ཐོག་པས་རང་གི་དཔལ་འབྱོར་རིག་པའི་ཆེད་ལས་བེད་སྤྱོད་བཏང་ནས་གསལ་པོ་བཟོ་རྩིས་བྱས་པ་དེས་འཛིན་སྐྱོང་གི་རུལ་སུངས་ལ་དོ་ཕོག་ཆེན་པོ་འགྲོ་གི་ཡོད་པར་བརྟེན། བཀའ་ཤག་ལྷན་རྒྱས་ཀྱི་གཅིག་མཐུན་རུལ་སུངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དགའ་ལྡན་ཕོ་བྲང་ལ་སྙན་སེང་ཞུས་ནས་རུལ་སུངས་ཐེར་འདོན་དོན་གཅོད་ལས་ཐོག་པ་གནས་དབྱུང་བཏང་པ་རེད་ཅེས་ཤོད་ཀྱི་ཡོད། དེ་བཞིན་ཁ་པའི་ཕྱོགས་ནས་དོན་གཅོད་ལས་ཐོག་པས་རུལ་སུངས་ཀྱི་ནག་ཉེས་ཆེན་པོ་ཞིག་བསགས་ཡོད་པས་བཀའ་ཤག་ནས་དེའི་སྐོར་དགའ་ལྡན་ཕོ་བྲང་ལ་སྙན་སེང་གོ་བསྡུར་ཞུས་ཐོག་དགའ་ལྡན་ཕོ་བྲང་ནས་དོན་གཅོད་ལས་ཐོག་གནས་དབྱུང་ཐོག་ཁོ་པའི་རྒྱབ་ལྗོངས་ཀྱི་རུལ་སུངས་ཐེར་འདོན་མི་དགོས་པ་བྱས་པ་རེད་ཅེས་ཤོད་ཀྱི་ཡོད། ཀ་པ་དང་ཁའི་ཕྱོགས་སོ་སོའི་སྐད་ཆ་གཉིས་ཀར་མཐུན་ས་ཞིག་ཡོད་པ་ནི་དགའ་ལྡན་ཕོ་བྲང་ནས་ཕྱོགས་སོ་སོར་འགེབ་སྲུང་བྱས་པ་དེ་རེད། དེ་ལྟར་ན་ཕྱོགས་གཉིས་ཀས་དགའ་ལྡན་ཕོ་བྲང་སོ་སོའི་ཕྱོགས་སུ་འཐེན་ཐབས་བྱས་ཏེ་དགའ་ལྡན་ཕོ་བྲང་ནག་པོ་བཟོ་ཡི་ཡོད་པ་གསལ་པོ་རེད། ད་ལྟའི་ང་ཚོའི་སྤྱི་ཚོགས་སླར་ཡང་མི་བསམ་ས་ནས་ཟང་ཟིང་དུ་གྱུར་ཅིང་། དེ་ནི་ཨ་རིའི་དོན་གཅོད་ལས་ཐོག་གནས་དབྱུང་བཏང་བའི་རྙོག་གླེང་ནས་འགོ་ཚུགས་པ་དང་དེ་དང་ལྷན་དུ་དོན་རྐྱེན་དེའི་རྒྱབ་ལྗོངས་དང་འབྲེལ་བའི་ཐོག་ནས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་རུལ་སུངས་ཀྱི་སྐད་ཆ་ཞིག་ཡོངས་ཁྱབ་བྱས་པ་རེད། ད་ལྟ་བཀའ་ཤག་ནས་རང་རེའི་སྤྱི་ཚོགས་ལྷིང་འཇགས་དང་། དགྲ་ཕྱོགས་ནས་དཀྲུགས་གཞི་མེད་པ་བཟོ་དགོས་ན་ངེས་པར་དུ་ཨ་རིའི་དོན་ཁང་དང་འབྲེལ་བའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་རྩིས་ཁྲའི་རུལ་སུངས་ཡོད་མེད་ཁ་གསལ་བཟོ་དགོས་ལ་དོན་གཅོད་ལས་ཐོག་པར་རུལ་སུངས་ཀྱི་གནད་དོན་ཡོད་མེད་ཀྱང་གསལ་པོ་བཟོ་དགོས་པ་རེད། ས་ཡ་གཅིག་དང་ཕྱེད་ཀའི་རུལ་སུངས་རྙོག་དྲ་དེ་དངོས་བདེན་ཡིན་ཚེ་བཀའ་ཤག་ནས་ཨ་རིའི་དོན་གཅོད་གསར་པ་ཤེས་རིག་བཀའ་བློན་ལས་ཐོག་པ་དངོས་གྲུབ་ཚེ་རིང་དོན་གཅོད་ཀྱི་ཞབས་སྟེགས་ཐོག་འཁོད་མཚམས་ཁོང་གི་ལོ་མང་གི་ཁ་བདེ་ལྕེ་བདེའི་ཉམས་མྱོང་ལ་བརྟེན་ནས་ས་ཡ་གཅིག་དང་ཕྱེད་ཀའི་གླེང་རྙོག་དེ་རིམ་པ་བདུན་གྱི་ས་འོག་ཏུ་སྦས་རྩིས་ཡོད་ངེས་ཀྱང་། ད་ལྟ་ས་ཡ་གཅིག་དང་ཕྱེད་ཀ་དེ་སྤྱི་ཚོགས་ནང་ཐོན་ཟིན་པར་བརྟེན་དེ་དོན་གཅོད་གསར་རྙིང་འཕོ་འགྱུར་གྱི་ཐབས་ཤེས་ལ་བརྟེན་ནས་སྦས་ས་རག་ཐབས་མེད་པས་བཀའ་ཤག་ནས་ངེས་པར་དུ་ཕྱག་མི་འཇུ་ཐབས་མེད་ཆགས་པ་རེད། དེ་ལྟར་ན་ང་དང་ངའི་གྲོགས་པོ་ཚོས་བཀའ་ཤག་ལ་གསོལ་འདེབས་ཞུ་རྒྱུར། རུལ་སུངས་ལ་བརྟེན་ནས་འཆི་སོན་གྱི་ས་མཚམས་སུ་སླེབས་པའི་བོད་མི་ས་ཡ་དྲུག་གི་རྩ་དོན་དང་། ཕྱོགས་སོ་སོའི་དབང་ཆ་འཐབ་རྩོད་ཀྱི་རུལ་སུངས་ལ་བརྟེན་ནས་ཐོར་ཞིག་འགྲོ་ཉེར་ཐུག་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ལྷིང་འཇགས་དང་དགྲ་ཕྱོགས་ནས་བེད་སྤྱོད་མ་ཡོང་བའི་ཆེད་དུ་གོང་གསལ་དོན་གནད་ལ་གབ་གཡོལ་མེད་པར་ཕྱི་གསལ་ནང་གསལ་བཟོ་རོགས་གནང་ཞུ་རྒྱུ་ཡིན། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག།། །།

བསྐྱར་བཅོས།: ༢༠༡༧/༡༡/༡༣

Leave a Reply

28 thoughts on “ས་ཡ་གཅིག་དང་ཕྱེད་ཀའི་རུལ་སུངས་ཐེར་འདོན།

  1. བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་ཕྱོགས་གཅིག་འཐེན་འཁྱེར་གྱིས་ཕྱོགས་གཞན་གཅིག་པུར་སྐྱོན་བརྗོད་བྱས་པ་ཞིག་ཡིན་པར་མཐོང་གི་མི་འདུག འོན་ཀྱང་བསོད་སྟོབས་ལགས་ཀྱི་རྩོམ་ཡིག་ནང་གསལ་བའི་གནད་དོན་དེ་འདྲ་བ་ཞིག་ཉེ་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ཞིབ་པ་ཞིག་ཨ་རིར་རྩིས་ཞིབ་ལ་ཕྱིན་སྐབས་ཤེས་རྟོགས་བྱུང་ཚུལ་གངས་སྐྱིད་ར་བའི་ནང་གོ་ཐོས་འབྱུང་བཞིན་ཡོད། མེ་མེད་ན་དུ་བ་གང་ནས་ཡོང་ཞེས་པའི་དཔེ་ལྟར་ངེས་པར་དུ་ཞིབ་འཇུག་བྱེད་དགོས་པའི་གནས་ཚུལ་ཞིག་ཡོད་ངེས། འོན་ཀྱང་བསོད་སྟོབས་ལགས་ཀྱིས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་རུལ་སུངས་སྐོར་གང་ཟག་སྒེར་གྱི་མིང་ཐེར་འདོན་གནང་མི་འདུག་པས། ཚོགས་པ་ག་གེ་མོ་དང་སྒྲིག་འཛུགས་ག་གེ་མོར་དེ་འདྲའི་གནས་ཚུལ་དང་དོགས་སློང་ཆོག་པའི་གནང་བ་ནི་མང་གཙོའི་སྲིད་གཞུང་ནང་ཐོབ་ཐང་ཡོད་སྙམ། ལར་ནས་ང་ཚོ་ཚོགས་སྐྱིད་བྱེ་བྲག་པ་ཞིག་དང་། ཆོ་ཁ་དང་སྡེ་ཚན་བྱེ་བྲག་པ་ཞིག་ལ་ནམ་ཡང་སྐྱོན་བརྗོད་བྱེད་ཀྱི་མེད་ལ། བོད་གཞིས་བྱེས་གཉིས་ཀྱི་མ་འོངས་པའི་ཆབ་སྲིད་ཀྱི་སྒྲོམ་གཞི་འདི་ཉིད་སྲ་བརྟན་དང་དྲང་བདེན་དུ་གནས་ཐབས་སུ། རུལ་སུངས་ཀྱི་ཞན་ཆ་ཇི་ཡོད་གཙང་བསལ་བྱ་དགོས་རྒྱུ་ཧ་ཅང་གིས་གལ་ཆེན་པོ་རེད་སྙམ།
    གཞན་ཡང་ད་བར་༸གོང་ས་མཆོག་གི་ཐུགས་རྗེ་ཉག་ཅིག་ལ་བརྟེན་ནས་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་འདི་ཉིད་གྲ་མ་ཆག་གྲུ་ཉམས་པར་ཧྲ་ཐག་ཐག་གནས་ཡོད་ཀྱང་། འདས་པའི་ལོ་ཤས་ནས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་སུ་རྫོགས་པར་མི་མང་གིས་འདེམས་སྒྲུག་བྱས་པའི་སྐུ་ཚབ་ལ་རྩིས་སྤྲོད་ཟིན་པ་ནས་བཟུང་གོ་གནས་དང་རྐུབ་སྟེགས་འདི་ཉིད་ཆབ་སྲིད་ཀྱི་ལག་ཆའམ་སྒེར་གྱི་བསམ་དོན་སྒྲུབ་སའི་སྡིངས་ཆ་ཞིག་ལ་བེད་སྤྱོད་གཏོང་བཞིན་པ་མ་ཟད། ད་དུང་སྤྱི་དངུལ་ཕོན་ཆེ་རུལ་སུངས་དང་འབྲེལ་བའི་གནས་ཚུལ་རིགས་འཐོན་ཡོང་དུས་བོད་མི་ས་ཡ་དྲུག་གི་སྤྱི་བསོད་ཉམས་བཞིན་པའི་མངོན་རྟགས་ཤིག་རེད་སྙམ། དེར་བརྟེན་དྲ་རྒྱ་སོགས་སུ་སྤྱི་ཚོགས་ནང་འབྱུང་བའི་རུལ་སུངས་དང་སྐུ་དབང་བེད་ལོག་སོགས་ཀྱི་བརྩམས་ཆོས་གང་སྤེལ་ཀྱང་། ང་ཚོས་དེ་དག་ལ་ལམ་སང་འཐེན་འཁྱེར་གྱིས་ཁྱོད་བྲིས་པ་དེ་འགྲིག་མི་འདུག་ཅེས་ཚིག་ངན་དང་ཟུར་ཟ་ཤ་སྟག་འཕེན་རེས་བྱེད་ཚེ་ང་ཚོའི་སྤྱི་ཚོགས་ལ་གྱོང་གུད་ཅིག་རེད་སྙམ། ཉེ་སྔོན་ལན་གཉིས་ཙམ་ཇོ་ནང་ཆོས་ལུགས་ལ་ངོས་འཛིན་རྩོད་ལེན་ཆེད་འདི་གའི་གྲོས་ཚོགས་ར་བའི་མདུན་ཐང་དུ་ཞི་བའི་རྔམ་སྟོན་ནམ་ཞུ་འབོད་བྱས་པ་ནི་མང་གཙོའི་འགྲོ་ལུགས་དང་ཡོངས་སུ་མཐུན་པ་ཞིག་ལ་ངོས་འཛིན་དང་སྦྲགས། རིང་མིན་འདི་ཟླའི་ཚེས་ ༢༧ ཉིན་ཡང་མེཀ་གྷན་ནས་གངས་སྐྱིད་བར་ཞི་བའི་རྔམ་སྟོན་གནང་འཆར་ཡོད་འདུག་པས། ངའི་བསམ་པར་ལས་འགུལ་འདི་རིགས་ཀྱང་སྐབས་རེ་དགོས་ངེས་མཐོང་བས། གུས་ཀྱང་གལ་ཏེ་ལས་འགུལ་འདི་རིགས་དངོས་སུ་གོ་སྒྲིག་གནང་ཚེ་མཉམ་ཞུགས་བྱ་ངེས་ཡིན་ལ། དྲ་གྲོགས་ཡོངས་སུ་རྫོགས་པ་ལའང་བོད་མིའི་སྒྲིག་འཛུགས་འདི་ཉིད་ཁྲིམས་ཀྱིས་དབང་སྒྱུར་ཡང་དག་པ་ཞིག་ལ་གནས་ཐབས་ཆེད་དེ་འདྲའི་ལས་འགུལ་ནང་གང་མང་ཞུགས་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

  2. རྩོམ་ཡིག་སྤེལ་པ་ཡིན་ན་ཆ་ཚང་མཁྱེན་པའི་ཐོག་ནས་འབྲི་ན་ཕན་ཐོགས་ཡོད་ངེས་སོང་།དེ་མིན་སྐ་བས་འཚོལ་རིང་ལུགས་ཀྱི་གང་དྲན་འབྲི་པ་ཡིན་ན་སྤྱི་ཚོགས་ཕན་ལས་གནོད་ཆེ་བས་དེ་དོན་དགོངས་འཇགས་ཞུ།

  3. དོན་གྲུབ་བཟང་པོ།

    མཁས་མདོག་ཡོང།དེ་འདྲའི་ཡོད་ན་རྒྱ་མི་ལ་རྩོམ་ཡིག་མང་ཙམ་སྤེལ།དེ་ཡང་སྤེལ་གྱི་མ་རེད་བ།གད་མོ་ཤོར་ཡ་རེད།