ན་ག་སངས་རྒྱས་བསྟན་དར་ལས་བྱེད་འདེམས་ལྷན་གྱི་ཚོཊ་མིར་བསྐོས།

ཁ་སང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༡༧༧ པའི་ཐོག་བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མིར་བསྐོ་བཞག་བྱུང་།

ཐེངས་འདིའི་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མིར་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་མཆོག་དང་། འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཟུར་པ་འཇམ་དཔལ་ཆོས་བཟང་མཆོག དེ་བཞིན་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མི་ཟུར་པ་རྡོ་རྗེ་ལགས་བཅས་ཀྱི་གྲུབ་པའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བའི་ནང་དུ། དྷ་སྟེང་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་གྲངས་འཛིན་དོ་དམ་པ་ཕུན་ཚོགས་རྣམ་རྒྱལ་ལགས་དང་། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དང་། བོད་ཡིག་དཔར་སྐྲུན་གྱི་རྩོམ་སྒྲིག་པ་ན་ག་སངས་རྒྱས་བསྟན་དར་ལགས་རྣམ་གཉིས་འཆར་འབུལ་བྱུང་བར། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་རྒྱུན་ལས་ལྷན་ཚོགས་ཐེངས་ ༡༧༧ པའི་ཐོག་ངོ་ཡོད་སྤྱི་འཐུས་རྒྱུན་ལས་ ༩ ནས་རྒྱུན་ལས་ཚོགས་ཁང་ནང་གསང་བའི་འོས་ཤོག་འཕངས་ཏེ། ན་ག་སངས་རྒྱས་བསྟན་དར་ལགས་སུ་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་སྟེ་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མིར་འདེམས་ཐོན་བྱུང་ཡོད་འདུག

ན་ག་སངས་རྒྱས་བསྟན་དར་ལགས་ནི་ཕྱི་ལོ་ ༡༩༦༡ ཟླ་ ༩ ཚེས་ ༡༥ ཉིན་རྒྱ་གར་བྱང་ཕྱོགས་མ་ནཱ་ལིར་སྐྱེས་ཤིང་། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཉིན་སློབ་ནས་འཛིན་རིམ་བཅུ་པ་ཐོན། ཕྱི་ལོ་ ༡༩༨༡ ལོར་ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་འཛུལ་ཞུགས་ཀྱིས་ལོ་ངོ་༩ རིང་ཐུན་མོང་དང་ཐུན་མིན་རིག་གནས་ལ་སློབ་སྦྱོང་བྱས་མཐར་ཨཅཱརྱའི་བསླབ་པ་མཐར་སོན་པ་དང་། གསེར་གྱི་རྟགས་མའི་བྱ་དགའ་ཐོབ། བསྟན་བཅོས་འཛིན་རིམ་ཐོན་འཕྲལ་ཤར་ཁུམ་བོད་མིའི་སློབ་གྲྭ་དང་དྷ་ཤོད་བོད་ཁྱིམ་སློབ་གྲྭ་གཉིས་སུ་དགེ་རྒན་གནང་། ཕྱི་ལོ་ ༡༩༩༡ ལོར་བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་དང་རྩོམ་འགྱུར་སྡེ་ཚན་དུ་ཞུགས། ཕྱི་ལོ་ ༢༠༠༥ ནས་ད་བར་རིག་གཞུང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དང་བོད་ཡིག་དཔར་སྐྲུན་གྱི་རྩོམ་སྒྲིག་པ། གཏམ་ཚོགས་ཀྱི་རྩོམ་སྒྲིག་པ། དེ་བཞིན། བོད་ཀྱི་རིག་གཞུང་དང་སྐད་ཡིག་གི་དགེ་རྒན་བཅས་གནང་བཞིན་ཡོད་འདུག

ཕྱི་ལོ་ ༢༠༠༣ ལོར་ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་གདན་ཞུས་ལྟར། དགེ་རྒན་འོས་སྦྱོང་གི་སློབ་གཉེར་བ་གཙོ་བཟུང་ཐོག་དེ་གའི་འཛིན་གྲྭ་ཁག་གཅིག་ལ་བོད་ཀྱི་རིག་གནས་ལོ་གཅིག་རིང་སློབ་འཁྲིད་དང་། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་རྩོམ་ཆུང་ངུ་འཇིག་རྟེན་གྱི་མི་སྡེ་དང་ཀུན་ཁྱབ་སེམས་འཁུར། སྙིང་རྗེ་དང་སྐྱེས་བུ་སྒེར། བདག་ཉིད་ཆེན་པོ་གན་དྷིའི་གསུང་རྩོམ་གྲགས་ཅན་རྒྱ་གར་རང་སྲིད་རང་སྐྱོང་བཅས་བོད་སྐད་དུ་བསྒྱུར་ཡོད། མཁས་དབང་དམུ་དགེ་བསམ་གཏན་མཆོག་གི་བོད་དུ་རིག་གནས་དར་ཚུལ་མདོར་བསྡུས་བཤད་པ་ཞེས་པའི་ལོ་རྒྱུས་ཀྱི་དེབ་ཆུང་ཨིན་སྐད་དུ་བསྒྱུར་གནང་། ཕྱི་ལོ་ ༢༠༡༤ ནས་ ༢༠༡༥ བར་ཧྥ་རན་སིའི་རྒྱལ་སྤྱིའི་ཤར་ཕྱོགས་སྐད་ཡིག་སློབ་གྲྭ་ཆེན་མོར་(National Institute of Oriental Language and Civilization, INALCO) བོད་ཀྱི་སྐད་ཡིག་རིག་གཞུང་གི་ཚན་པར་སློབ་འཁྲིད་ཀྱི་སྲི་ཞུ་བསྒྲུབས། གཞན་ཡང་དཔལ་ཡུལ་ཆོས་འཁོར་གླིང་དང་། སྨིན་གྲོལ་གླིང་། དཔལ་སྤུངས་ཤེས་རབ་གླིང་བཅས་སུ་གདན་ཞུས་ལྟར་སློབ་འཁྲིད་གནང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༧/༠༤

Leave a Reply

2 thoughts on “ན་ག་སངས་རྒྱས་བསྟན་དར་ལས་བྱེད་འདེམས་ལྷན་གྱི་ཚོཊ་མིར་བསྐོས།

  1. ན་ག་སངས་རྒྱས་བསྟན་དར་ལགས་སུ་འཚམས་འདྲི་ཞུ་རྒྱུ་ཡིན། རྩ་བའི་མཁྱེན་གསལ་ལྟར་ན་ག་སངས་རྒྱས་བསྟན་དར་

    ལགས་དང་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་གྲངས་འཛིན་དོ་དམ་པ་རྒན་ཕུན་ཚོགས་རྣམ་རྒྱལ་ལགས་ལྟ་བུ་བོད་མིའི་སྤྱི་

    ཚོགས་ནང་ཕྱག་ལས་མང་པོ་གནང་མྱོང་ཡོད། དེ་ལྟ་བུའི་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་རིགས་ད་ལྟའི་བོད་མིའི་སྤྱི་ཚོགས་

    ནང་ཤིན་ཏུ་ནས་དགོས་མཁོ་ཆེ་སྟབས་ཚང་མས་ཐུགས་སྣང་མང་ཙམ་ཡོང་བ་ཞུ།

  2. བཀྲིས་ཚེ་རིང་།

    མཆོག་ཉིད་འོས་ཐོབ་བྱུང་བར་དགའ་འོས་པའི་གཏམ་བཟང་དང་། འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་གི་ཡོད། ཁྱེད་ཉིད་ཀྱིས་ལས་གཞི་ཆེན་མོ་དེར་ང་ཚོ་བོད་མི་རིགས་ཀྱི་བླ་སྲོག་སྐད་ཡིག་ཐོག་བག་ཆགས་ཟབ་མོ་འཇོག་ཐུབ་པའི་རེ་བ་འཆང་བཞིན་ཡོད། དེ་མིན་ང་བཙན་བྱོལ་བོད་མི་རྣམས་སྐྱེས་པ་ནས་བཟུང་གཞན་གཡོག་ཏུ་འགྲོ་བའི་གྲབས་གཤོམ་གནང་ནས་གཞན་སྐད་དང་གཞན་གྱི་ལད་མོ་རྐྱང་རྐྱང་ལས་རང་མི་རིགས་ཀྱི་གོམས་སྲོལ་དང་། སྐད་ཡིག་གི་སྤུད་ཚད་སོགས་ལ་མིག་ཟུར་ཙམ་ཡང་གཟིགས་ཀྱི་མི་འདུག དེར་བརྟེན་མཆོག་ཉིད་ནས་སྔར་མུས་བཞིན་ལས་དོན་ཐོག་ནུས་ཤུགས་མང་གནང་ཐུབ་པའི་རེ་བ་ཡོད།