རྩོམ་པ་པོ། རྔ་བ་རྒྱལ་ཁམས་པ།
རྩོམ་ཁུངས། བོད་ཀྱི་དུས་བབ།
སྔོན་གླེང་།
རྒྱ་དམར་སྲིད་གཞུང་གིས་རྒྱ་ནག་གི་མངའ་ཁོངས་སུ་མི་རིགས་ལྔ་བཅུ་ང་དྲུག་ཡོད་ཅེས་སྒྲོག་ཀྱང་། དོན་དངོས་ཐོག་བོད་པ་ནི་རྒྱ་ནག་ཧན་རིགས་ཕུད། མི་རིགས་གཞན་པ་རྣམས་དང་བསྡུར་ཐབས་གཏན་ནས་མེད། ལོ་རྒྱུས་ཀྱི་ཆ་ནས་རྒྱ་ནག་རྫོགས་ལྡན་དུས་རབས་སུ་བརྗོད་པའི་ཐང་རྒྱལ་རབས་དང་། ཐི་བྷོད་བཙན་པོའི་རྒྱལ་རབ་གཉིས་སྟོབས་ཤུགས་དང་མངའ་ཐང་གི་ཐད་ཕན་ཚུན་དོ་མཉམ་པ་མ་ཟད། སྐབས་དེའི་ཨེ་ཤ་ཡའི་ནང་མངའ་ཐང་འགྲན་རྩོད་ཀྱི་ཐད་རང་རྐྱ་འཕེལ་བའི་བཙན་རྒྱལ་སྟོབས་ཆེ་ཤོས་གཉིས་ཡིན། ཐང་རྒྱལ་རབས་ཀྱིས་བོད་པའི་ངོ་སྲུང་དགོས་པའི་ལོ་རྒྱུས་མང་དག་ཅིག་བྱུང་མྱོང་། སངས་རྒྱས་ཆོས་ལུགས་རྒྱ་གར་ནས་བོད་དུ་དར་སྤེལ་བྱུང་རྗེས། བོད་པའི་དགྲ་འདུལ་གཉེན་སྐྱོང་གི་སེམས་ཁམས་མཁྲེགས་པོ་དེར་ཉི་འོད་ཀྱིས་འཁྱག་རོམ་བཞུས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། སངས་རྒྱས་ཆོས་ལུགས་ཀྱི་ཡོན་ཏན་ལ་མངའ་བརྙེས་པའི་བོད་ཀྱི་བླ་མ་མང་བོ་བྱུང་སྟེ། རྒྱ་ནག་གི་རྒྱལ་བོ་དག་གིས་དབུའི་བླར་བཀུར་ཏེ་མཆོད་ཡོན་གྱི་འབྲེལ་བ་བྱས་པའི་གཡོ་ཇུས་ཀྱིས་ལོ་རྒྱུས་ཀྱི་རྩོད་གླེང་རྙོག་འཛིངས་ཅན་འདི་བྱུང་ཡོད། རྒྱ་ནག་ཁོང་ཚོར་མི་ལོ༥༠༠༠གི་ལོ་རྒྱུས་ལྡན་པའི་དཔལ་ཡོན་ཡོད་ཅེས་སྤོབས་པ་ཆེན་པོས་སྒྲོག་བཞིན་ཡོད། ཟོན་ཏེ་བོད་ཀྱི་གདོད་མའི་བོན་གྱི་དཔལ་ཡོན་དང་བསྡུར་ན་སྟོན་པ་གཤེན་རབས་མི་བོ་ཡེ་ལོ་སྔོན་གྱི་ལོ་ཉིས་སྟོང་ཡས་མས་ཀྱི་མཚམས་ཤིག་ཏུ་བྱུང་ཡོད་པར་ཆ་འཇོག་བྱས་ན་རྒྱ་བོད་ཀྱི་དཔལ་ཡོན་ལོ་རྒྱུས་བྱུང་བའི་དུས་ཚོད་ནི་ཕལ་ཆེར་གཅིག་ལ་ཁད་དུ་འགྱུར་རོ།། བོད་ཀྱི་ས་ཁུལ་གཞན་དག་ལས་བྱུང་བའི་ས་འོག་གི་དངོས་རྫས་ཀྱི་ལོ་ཚོད་དང་བསྡུར་ན་བོད་ཀྱི་དཔལ་ཡོན་ནི་རྒྱའི་དཔལ་ཡོན་དར་བའི་ལོ་དུས་ལས་ལྡབ་མང་བོས་སྔ་མོ་ནས་བྱུང་བ་ཞིག་ཡིན་ཟེར་དགོས་ཀྱང་། དངོས་དོན་དེ་དག་ལ་རྒྱའི་འོག་དྲང་བདེན་གྱི་ལོ་རྒྱུས་ཤིག་འགོད་མི་སྲིད། རྒྱ་གཞུང་གིས་བརྗོད་པའི་མི་རིགས་ལྔ་བཅུ་ང་དྲུག་ནང་བོད་ཀྱི་འཕྲོ་ནས་མི་རིགས་གཞན་དག་དང་བསྡུར་མི་འོས་པའི་མི་རིགས་ནི་སོག་པོ་དང་ཡུ་གུར་། མན་ཇུ་བཅས་རེད། ལོ་རྒྱས་ནང་སོག་པོ་དང་མན་ཇུ་ནི་རྒྱ་ནག་ལ་དབང་བསྒྱུར་མྱོང་བའི་མི་རིགས་གཉིས་ཡིན་ལ། ཡུ་གུར་ནི་ཐང་རྒྱལ་གྱི་རྒྱལ་ཁབ་རྒྱ་བསྐྱེད་གྲོགས་ཀྱི་རྒྱལ་ཁབ་ཅིག་དང་། ཐང་རྒྱལ་བོད་བཙན་པོའི་མངའ་འོག་ནས་སྐྱོབ་མཁན་གྱི་གྲོགས་པོ་བཟང་བོ་ཞིག་ཀྱང་རེད། སོག་པོ་ནི་བཙན་པོའི་དཔུང་ཤུགས་ཀྱིས་འཛམ་གླིང་ཕལ་ཆེར་དབང་འོག་ཏུ་བསྡུ་མྱོང་བའི་མི་རིགས་བཙན་ཤེད་ཅན་ཞིག་ཡིན་ལ། རྒྱ་ལས་བོད་ཀྱི་ཆོས་དང་རིག་གཞུང་གིས་ཤུགས་རྐྱེན་ལྡབ་འགྱུར་གྱིས་ཐེབས་ཡོད་པའི་མི་རིགས་ཤིག་ཀྱང་རེད། བོད་ཀྱི་བླ་མ་ས་སྐྱ་འགྲོ་མགོན་ཆོས་འཕགས་ཀྱིས་རྒྱ་མི་ཁྲི་སྟོང་མང་བོ་སྡེབ་གསོད་བྱེད་པའི་རྒྱའི་མི་ཡུར་ཆེན་པོ་བཀག་པའི་ལོ་རྒྱུས་ལྟ་བུ་གྲངས་ཉུང་དུ་བརྩི་བའི་མི་རིགས་དག་གི་ནང་ཡོད་མ་མྱོང་། འོན་ཏེ་རྒྱ་རིགས་ནང་ལོ་རྒྱུས་དེར་མཐོང་ཆེན་བྱེད་མཁན་གྱི་རྒྱ་རིགས་ཉིན་དཀར་ལྟར་དཀོན་པོ་ཡིན་པ་འདིས་ཀྱང་ཁོང་ཚོའི་རིགས་འདི་དྲང་བདེན་ལས་གཡོ་སྒྱ་ལ་གོམས་ཡོད་པའི་གཤིས་སྤྱོད་རྩིང་པོ་ཅན་ཞིག་ཨེ་ཡིན་སྙམ་དུ་ང་ནི་རྟོག དེས་ན་བོད་ནི་རྒྱ་ནག་གི་དབུ་བླ་དང་། སོག་པོ་དང་མན་ཇུ་ནི་དབང་བསྒྱུར་པ། ཡུ་གུར་ནི་རྒྱ་བོད་ཀྱི་བཙན་འོག་ནས་སྐྱོབ་གྲོགས་ཡིན་པས་རྒྱ་མིས་བརྗོད་པའི་མི་རིགས་དཀྱུས་མ་དག་གི་ནང་བགྲངས་ཏེ་ཁྲིམས་བཟོ་ཁུལ་བྱས་པ་ནི་དོན་དངོས་དང་གཏན་ནས་མི་མཐུན་པ་ཞིག་རེད།
ངོ་སྤྲོད།
༢༠༢༦ ལོའི་ཟླ་༣ ཚེས་༡༢ ཉིན་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་མི་རིགས་མཐུན་སྒྲིལ་དང་ཡར་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་འོས་ཤོག་༢༧༥༦ དང་ངོ་རྒོལ་༣། བར་གནས་སྤོང་འོས་༣ བཅས་ཀྱིས་རྒྱབ་སྐྱོར་བྱས་ཏེ་གཏན་འབེབས་བྱས་ནས་༢༠༢༦ ལོའི་ཟླ་༧ ཚེས་༡ ཉིན་ནས་བཟུང་ལག་བསྟར་བྱས་ཡོད། རྒྱ་དམར་གཞུང་གིས་དེ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་བརྒྱུད་ནས་རྒྱལ་ཁབ་ཡར་རྒྱས་དང་གསར་བརྗེ་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་ཤིག་ཡིན་ཚུལ་འགྲེལ་བརྗོད་བྱས་ཡོད། སྐད་ཆ་དེ་དག་ནི་བོད་ཀྱི་གཙོས་གྲངས་ཉུང་མི་རིགས་ཀྱི་ངོ་བོ་གཅིག་ཏུ་བསྡུས་ནས་དམར་གཞུང་གིས་གཏན་འབེབས་བྱས་པའི་རྒྱ་ནག་གི་མི་རིགས་གཅིག་འགྱུར་བཟོ་བའི་ཁྲིམས་ལུགས་ཤིག་ཡིན་ལ། ལས་འཆར་འདི་ལ་རྒྱ་ནག་དམར་ཤོག་ཚོགས་པས་ཀྲུང་ཧྭ་མི་རིགས་མཉམ་འབྲེལ་གྱི་འདུ་ཤེས་བརྟན་པོ་གོང་འཕེལ་གཏོང་བ་ཞེས་འབོད་ཀྱི་ཡོད།
དེ་ནི་ལོ་བཅུའི་འཕེར་འགྱུར་ལ་བརྟེན་ནས་བྱུང་བ་ཞིག་ལས་གསར་པ་ཞིག་མ་རེད། ཞི་ཅིན་ཕིང་གིས་༢༠༡༩ ལོར་རྒྱ་ནག་གི་ལོ་རྒྱུས་ནི་མི་རིགས་ཁག་གཅིག་ཏུ་འདུས་པའི་གཞི་རྩའི་ཐོག་རྒྱ་ནག་གི་མི་རིགས་མང་པོ་འདུས་པའི་མི་རིགས་གཅིག་ཏུ་གྱུར་བ་ཞིག་ཡིན་པར་བསྒྲགས་པ་ནས་འགོ་བཙུགས་ཡོད། གསར་པ་ནི་ད་ལྟ་དམར་གཞུང་གི་ལྟ་ཚུལ་དེ་ས་གནས་ཀྱི་ཚོད་ལྟ་ལས་བརྒལ་ནས་རྒྱལ་ཡོངས་ཀྱི་ཁྲིམས་ལུགས་སུ་བསྒྱུར་ཡོད་པ་དང་། དེ་ནི་ཐེངས་དང་པོར་རྒྱ་ནག་གི་ས་མཚམས་ལས་བརྒལ་ནས་བཙན་བྱོལ་དུ་ཡོད་པའི་བོད་མི་དང་རྒྱ་ནག་དམར་ཤོག་ལ་རྒོལ་མཁན་ཚོའི་ཐོག་ཏུའང་སླེབས་བཞིན་ཡོད། འགའ་རེས་གནས་ཚུལ་དེ་ཐེ་ཝན་ལ་གཙོ་བོར་དམིགས་པ་ཞིག་ཡིན་པའི་བསམ་ཚུལ་འདོན་མཁན་ཡང་ཡོད། ཡིག་ཆ་དེའི་ནང་དུ་ “གཅིག་གྱུར་” དང་ “མཐུན་སྒྲིལ་” ཞེས་པའི་སྐད་ཆ་འདིའི་འོག་ནས་བོད་དང་པེ་ཅིང་བར་གྱི་ཁྲིམས་མཐུན་འབྲེལ་བ་དེ་དམིགས་བསལ་གྱི་ཐབས་ལམ་གསུམ་གྱི་ཐོག་ནས་བསྐྱར་བཟོ་བྱེད་ཀྱིན་ཡོད།
དེས་ཁྲིམས་ཡིག་བརྒྱུད་ནས་བོད་སྐད་དང་བོད་ཡིག་གི་གནས་བབ་དམའ་རུ་གཏོང་གི་ཡོད་པ། ལེའུ༢དོན་ཚན༡༥པར་སློབ་གྲྭ་དང་། སྒྲིག་འཛུགས་ཁག་གིས་སློབ་གསོ་དང་སྦྱོང་བརྡར་གྱི་གཙོ་བོའི་སྐད་དང་ཡི་གེ་ནི་རྒྱ་སྐད་ཡིན་དགོས་པའི་དགོས་འདུན་བཏོན་ཡོད་ཅིང་། དེས་ཕྱི་ལོ ༡༩༨༤ ལོའི་གྲངས་ཉུང་མི་རིགས་རང་སྐྱོང་གི་ཁྲིམས་ལུགས་སྲུང་སྐྱོབ་རྣམས་རྦད་དེ་མེད་པར་བཟོས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་མཁས་པ་ཚོས་ཁྲིམས་ལུགས་དེའི་ཐོག་ལ་དཔྱད་ཞིབ་བྱས་ཏེ་བོད་སྐད་ནི་རྒྱ་སྐད་ཀྱི་གནས་བབ་དང་སྒྲིག་གཞི་སོགས་ཀྱི་འོག་ཏུ་སྤྱི་ཚོགས་ཀྱི་གནས་སྟངས་ནང་། རྒྱ་ཡིག་ཆེན་པོ་སྟེང་དང་བོད་ཡིག་ཆུང་ངུ་འོག་ཏུ་འབྲི་དགོས་པའི་དགོས་འདུན་དེ་སྐད་ཡིག་གི་ལག་ལེན་གོ་རིམ་ཞིག་ལས་རྒྱ་དམར་གྱིས་སྲུང་སྐྱོབ་བྱེད་རྒྱུར་བཤད་པའི་སྐད་ཡིག་གི་འདྲ་མཉམ་དེ་མིན་ཚུལ་བཤད་ཡོད། འདིས་ཕྱི་ལོ་ ༢༠༢༥ ལོར་བསྐྱར་བཅོས་བྱས་པའི་རྒྱ་སྐད་རྒྱ་ཡིག་ཁྲིམས་མཐུན་སྤྱི་སྤྱོད་ཀྱི་དགོས་འདུན་བཏོན་ཡོད། ཁྲིམས་ལུགས་དེས་བོད་མི་ཚོར་བོད་སྐད་གཙོ་བོ་ཡིན་པའི་སློབ་གྲྭའི་ཁྲིམས་མཐུན་གྱི་ཐོབ་ཐང་རྣམས་མེད་པར་བཟོས་ཤིང་། ཁྲིམས་གསར་པ་དེས་རྒྱའི་སྐད་ཡིག་སློབ་སྦྱོང་གི་སློབ་གྲྭའི་ལོ་ཚད་ཆེས་སྔ་ཤོས་སུ་བསྒྱུར་ནས་བོད་པའི་བྱིས་པ་ཚོས་རྒྱའི་སྐད་ཡིག་མ་སྦྱངས་པའི་སྔོན་ལ་བོད་ཀྱི་སྐད་ཡིག་སློབ་སྦྱོང་གི་གོ་སྐབས་བཀག་སྟེ། གྲངས་ཉུང་མི་རིགས་ཚོར་དངོས་གཞིའི་རང་གི་སྐད་ཡིག་སློབ་ཁྲིད་ཀྱི་གནས་བབ་མེད་པར་བཟོས་ནས། སྔོན་འགྲོའི་སློབ་གྲྭ་ནས་བཟུང་རྒྱ་སྐད་བྱང་ཆུབ་པའི་དམིགས་ཡུལ་བཟུང་འདུག
ཁྱིམ་ཚང་རང་གི་ངོ་བོ་བརྒྱུད་སྤྲོད་ཁྲིམས་འགལ་དུ་ཆགས་པ།
ལེའུ༢དོནཚན༢༠ ལྟར་ན། ཕ་མ་དང་ལྟ་སྐྱོང་བྱེད་མཁན་ཚོས་བྱིས་པར་རྒྱ་ནག་དམར་ཤོག་ཚོགས་པར་དགའ་ཞེན་བྱེད་དགོས་པའི་སློབ་གསོ་དང་ལམ་སྟོན་བྱེད་དགོས་པ་དང་། བྱིས་པར་མི་རིགས་ཀྱི་མཐུན་སྒྲིལ་དང་ཡར་རྒྱས་ལ་གནོད་པའི་ལས་གང་ཞིག་བསླབས་པ་བཀག་འགོག་བྱས་ཡོད། འདི༡༩༨༢ ལོའི་རྒྱ་ནག་དམར་ཤོག་ཚོགས་པས། ལོ་༡༨ འོག་གི་མི་སུ་ལའང་ཆོས་ལུགས་ཀྱི་སློབ་གསོ་སྤྲོད་མི་ཆོག་པའི་བཀག་རྒྱ་རིང་བོ་དེ་དང་མཉམ་དུ་འབྲེལ་ནས་བཤད་ན་བོད་ཀྱི་ཕ་མ་ཚོས་རང་གི་བྱིས་པར་སྐད་ཡིག་དང་། ཆོས་དད། ལོ་རྒྱུས་བཅས་བརྒྱུད་སྤྲོད་བྱེད་སའི་སྒེར་གྱི་བར་སྟོང་མཐའ་མ་དེར་ཐུག་ཡོད་པ་དང་། ཁྲིམས་དེས་ད་ལྟ་བར་སྟོང་དེ་ལ་སྟངས་འཛིན་བྱེད་པའི་དབང་ཚད་ཡོད་པར་བསྟན་ཡོད།
ས་མཚམས་བརྒལ་ནས་གཉའ་གནོན།
དོན་ཚན༦༣ པས་རྒྱ་ནག་དམར་གཞུང་ལ་རྒྱ་ནག་གི་ཕྱི་ལོགས་སུ་ཡོད་པའི་མི་སྒེར་དང་ཚོགས་པ་ཁག་ལ་ “མི་རིགས་ཀྱི་མཐུན་སྒྲིལ་དང་ཡར་རྒྱས་ལ་གཏོར་བརླག་གཏོང་བ་དང་། ཡང་ན་མི་རིགས་དབྱེ་འབྱེད་བཟོ་བ་” ཞེས་བརྗོད་དེ་ཁྲིམས་བསྟར་གྱི་ལས་འགུལ་སྤེལ་ཆོག་པའི་ཆོག་མཆན་སྤྲད་ཡོད། སྐད་ཆ་དེ་ཆེ་ལོང་ཙམ་ལས་དམིགས་སུ་བཀར་ནས་ངེས་བཟུང་བྱས་མེད་སྟབས། རྒྱ་ནག་གཞུང་ལ་གོ་སྐབས་ནམ་ཤར་ལ། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བཙན་བྱོལ་སྒྲིག་འཛུགས། ཕྱི་སྡོད་སྤྱི་ཚོགས་བཅས་འཛམ་གླིང་གང་སར་དམིགས་འབེན་འཛིན་ཆོག་པའི་ཁ་གཡར་ས་ཞིག་བསྐྲུན་ཡོད། དེ་ནི་ནམ་རྒྱུན་ནས་རྒྱ་དམར་གཞུང་གིས་ཕྱི་རྒྱལ་ཁག་ཏུ་གནས་སྡོད་བོད་མི་ཚོ་ལ་དངོས་ཤུགས་བརྒྱུད་གསུམ་ནས་སོ་ལྟ་དང་། བོད་ནང་གི་ཕྱི་སྡོད་བོད་མིའི་གཉེན་ཉེ་ཚོར་འཇིགས་སྐུལ། གཡོ་སྒྱུའི་སྒོ་ནས་ཕྱི་སྡོད་བོད་མི་ཚོ་འགུག་ཐབས་ཀྱི་ཁྲིམས་འགལ་སྤེལ་བཞིན་པ་དེ་དག་ཁྲིམས་མཐུན་དུ་ཨུ་ཚུགས་རྒྱག་པ་ཞིག་རེད།
རྒྱ་ནག་རང་གི་ཁས་ལེན་དང་འགལ་བའི་ཁྲིམས་ཤིག
ཁྲིམས་འདིའི་དམིགས་བསལ་གྱི་སྐྱོན་ཆ་ནི་ཕྱི་རོལ་གྱི་ཚད་གཞི་གང་རུང་ཞིག་ལ་འགལ་བ་མ་ཡིན་པར། རྒྱ་ནག་རང་ཉིད་ཀྱིས་བོད་མི་ལ་བཞག་པའི་ཁས་ལེན་ལ་འགལ་བ་དེ་རེད།
༡༩༥༠ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་བཙན་བཟུང་བྱས་ཏེ་ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་འགོད་དུ་བཅུག་སྐབས། བོད་ཀྱི་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་མི་གཏོང་བ་དང་ཆོས་དད་རང་དབང་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་གསལ་པོ་བྱས་ཡོད། ཁས་ལེན་དེ་དག་ཡོངས་སུ་དོར་བའི་རྐྱེན་གྱིས། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ ༡༩༥༩ ལོར་གྲོས་མཐུན་དེ་རྩིས་མེད་བཟོས་གནང་ཡོད། ༡༩༨༤ ལོའི་ས་གནས་མི་རིགས་རང་སྐྱོང་བཅའ་ཁྲིམས་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་ཉིད་ཀྱིས་ཤོག་བུ་དཀར་བོའི་ཐོག་གནག་ཚ་ནག་པོས་བྲིས་པའི་བསམ་འཆར་ཕྱི་མ་དེ་ཡིན་ཞིང་། དེ་ནི་མི་རིགས་གྲངས་ཉུང་བ་ཚོར་ས་གནས་ཀྱི་ལས་དོན་དོ་དམ་དང་རིག་གཞུང་གི་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་ཅུང་ཡོད་ཚུལ་ལ་དཔགས་ན་ཚད་བཀག་ཡོད་ཀྱང་ངོས་འཛིན་བྱས་པ་ཞིག་རེད། ཁྲིམས་གསར་པ་འདིས་དེ་བསྒྱུར་བཅོས་བྱས་པ་ཙམ་མ་ཡིན་པར་སྒྲོམ་གཞི་དེ་ཡོངས་སུ་དུར་འཇུག་བྱས་ཡོད། རྒྱ་ནག་དམར་གཞུང་གིས་མི་རིགས་རང་སྐྱོང་གི་གཞི་རྩའི་ལྟ་བ་དེ་མི་རིགས་གཅིག་གྱུར་གྱི་དྲང་བདེན་མིན་པའི་རྒྱལ་ཁྲིམས་ནང་བཙན་གྱིས་བཅུགས་ཏེ། བོད་རང་སྐྱོང་ལྗོངས་སོགས་ལོ་རྒྱུས་རང་བཞིན་གྱི་མི་རིགས་རང་སྐྱོང་ཡིན་པའི་མི་རིགས་ཁག་གི་གནས་བབ་དང་ཐོབ་ཐང་ཡོངས་རྫོགས་རྨང་ནས་བཅོམ་ཏེ་རང་ཉིད་ཀླ་ཀློ་དང་ཇག་པ་ཅི་འདྲ་ཞིག་ཡིན་མིན་གྱི་གཤིས་ཀ་ངོ་མ་དེ་ཕྱི་ལ་བསྟན་ཡོད།
ཁྲིམས་འདི་བཟོ་བའི་སྐབས་སུ”མི་རིགས་མཐུན་སྒྲིལ་དང་ཡར་རྒྱས་ཀྱི་དཔེ་སྟོན་ས་ཁུལ་”ཞེས་པའི་སྒྲིག་གཞི་གཏན་འབེབས་བྱས་པ་དེ། བོད་རང་སྐྱོང་ལྗོངས་སུ་ཚོད་ལྟ་བྱས་རྗེས་རྒྱལ་ཡོངས་ཀྱི་ཁྲིམས་བཟོའི་ནང་ཚུད་ཐབས་བྱས་ཡོད། དེ་བཞིན་རྒྱ་ནག་དམར་ཤོག་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལས་ཁུངས་ཀྱིས་ཀྱང་རྒྱ་ནག་གིས་བདམས་པའི་པཎ་ཆེན་རྫུན་མར་བོད་མི་ཚོར་རྒྱ་དང་རྒྱའི་གཤིས་སྤྱོད། དམར་ཤོག་ལྟ་བ་བོད་མིའི་སེམས་ཁམས་སུ་འཇུག་དགོས་པའི་སྐུལ་འདེད་རེ་བ་རྒྱུན་དུ་བརྒྱབ་མོད། སྟབས་མ་ལེགས་པ་ཞིག་ལ། བོད་རིགས་རྣམས་ཀྱིས་མ་གཞི་ནས་པན་ཆེན་རྫུན་མ་དེར་པན་ཆེན་གྱི་སྤྲུལ་སྐུར་ངོས་ལེན་ཆ་འཇོག་བྱེད་ཀྱི་མེད་པས་དེ་དང་འབྲེལ་བའི་རྒྱ་དམར་གྱི་ལས་དོན་དང་འཆར་རྩིས་ཚང་མར་ལམ་འགྲོ་ཕྱིན་མེད། ཁྲིམས་འདི་ནི་རྒྱ་རིགས་མཆོག་འཛིན་པའི་ཁྲིམས་ཤིག་ཡིན་པས་བོད་སོགས་མི་རིགས་གཞན་ལ་ཤུགས་རྐྱེན་ངན་པ་ཞིག་ཐེབས་ངེས་རེད།
རྒྱལ་སྤྱིའི་ཁྲིམས་ལས་འགལ་བའི་ཁྲིམས་ལུགས།
རྒྱ་ནག་གིས་རྒྱལ་ནང་གི་དམ་བཅའ་ཙམ་མ་ཡིན་པར་རང་འདོད་ཀྱིས་མིང་རྟགས་བཀོད་པའི་ཆིངས་ཡིག་ལའང་འགལ་འཛོལ་བྱེད་ཀྱིན་ཡོད། ༢༠༢༦ ལོའི་ཟླ་༤ པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པ་བརྒྱད་ཀྱིས་ཐད་ཀར་རྒྱ་ནག་གཞུང་ལ་སེམས་འཚབ་འདི་དག་བརྗོད་དེ་ཉེན་བརྡ་བཏང་ཡོད། ཁྲིམས་འདིས་མི་རིགས་ཀྱི་འབྲེལ་བར་གཅིག་གྱུར་གྱི་ལྟ་སྟངས་བརྟན་པོ་བཟོ་ཉེན་ཡོད་པ་དང་། དེས་མི་རིགས་གྲངས་ཉུང་གི་ཐོབ་ཐང་ལ་ཚད་བཀག་སྔར་ལས་ཆེ་བ་བཟོ་སྲིད་པ། ལྷག་པར་དུ་གནས་སྐབས་ས་གནས་ཀྱི་ཚོད་ལྟ་དེ་དག་རྒྱལ་ཡོངས་ཀྱི་འགན་ཁུར་ཞིག་ཏུ་བསྒྱུར་ནས་བོད་མི་དང་། ཡུ་གུར། སོག་པོ་བཅས་ལ་མཇུག་འབྲས་ཚབས་ཆེན་བཟོ་སྲིད་པར་ཉེན་བརྡ་བཏང་ཡོད། རིག་གཞུང་གི་སྲིད་བྱུས་ཐད་མཁས་པ་དེ་དག་གིས་ཁྲིམས་འདིས་རིག་གཞུང་གི་མཚོན་ཚུལ་ངོས་ལེན་བྱེད་མིན་ཐག་གཅོད་བྱེད་པའི་དབང་ཚད་དབུས་སྲིད་གཞུང་ལ་ཡོད་པར་བསྟན་ཡོད། འདི་ནི་སྔར་ལྷག་དམ་དྲག་ཏུ་གཏོང་བ་ཞིག་ལས་རིག་གཞུང་གི་རང་སྐྱོང་ངོ་མ་ལ་སྲུང་སྐྱོབ་བྱས་པ་ཞིག་མ་ཡིན་པར་ངོས་འཛིན་བྱས་ཡོད། བྱ་སྤྱོད་དེ་དག་ནི་ཚིག་ཙམ་མ་ཡིན་པར་དོན་དངོས་ཆིངས་ཡིག་དང་རྒྱབ་འགལ་ཏུ་གྱུར་ཡོད།
མི་རིགས་དབྱེ་འབྱེད་ཀྱི་རྣམ་པ་མེད་པར་བཟོ་བའི་རྒྱལ་སྤྱིའི་ཆིངས་ཡིག་(CERD)
ནི་༡༩༨༡ལོར་རྒྱ་ནག་གིས་ངོས་ལེན་བྱས་ཡོད། ཆིངས་ཡིག་འདིས་མི་རིགས་གཙོ་བོའི་རིག་གཞུང་ལ་ཁྲིམས་ཀྱི་ཚད་གཞི་བྱེད་པའི་ཁྲིམས་བཟོ་བར་བཀག་འགོག་བྱས་ཡོད་ཅིང་། དེ་ལ་རྒྱ་ནག་གི་ངོས་ནས་ངོས་ལེན་མིང་རྟགས་བཀོད་ཡོད། དེའི་ནང་དོན་གཙོ་བོ་ནི། རྒྱ་ནག་གིས་རྒྱ་མི་རིགས་མི་རིགས་གཞན་ལས་ལྷག་པར་འཛིན་པ་ ཁྲིམས་མཐུན་དུ་བརྩི་མི་ཆོག་པའི་དོན་རེད། འོན་ཏེ། རྒྱ་ཁྲིམས་འདིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་ཡོད་པའི་གྲངས་ཉུང་མི་རིགས་ལ་དམིགས་བསལ་གྱི་སྲུང་སྐྱོབ་མཇུག་བསྡུས་ཡོད།
རྒྱལ་སྤྱིའི་བུ་ཕྲུག་གི་ཐོབ་ཐང་གི་ཆིངས་ཡིག
ཆིངས་ཡིག་དེ་རྒྱ་ནག་གིས་སྤྱི་ལོ་༡༩༩༢ ལོར་ངོས་ལེན་བྱས་ཡོད་ཅིང་། རྒྱལ་སྤྱིའི་ཆིངས་ཡིག་(དོན་ཚན་༣། ༡༦། དང༣༠) བཅས་ཀྱིས་བུ་ཕྲུག་ཚོའི་རང་གི་རིག་གཞུང་དང་། ཆོས་ལུགས། སྐད་ཡིག་བཅས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱས་ཡོད། དེ་ལྟ་ནའང་། རྒྱ་ཁྲིམས (ལེའུ༢དོན་ཚན༢༠) གྱིས་ཕ་མ་ཚོར་སློབ་ཁྲིད་བྱེད་ཆོག་པ་དང་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པས་ཐོབ་ཐང་དེ་དག་ཐད་ཀར་ཉམས་ཆག་ཏུ་འགྲོ་གི་ཡོད།
རྒྱལ་སྤྱིའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་ཐོབ་ཐང་གི་ཆིངས་ཡིག
རྒྱ་ནག་གིས་རྒྱལ་སྤྱིའི་ཆིངས་ཡིག་དེ་ཕྱི་ལོ་༢༠༠༡ལོར་ངོས་ལེན་བྱས་ཡོད་ཅིང་། ཆིངས་ཡིག་དེས་མི་དམངས་ལ་རང་དབང་ངང་རང་ཉིད་ཀྱི་རིག་གནས་འཕེལ་རྒྱས་གཏོང་བའི་ཐོབ་ཐང་ཡོད་པར་འགན་ལེན་བྱས་ཡོད། འོན་ཀྱང་། རྒྱ་ཁྲིམས་འདིས་རང་དབང་ཐོབ་ཐང་འདི་རྒྱལ་ཁབ་ཀྱི་བསམ་བློའི་གཅིག་གྱུར་གྱི་དགོས་མཁོ་ལ་གམིགས་ཏེ་གཞན་དབང་འོག་བཅུགས་ཡོད།
ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐབ།
འགྲོ་བ་མིའི་ཐོབ་ཐང་དོན་ཚན་བཅུ་བདུན་པས་སྒེར་གྱི་གསང་དོན་སྲུང་བའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་། ཁྱིམ་ཚང་ནས་ཁྱིམ་ཚང་བར་ལག་བསྟར་བྱེད་པའི་རྒྱ་ཁྲིམས་ཀྱི་བཟོ་བཀོད་འདི་མི་རེ་ངོ་རེའི་”བསམ་བློའི་ནང་”འཛུལ་ཞུགས་བྱེད་བཞིན་ཡོད་པས་རྒྱལ་སྤྱིའི་ཡོངས་ཁྱབ་གསལ་བསྒྲགས་འགྲོ་མིའི་ཐོབ་ཐང་ལ་ཐད་ཀར་འགལ་འཛོལ་རྡོག་རྫི་གཏོང་བཞིན་ཡོད། རྒྱལ་སྤྱིའི་ཁྲིམས་ཀྱི་ལམ་ལུགས་འདི་དག་གི་ཐོག་ནས་བཙུགས་པའི་རྒྱལ་སྤྱིའི་ལམ་ལུགས་ཤིག རྒྱལ་ཁབ་ཅིག་གིས་ནང་ཁུལ་གྱི་ཁྲིམས་བཟོ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁས་ལེན་བྱས་པའི་འགན་འཁྲི་ལས་ལྷག་པ་ཡིན་པར་བརྗོད་མི་ཆོག འོན་ཀྱང་། རྒྱ་ནག་དམར་ཤོག་གིས་སྒེར་གཅོད་ཀྱི་བྱ་སྤྱོད་ཅིག་གི་ངོས་ནས་རང་གིས་ཁས་ལེན་མིང་རྟགས་བཀོད་པའི་ཆིངས་ཡིག་དེ་དག་བརྩི་སྲུང་མ་བྱས་པའི་བྱ་སྤྱོད་རྣམས་ནང་སྲིད་བདག་དབང་ཡིན་ཚུལ་ཨུ་ཚུགས་བྱེད་བཞིན་ཡོད། རྒྱ་ནག་གིས་ཕྱོགས་གཉིས་ཀ་འཛིན་མི་ཐུབ། དེ་ནི་ཆིངས་ཡིག་ཅིག་གཏན་འབེབས་བྱེད་པའི་རང་བཙན་གྱི་ཐོབ་ཐང་བེད་སྤྱོད་བྱེད་པ་དང་། དེ་ནས་ཡང་བསྐྱར་”རང་བཙན་”ཞེས་པའི་ཐ་སྙད་བཀོལ་ནས་ཆིངས་ཡིག་དེ་དང་འགལ་འཛོལ་གྱི་བྱ་སྤྱོད་རྣམས་ལུགས་མཐུན་ཡིན་པའི་རྒྱུ་མཚན་འདྲེན་པ་ཁྲམ་གཤིས་དང་རྙོག་བཤད་རང་རེད།
“མཐུན་སྒྲིལ་”ཞེས་པའི་ཚིག་དེ་ནོར་འཁྲུལ་ཅན་ཞིག་རེད།
ཁྲིམས་ལུགས་དེའི་སྲོག་ཤིང་ལྟ་བུའི་མིང“མཐུན་སྒྲིལ”ཞེས་བཀོད་པ་དེ་ནི་སྒེར་གཅོད་པས་མགོ་སྐོར་གཏོང་སྟངས་ཀྱི་གཡོ་སྒྱུ་ཞིག་ཡིན། ལར་ནས་མཐུན་སྒྲིལ་ཞེས་པའི་མིང་དོན་ནི། མཉམ་དུ་འདུས་པའམ་མོས་མཐུན་ཡོངས་སུ་བྱེད་པའི་གནས་སྟངས་ཤིག་ལ་གོ དེས་ཆ་ཤས་སོ་སོ་དེ་ཆ་ཚང་གཅིག་ཏུ་བསྒྱུར་བའི་སྤུས་ཀའམ་མི་དང་མིའི་བར་གྱི་མཐུན་སྦྱོར་གྱི་ཚོར་བ་ཞིག་མཚོན་པ་ཡིན་ལ། དོན་དངོས་སུ་གོ་བ་ལེན་དུས། ཁ་ཁ་ཡིན་པའི་ཕྱོགས་གཉིས་ཀྱིས་མཉམ་དུ་ལངས་ནས་རང་ཉིད་སུ་ཡིན་པ་རྒྱུན་འཁྱོངས་བྱེད་པའི་འབྲེལ་བ་ཞིག་སྟེ། དེའང་གསལ་བོར་བཤད་ན་ལྟ་བ་མཉམ་གནས་ཀྱི་སེམས་ཚོར་མཚོན་པ་ཞིག་ཡིན། ཁྲིམས་ལུགས་འདིའི་མིང་ལ་མཐུན་སྒྲིལ་ཞེས་བརྗོད་ཀྱང་། དོན་ལ་མཐུན་སྒྲིལ་མ་ཡིན་པར་རྒྱ་རིགས་ཆེན་པོའི་ལྟ་བ་མཆོག་འཛིན་གྱི་བཙན་ཤེད་བཀོལ་ནས་གྲངས་ཉུང་མི་རིགས་ཚང་མ་རྒྱ་སྒྱུར་གྱི་སྲིད་ཇུས་གཏིང་ནག་ཅིག་རེད། དེས་བོད་མི་ཚོར་རྒྱ་ནག་རྒྱལ་ཁབ་ཀྱི་ནང་དུ་གནས་དགོས་པའི་སྐུལ་མ་བྱས་མེད་པར་མ་ཟད། བོད་ཀྱི་ངོ་བོ་དེ་རྒྱ་རིགས་ཀྱི་ནང་དུ་ཐིམ་དགོས་པའི་དགོས་འདུན་འདོན་བཞིན་ཡོད། མཐུན་སྒྲིལ་ཞེས་པའི་ཁ་གཡང་སྙན་མོ་ཞིག་གི་འོག་ཕྱོགས་གཅིག་གི་ངོ་བོ་ཆ་ཚང་མེད་པར་བཟོ་བ་དེ་མཐུན་སྒྲིལ་ཞིག་ལ་ངོས་འཛིན་བྱེད་པ་ནི་མཐུན་སྒྲིལ་མ་ཡིན་པར་དེ་ནི་བཙན་རྒྱལ་གྱིས་དབང་སྒྱུར་བྱེད་པར་བེད་སྤྱོད་བྱས་པའི་ཚིག་གི་འགྲེལ་ལོག་ཅིག་ཡིན།
དོ་སྣང་བྱེད་དགོས་པ་ཞིག་ལ། ཁྲིམས་ལུགས་འདིས་གྲངས་ཉུང་མི་རིགས་རྒྱ་སྒྱུར་གྱི་ཁྲིམས་འགལ་བྱ་སྤྱོད་སྔོན་ནས་སྤེལ་བཞིན་པ་དེ་དག་བརྗེ་བོ་བརྒྱབ་པ་ཞིག་མ་ཡིན་པར་ཁྲིམས་དེས་བྱ་སྤྱོད་དེ་དག་ཁྲིམས་འགལ་ནས་ཁྲིམས་མཐུན་དུ་བསྒྱུར་བའི་བྱ་སྤྱོད་ལ་རྒྱབ་གཉེར་བྱེད་བཞིན་ཡོད། དེ་ནི་བོད་པའི་བྱིས་པ་ཚོ་ཁྱིམ་ཚང་དང་སྐད་ཡིག་ནས་ཁ་བྲལ་དུ་འཇུག་པའི་མི་སེར་སྤེལ་ཡུལ་གྱི་སློབ་གྲྭའི་སྒྲིག་འཛུགས་རྒྱ་བསྐྱེད་གཏོང་བ་དང་། བོད་ཀྱི་ནང་པའི་དགོན་སྡེ་ཁག་གཏོར་བཤིག་དང་མཉམ་འབྲེལ་གཏོང་བ། བོད་རང་སྐྱོང་ལྗོངས་ཡོངས་སུ་ཁྱབ་པའི་ལྟ་ཞིབ་ཀྱི་འཕྲུལ་ཆས་ཁག་ཕྱོགས་ཡོངས་ནས་ཁྱབ་ཇེ་ཆེར་གཏོང་བ་བཅས་ཡིན།
མི་རིགས་མཐུན་སྒྲིལ་དང་ཡར་རྒྱས་ཀྱི་ཁྲིམས་ལུགས་འདིས་སྲིད་བྱུས་འདི་དག་ངོ་སྤྲོད་བྱེད་ཀྱི་མེད་པར་དེ་ལས་ཀྱང་ཉེན་ཁ་ཆེ་བའི་བྱ་བ་ཞིག་སྒྲུབ་བཞིན་ཡོད། དེ་ནི་སྔོན་ཆད་ནས་སྲིད་དབང་སྒེར་གཅོད་པས་ལག་བསྟར་བྱེད་བཞིན་པའི་བྱ་སྤྱོད་ཀྱི་ལྷག་མ་རྣམས་ཁྲིམས་ཀྱིས་བསྒྲུབ་དགོས་པའི་འགན་འཁྲི་ལ་བསྒྱུར་ནས་དེ་དག་ལ་ཁྲིམས་མཐུན་གྱི་ཁྱབ་ཚད་བརྟན་པོར་གཏོང་གི་ཡོད།
བཙན་བྱོལ་བོད་མིའི་དབུ་ཁྲིད་ཚོས་ཉེན་ཁ་འདི་དག་གི་ཐད་དྲང་པོར་གསུངས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གིས་བྱ་ཐབས་འདི་དག་མཉམ་དུ་བསྡོམས་ན། བོད་པའི་ངོ་བོ་གནས་ཐུབ་མིན་ལ་སེམས་ཁྲལ་ཆེན་པོ་ཡོད་པ་དང་། རིག་གཞུང་རྩ་མེད་གཏོང་བའི་གོམ་པ་གཞན་ཞིག་ཡིན་སྲིད་པའི་ཉེན་བརྡ་བཏང་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་ལུགས་འདི་ནི་རྒྱལ་སྤྱིའི་ཚད་གཞི་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་ཁས་ལེན་བྱས་པའི་ཁྲིམས་མཐུན་གྱི་འགན་ལེན་བཅས་དང་ཐད་ཀར་འགལ་ཟླ་ཡིན་པའི་གྲོས་ཆོད་བཞག་ཡོད།”
མཇུག་བསྡོམས།
དབང་སྒྱུར་མཁན་གྱི་སྲིད་གཞུང་དེ་དབང་བསྒྱུར་བྱའི་མི་མང་ལ་ཡིད་ཆེས་ཡོད་ན་ཕ་མ་ཚོས་རང་གི་བུ་ཕྲུག་ཚོར་དབང་སྒྱུར་མཁན་གྱི་ཚོགས་པར་དགའ་ཞེན་བྱེད་དགོས་པའི་ཁྲིམས་ཤིག་གཏན་འབེབས་བྱེད་མི་དགོས། མི་དམངས་ཀྱི་སྐད་ཡིག་ཁྲིམས་ལུགས་ཀྱི་ལམ་ནས་གཞན་དབང་དུ་བསྒྱུར་མི་དགོས། ཁྲིམས་ལུགས་དེའི་ས་མཚམས་ལས་བྲོས་ཟིན་པའི་སྐྱོན་བརྗོད་པ་ཚོར་ཁྲིམས་ཀྱི་དབང་ཆ་ལག་བསྟར་བྱེད་མི་དགོས། མི་རིགས་མཐུན་སྒྲིལ་དང་ཡར་རྒྱས་ཀྱི་ཁྲིམས་འདི་མཐུན་སྒྲིལ་གྱི་ར་སྤྲོད་ཅིག་མ་ཡིན་པར་དེ་ལས་ཟློག་སྟེ་མཐུན་སྒྲིལ་མེད་པའི་ར་སྤྲོད་ཅིག་ཡིན། འདི་ནི་བོད་མིའི་ངོ་བོ་རང་བཞིན་གྱིས་མཚོན་ཐུབ་པའི་ཆོས་དང་། རིག་གཞུང་། སྐད་ཡིག གཤིས་སྤྱོད་སོགས་རྒྱ་རིགས་མཆོག་འཛིན་རང་ལུགས་པའི་སྲིད་དབང་སྒེར་གཅོད་ཀྱི་རྣམ་པ་དང་མི་མཐུན་པར་གཏན་འབེབས་བྱས་ནས་བོད་དང་མཉམ་གནས་ཀྱི་མཐུན་སྒྲིལ་ལས། བོད་རྩ་མེད་དུ་གཏོང་བའི་ཕུགས་ཇུས་བཟུང་བའི་སྒེར་གཅོད་ཚོགས་པ་ཞིག་གི་ཁྲིམས་ཀྱི་བཟོ་བཀོད་ཡིན།
ཁྲིམས་འདི་ལ་མཐུན་སྒྲིལ་གྱི་ཁྲིམས་ཞེས་མ་འབོད། དེ་ལས་བཟློག་སྟེ་འདི་ལ་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་དང་། མི་རིགས་དཔལ་ཡོན་ལ་གཏོར་བརླག རྒྱ་ནག་གཅིག་སྒྲིལ་ལ་གཏོར་བརླག རྒྱལ་སྤྱིའི་ཁྲིམས་ལ་གཏོར་བརླག འགྲོ་བ་མིའི་བཟང་སྤྱོད་དང་། དྲང་བདེན། རིན་ཐང་བཅས་ལ་རྒྱབ་འགལ་དུ་གྱུར་བའི་བཙན་རྒྱལ་རང་ལུགས་ཀྱི་ཁྲིམས་ཞེས་འབོད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་དང་། བོད་གཞུང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས། ཁྲིམས་འདིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏ་ཡོད་པར་ངོས་འཛིན་བདེན་དཔང་བྱས་པ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་དང་སྲིད་གཞུང་། མི་མང་བཅས་ཀྱིས་དེ་ལྟར་དུ་ངོས་འཛིན་བྱས་ཏེ་སྲིད་དབང་སྒེར་གཅོད་པའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས།
Sources consulted: International Campaign for Tibet (savetibet.org); China Law Translate (chinalawtranslate.com); NPC Observer; Al Jazeera; Center for Uyghur Studies; International Service for Human Rights (ishr.ch); EU4Tibet; Tibetan Parliament-in-Exile; Central Tibetan Administration (tibet.net).





