དུས་ཡུན་ཐུང་ཐུང་ནང་། རྒྱ་ནག་ལ་འགྱུར་བ་དང་བོད་ལ་རེ་བ་ཡོད་དམ།

ཟླ་བ་ཚེ་རིང་། (ཧྥ་རན་སི)

སྔོན་གླེང་།
ཉིན་ཤས་སྔོན་ནས་བཟུང་བོད་པའི་དྲ་ལམ་ཁག་ན་གནས་ཚུལ་སྔ་ཕྱི་འགའ་མཉམ་དུ་བསྲེས་ནས་སྤེལ་བཞིན་འདུག་ལ། སྤེལ་ཚད་མང་བ་དང་སྤེལ་ཤུགས་ཆེ་རུ་ཕྱིན་པ་དེས་བོད་མི་མང་བོ་ཞིག་ལ་དོན་མེད་ཀྱི་རེ་བ་གསར་པ་ཞིག་སྟེར་བཞིན་འདུག ༧གོང་ས་མཆོག་གིས་ལ་དྭགས་ནས་དབུ་མའི་ལམ་གཞོན་ནུ་ཚོགས་པར་གནང་བའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་ནང་མི་དང་འབྲེལ་བའི་བཀའ་སློབ་དེ་དང་། ཇར་མན་གྱི་གསར་འགོད་པ་ཞིག་ལ་གོ་སྐབས་བྱུང་ཚེ་ཁོང་ཉིད་དང་པོ་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་རྒྱུ་དང་། དེ་ནས་རིམ་བཞིན་རྒྱ་ནག་གཞུང་གིས་ངོས་ལེན་བྱས་ཚེ་སྐུའི་འཁྲུངས་ཡུལ་དུ་ཕེབས་རྒྱུ། དུས་ཚོད་དེར་བོད་ཀྱི་ས་ཁུལ་གཞན་དག་དང་རྒྱལ་ས་ལྷ་སར་ཡང་ཕེབས་སྲིད་ཚུལ་གྱི་བཀའ་ལན་གནང་བ་དེ། ད་དུང་རྒྱུ་རྐྱེན་ཅི་ཡིན་མི་ཤེས་ནའང་། <<བོད་ཀྱི་དམངས་གཙོ་བཅོས་བསྒྱུར>>ཞེས་པའི་རྒྱ་གཞུང་གི་ནང་ཁུལ་དཔྱད་ཡིག་ཅིག་གི་ནང་། མའོ་ཙེ་ཏུང་གིས་༧གོང་ས་མཆོག་དགུང་ལོ་ཉེར་ལྔའི་སྟེང་ཕྱི་ཡུལ་དུ་ཕེབས་ཡོད་ནའང་། དགུང་ལོ་གྱ་ལྔའི་སྟེང་ཕྱིར་ཕེབས་སྲིད་པའི་གཏམ་བཤད་དུམ་ཚན་ཞིག་བཅས། གནས་ཚུལ་འདི་གསུམ་དུས་གཅིག་མཉམ་གཅིག་ལ་དྲ་ལམ་དུ་སྤེལ་ཡོང་སྐབས། བོད་མི་མང་བོ་ཞིག་ལ་དུས་ཡུན་ཐུང་ཐུང་ཞིག་གམ། ༧གོང་ས་མཆོག་དགུང་ལོ་གྱ་ལྔའི་སྟེང་བོད་ལ་རེ་བ་གསར་པ་ཞིག་ཡོད་པའི་ཡིད་ཆེས་དང་བློ་གཏོད་བྱེད་ཀྱིན་འདུག

ཞི་ཚང་གི་ནང་མི་དང་རྒྱ་ནག་རི་བོ་རྩེ་ལྔའི་སྐོར་གྱི་བཀའ་སློབ་དང་བཀའ་ལན་དག་ནི། རྒྱུན་ལྡན་དང་སྤྱི་ཁོག་གི་གནས་ཚུལ་ཙམ་ལས་སྣང་ཚུལ་དང་རེ་བ་གསར་བའི་རིགས་གང་ཡང་མིན་ལ། མའོ་ཡི་གསུང་དུམ་དེ་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་པའི་མ་འོངས་ལུང་བསྟན་ལྟ་བུ་ལས། ད་ལྟའི་ཆར་དུས་རབས་ལ་འགྱུར་ལྡོག་བྱུང་བ་བཞིན་རྒྱ་ནག་ལ་འགྱུར་ལྡོག་བྱུང་མེད་པ་མིག་མཐོང་ལག་ཟིན་ཡིན། བོད་དོན་བདེན་མཐའ་སེལ་ཐབས་དབུ་མའི་ལམ་ལ་འཕོ་འགྱུར་བྱུང་བ་ནས་བཟུང་། ང་ཚོས་རེ་བ་བྱེད་ས་གཞི་རྒྱ་ཆེ་བའི་ལམ་ལུགས་ཀྱི་འགྱུར་བ་སྟེ་“རྒྱ་ནག་དམངས་གཙོ”ལྟ་བུ་སོགས་མིན་པར། ད་ལྟའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་སྲོག་ཤིང་སྟེ། དམར་པོའི་དཔོན་རིགས་ཚོར་འབྲེལ་གཏུགས་ཀྱིས་གཉིས་སྨན་གྱི་ལམ་བུ་འཚོལ་རྒྱུ་དེ་ཡིན། དེར་བརྟེན། དུས་ཡུན་ཐུང་ཐུང་ནང་ངམ་༧གོང་ས་མཆོག་དགུང་ལོ་གྱ་ལྔའི་སྟེང་བོད་ལ་རེ་བ་གསར་པ་ཞིག་ཡོད་མེད། ད་ལྟའི་རྒྱ་ནག་གི་དཔོན་རིགས་ཚོར་རག་ལས་ཡོད་ལ། དམིགས་བསལ་ཁོ་ཚོ་ནང་ཁུལ་གྱི་བརྟན་བརླིང་དང་འཆམ་མཐུན། སྲིད་བྱུས་དང་ཁ་ཕྱོགས། ཁ་གཏད་དང་འགལ་འདུ། འཐབ་རྩོད་དང་ངོ་རྒོལ་སོགས་ལ་རག་ལས་ཡོད། གཤམ་ནས་ང་ཚོས་གནད་འགག་དེ་དག་ལ་འཇུས་ནས་རེ་བ་གསར་པ་ཞིག་ཡོད་མེད་གསེད་བཀྲོལ་བྱ།

གཅིག ལྷང་ལ་བུད་པའི་ནང་ཁུལ་འཐབ་རྩོད།

ད་ལོའི་དབྱར་ཟླ་ཚེས་བ་ནས་བཟུང་རྒྱུན་ལྡན་མིན་པའི་སྣང་ཚུལ་ཞིག་བྱུང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ངོ་རྒོལ་དང་ཁ་གཏད་ཀྱི་སྨྲས་ངག་ཅིག་རྒྱ་ནག་རྒྱལ་ཡོངས་སུ་ཁྱབ་མགོ་ཚུགས་ཤིང་། དམིགས་བསལ་རྒྱལ་ས་པེ་ཅིན་ནས་དེའི་སྐད་གཟེངས་ཧ་ཅང་མཐོ། གཞུང་འབྲེལ་གསར་ཤོག་དག་གི་མགོ་བརྗོད་ནང་ཁོ་དེ་སྔ་ལས་ཇེ་ཉུང་དུ་ཕྱིན་ཅིང་། རྒྱ་ནག་གུང་ཁྲན་ཏང་གི་གནད་ཡོད་ཚོས་ཁོ་ལ་ཨ་རྒྱ་བར་གྱི་ཚོང་དམག་གི་ཐད་ནས་སྐྱོན་བརྗོད་བྱེད་མགོ་ཚུགས། ཁོ་ཨ་ཧྥུ་རི་ཀའི་ནང་ཕྱིན་ནས་རང་གིས་གསར་གཏོད་བྱས་པའི་”བརྒྱུད་གཅིག་ལམ་གཅིག”བརྒྱུད་བསྒྲགས་བྱེད་སྐབས། ཡ་ང་བའི་”འགོག་ཁབ་རྫུན་མའི་”ཡིད་སྐྱོའི་གནད་དོན་དེ་རྒྱ་ནག་རྒྱལ་ཡོངས་སུ་ཛ་དྲག་གིས་འཕྱུར། འདི་ལྟར་ལེགས་ལམ་དུ་མ་སོང་བའམ། ནོར་འཆུག་ཤོར་བའི་སྲིད་བྱུས་གཅིག་རྗེས་ཉིས་མཐུད་དུ་བྱུང་ཞིང་། མཇུག་འབྲས་དེ་ལས་བྱུང་བའི་སྨྲས་ངག་ཀྱང་”གནམ་ས་”གཉིས་ནས་གྲགས་ཡོང་སྐབས། ཡོངས་གྲགས་མིན་ནའང་མི་སྐོར་ཞིག་གིས་དཔུང་ཁག་བསྒྲིགས་ནས་ཞི་ཅིན་ཕིན་ལ་”རྒོལ་འཛིང་”བྱེད་ཀྱིན་པའི་སྣང་ཚུལ་ཞིག་ངང་ངམ་ཤུགས་ཀྱིས་སྟེར།

ཡིན་ན་ཡང་། སུ་ཞིག་ལ་དེ་འདྲའི་སྙིང་ཁམས་ཆེན་པོ་ཞིག་ཡོད་དམ། མའོ་ཙེ་ཏུང་གི་རྗེས་སུ་བྱུང་བའི་རྒྱ་ནག་གི་“རླབས་ཆེའི་དབུ་འཁྲིད་”འདི་རང་གི་དགྲ་རུ་འཛིན་ཕོད་དམ། མ་གཞི་ནས། དེང་གི་དུས་འདིར་ཞི་ཅིན་ཕིན་ལ་མངོན་གསལ་དོད་པོའི་ཁ་གཏད་དང་ངོ་རྒོལ་བ་མེད། དེ་སྔོན་རྒྱ་ནག་ནང་དབང་ཤུགས་ཆེ་ཞིང་ཞི་ཡི་ཁ་གཏད་དུ་གྲགས་པའི་དཔོན་རིགས་ཚོ། ཡང་མིན་ན་བཙོན་དུ་བཅུག་ཚར་ཡོད་ལ། དེ་མིན་ན་རུལ་སུངས་རྒོལ་རྡུང་ཁྲོད་མི་ཚེ་མདུན་ལམ་དང་སྲིད་དོན་ཚེ་སྲོག་བཅད་ནས་མངའ་ལམ་དུ་བརྫངས་ཚར་ཡོད། དེ་ཙམ་མ་ཟད། ད་ལོའི་ལོ་མགོར་རྒྱལ་ཡོངས་དམངས་ཆེན་གྱིས་རྩ་ཁྲིམས་ལ་འགྱུར་བ་བཏང་ནས། རྒྱལ་ཁབ་གཙོ་འཛིན་གྱི་དུས་བཀག་ལས་ཡུན་ཕྱིར་བསྡུ་བྱས་ནས་ཁོའི་དབང་བསྒྱུར་ཇེ་བརྟན་དུ་བཏང་ཡོད།

ཞི་ཅིན་ཕིན་སྲིད་སྟེགས་སྟེང་སླེབས་ནས་ལོ་ལྔ་ལྷག་ཕྱིན། ལོ་ལྔའི་ནང་རྒྱ་ནག་གི་སྲིད་དབང་འཐབ་རྩོད་ཁྲོད་ཀྱི་གལ་ཆེའི་གྲུབ་ཆ་དག་ཡོངས་སུ་ལྷང་ལ་བུད་ཚར་ཡོད། ཕྱོགས་གཅིག་ནི་ང་ཚོས་དུས་རྒྱུན་བཤད་བཞིན་པའི་”དམར་པོའི་སྐུ་དྲག་”ཚོ་ཡིན་ཞིང་། ཞི་ཅིན་ཕིན་ད་ལྟ་ཁོ་ཚོའི་རུ་འདྲེན་ཡིན། གཞན་དེ་ཡོངས་གྲགས་ལ་”མང་ཚོགས་ཕལ་བར”འབོད་བཞིན་པའི་ཕྱོགས་ཁག་དེ་ཡིན། གཞུང་འཛིན་སྐབས་སྔོན་མ་གཉིས་ཀྱི་གནད་ཡོད་ཚོས་སྣེ་ཁྲིད་ཀྱིན་ཡོད་ལ། ཅང་ཙེ་མིན་དེའི་ནང་གི་མི་སྣ་གྲགས་ཤོས་དེ་ཆགས་ཡོད།

གཉིས། སྐུ་དྲག་གི་སྡེ་དང་ཕལ་བའི་རིགས།

“དམར་པོའི་སྐུ་དྲག”ཕྱོགས་ཁག་ཕྱི་ལོ་ ༡༩༤༩ ལོར་སྐྱེས་ཤིང་། གུང་ཁྲན་ཏང་གིས་སྲིད་དབང་བཟུང་རྗེས་སྲིད་གཞུང་གི་ལས་གནས་གལ་ཆེའི་ནང་འགན་དབང་འཁུར་མཁན་གྱི་གསར་བརྗེའི་རྒན་རབས་པ་ཚོའི་ནང་མི་དང་གཉེན་ཉེ་ཚོ་ཡིན། ཁོ་ཚོ་ལས་མང་ཤོས་ནི་དེ་སྔའི་རྒྱ་ནག་གོང་མའི་མེ་ཏོག་ལྡུམ་རྭ་སྟེ། དེང་གི་ཀྲུང་ནན་ཧེ་ནང་བསྡད་ནས་གཞུང་གི་ལས་དོན་སྒྲུབ་མཁན་ཡིན་ཞིང་། རིག་གནས་གསར་བརྗེ་སླེབས་ནས་ཁ་ཐོར་དུ་མ་བཏང་བའི་ཡར་སྔོན་ལ། ཕྱོགས་ཁག་འདི་ཧ་ཅང་གི་གསང་བ་ལྐོག་གྱུར་གྱི་སྤྱི་ཚོགས་སྡེ་ཁག་ཅིག་གི་ངོ་བོར་གྲུབ་ཡོད། གསར་བརྗེ་རྒན་རབས་ཚོ་དང་ཐད་ཀར་ཁྲག་རྒྱུན་གྱི་འབྲེལ་བ་ཡོད་པའི་”དམར་པོའི་སྐུ་དྲག”འདི་ཚོས། རང་ཉིད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་མཐུན་རྗེས་འཛིན་པ་གཅིག་པུ་དེ་ཡིན་པར་འདོད་ཀྱིན་ཡོད་ལ། དེང་ཞི་ཅིན་ཕིན་གྱིས་རུ་སྣ་དྲངས་ནས་ཁོ་ཚོ་རྒྱ་ནག་གི་སྲིད་སྟེགས་སྟེང་ཡང་བསྐྱར་”ཤི་ལོག”ཐེངས་ཤིག་བྱེད་དུ་བཅུག་ཡོད།

“མང་ཚོགས་ཕལ་བའི”ཕྱོགས་ཁག་ནི་ཕྱི་ལོ་༡༩༤༩ ལོའི་ཡར་སྔོན་གྱི་གསར་བརྗེ་རྒན་རབས་པའི་ཁྲག་རྒྱུན་ལ་འབྲེལ་བ་གང་ཡང་མེད། མང་ཤོས་ཤིག་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་དབང་བསྒྱུར་གྲལ་རིམ་གྱི་རྩེ་མོ་སླེབས་པའམ། ཡང་ན། མའོ་ཙེ་ཏུང་དང་ཏིན་ཞའོ་ཕིན་སོགས་ཀྱིས་རང་གི་ཁ་གཏད་གསར་བརྗེ་རྒན་རབས་པ་ཚོ་མཐར་བསྐྲོད་གཏོང་ཆེད་ཡར་འཐེན་བྱས་པའི་དཔོན་རིགས་ཕལ་བ་ཚོ་ཡིན། ཁོ་ཚོ་ཏང་དང་གསར་བརྗེ་ལ་ཐད་ཀར་ཁྲག་རྒྱུན་གྱི་འབྲེལ་བ་མེད་ནའང་། མང་ཚོགས་ཕལ་བའི་ལུས་ཟུངས་ལ་དམར་པོའི་ཁྲག་རྒྱུན་ལྡུག་སའི་གུང་གཞོན་ཚོགས་པའི་སྦྱོང་བརྡར་ལས་རིམ་ཆ་ཚང་བརྒྱུད་ནས་ཡོང་བ་རྐྱང་ཡིན།

ང་ཚོས་ཡུ་གྷོ་སི་ལ་བེ་ཡའི་(Yougoslavie)མཁས་དབང་མེ་ལོ་ཝན་ཇེ་ལ་སི་(Milovan Djilas)ལགས་ཀྱི་དམར་ཕྱོགས་རིང་ལུགས་ལ་ཞིབ་འཇུག་གི་གྲུབ་དོན་གཞིར་བཞག་ནས་ཁ་སང་དེ་རིང་གི་རྒྱ་ནག་ལ་བལྟས་ན། ད་ལྟ་ཕྱོགས་ཁག་འདི་གཉིས་ཀྱིས་རྒྱ་ནག་གི་”གྲལ་རིམ་གསར་པ་”ཞིག་ལ་སྣེ་འཁྲིད་བྱེད་ཀྱིན་ཡོད་ལ། ཕྱོགས་ཁག་གཉིས་ཀ་ཁེ་ཕན་རིང་ལུགས་པ་དང་རུལ་སུངས་རིང་ལུགས་པ། སྒེར་སྤྱོད་རིང་ལུགས་པ་ཡིན་པ་འདྲ་ནའང་། དབང་བསྒྱུར་སྲིད་བྱུས་ཀྱི་ཆ་ནས་ཕན་ཚུན་བར་མི་མཐུན་པའི་ཁྱད་པར་ཆེ་བ་མ་ཟད། ཁྱད་པར་དེ་ཕན་ཚུན་ཁ་གཏད་དང་ཧ་ཅང་གི་ཉེན་ཁའི་གནས་སྟངས་ནང་ལྷུང་ཡོད།

གསུམ། ཁྱོད་ཤི་ང་གསོན་གྱི་རྣོ་དབལ་བརྡར།

“སྐུ་དྲག”ཚོས་གུང་ཁྲན་ཏང་དང་རྒྱལ་གཉེར་སྡེ་ཁག་གིས་ཚོང་རྭ་དང་ཁེ་ལས་ལ་སྟངས་འཛིན་བྱེད་དགོས་པའི་རེ་བ་འཛིན་བཞིན་ཡོད། འདི་མར་ལེ་རིང་ལུགས་ལ་དད་འདུན་ཟབ་པའི་རྒན་རབས་པ་ཚོས་ཁོ་ཚོར་བཞག་པའི་བསམ་བློ་ཡིན། “ཕལ་བ་”ཚོས་ཁྲོམ་རྭའི་དཔའ་འབྱོར་གྱི་འགྱུར་ལྡོག་ལ་བློ་ཁ་ཕྱོགས་དགོས་པར་འདོད་ཀྱིན་ཡོད། བསམ་ཚུལ་འདི་ལ་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་ཏིན་ཞའོ་ཕིན་གྱིས་མའོ་ཙེ་ཏུང་དུས་སྐབས་ཀྱི་དཔལ་འབྱོར་བཅོས་བསྒྱུར་གྱི་བརྒྱུད་རིམ་ནང་རྨང་གཞི་བརྟན་པོ་བཏིངས་ཡོད། མ་གཞི་བརྒྱུད་རིམ་འདིས་ད་གཟོད་”ཕལ་བ”ཚོར་དཔལ་འབྱོར་ནུས་ཤུགས་དང་དབང་འཛིན་སྟོབས་ཤུགས་རྒྱུན་འཁྱོངས་དང་རྒྱ་བསྐྱེད་བྱེད་དུ་བཅུག་ཡོད།

མའོ་ཙེ་ཏུང་འདས་རྗེས། རིག་གསར་གྱིས་ཁ་ཐོར་དང་རྒྱང་ཕུད་ལ་བཏང་བའི་”སྐུ་དྲག་”སྐོར་ཞིག་ཕྱིར་སྲིད་སྟེགས་སྟེང་སླེབས་ནའང་། དྲུག་བཞིའི་སློབ་ཕྲུག་ལས་འགུལ་ལ་རྒྱབ་སྐྱོར་དང་མ་རྩ་རིང་ལུགས་བཅོས་བསྒྱུར་སྲིད་ཇུས་ལ་འགོག་རྐྱེན་བཟོས་བར་བརྟེན། ཕྱི་ལོ་ ༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་སྐབས་ཏིན་ཞའོ་ཕིན་གྱིས་ཡང་བསྐྱར་ཁོ་ཚོ་མགོ་རྟིང་བསློགས། ལོ་དེར་ཅང་ཙེ་མིན་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེར་བསྡད་ཅིང་། ལོ་ཉི་ཤུ་ལྷག་ལ་སྲིད་དབང་བཟུང་བའི་རིང་། རང་གི་ཉེ་འབྲེལ་དག་གལ་གནད་ཆེ་བའི་གོ་གནས་ཐོག་བསྐོ་འཇོག་བྱས། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དང་བསྟུན་ནས་ཅང་ཙེ་མིན་གྱི་མི་བུ་ཚོས་(ཁོ་ཚོ་ལས་མང་ཤོས་”མང་ཚོགས་ཕལ་བ”ཡིན)མི་སྒེར་རྒྱུ་ནོར་ཕོན་ཆེན་བསགས། དེས་སྐུ་དྲག་ཕྱོགས་ཁག་ལ་ཡིད་སྨོན་དང་ཕྲག་དོག་དུས་གཅིག་ཏུ་བསླངས་མྱོང་། དུས་རབས་འདིའི་དུས་མགོར་སྲིད་འཛིན་ཧུའུ་ཅིན་ཐའོ་དང་སྲིད་བློན་ཝུན་ཅ་པའོ་གཉིས་ཀྱི་སྣེ་འཁྲིད་འོག་”མང་ཚོགས་ཕལ་བ”སྔར་ལས་རྒྱ་བསྐྱེད་བྱས། ཁོ་གཉིས་ཀྱི་དབང་ཆའི་རྨང་གཞི་གུང་གཞོན་ཚོགས་པ་ལ་བརྟེན་ཡོད།

ཡིན་ན་ཡང་། ཉེ་བའི་ལོ་འགའི་སྔོན་ནས་བཟུང་ཞི་ཅིན་ཕིན་མངོན་གསལ་དང་འབུར་དུ་ཐོན། ཁོའི་ཕ་རྒན་རྒྱ་ནག་དམར་ཤོག་གི་མཐོ་རིམ་ལས་བྱེད་སྔ་ཤོས་གྲས་ཡིན་སྟབས། ཁོ་ནི་བཀྲུས་ན་མི་དག་པའི་དེང་གི་”དམར་པོའི་སྐུ་དྲག”ཅིག་ཆགས་ཡོད། ཁོའི་སྣེ་འཁྲིད་འོག་སྐུ་དྲག་ཚོས་ཏིན་ཞའོ་ཕིན་དང་དེའི་རྗེས་ཀྱི་དབང་འཛིན་པ་ཚོའི་ཉམ་ཆུང་གི་བྱེད་ཐབས་དོར་ནས། མའོ་ཙེ་ཏུང་དུས་སྐབས་ལྟར་ཐལ་ཆ་ཆེ་བའི་རྒྱ་སྐྱེད་རིང་ལུགས་དང་ཚད་ལས་བརྒལ་བའི་མི་རིགས་རིང་ལུགས་ཀྱི་ལྟ་བ་དང་ལངས་ཕྱོགས་བཟུང་། ཞི་ཅིན་ཕིན་སྲིད་སྟེགས་སྟེང་སླེབས་མ་ཐག ཁོས་མང་ཚོགས་ཕལ་བའི་ཕྱོགས་ཁག་གི་སྡེ་ཁག་གཉིས་ལ་རྒོལ་མགོ་བཙུགས། རུལ་སུངས་རྒོལ་རྡུང་གི་སོ་ཁ་ཅང་ཙེ་མིན་ཕྱོགས་ཁག་ལ་གཏད་ཅིང་། དེ་རྗེས་ཁོས་དམིགས་འབེན་གུང་གཞོན་ཚོགས་པར་གཏད། ཕྱི་ལོ་༢༠༡༦ ལོར་ཁོས་ཡོངས་ཁྱབ་ཀྱི་གུང་གཞོན་ཚོགས་པར་སྐྱོན་བརྗོད་བྱས་ཤིང་ཚོགས་པའི་མ་དངུལ་གཅོག་འཐེན་བྱས། ཚོགས་པ་རང་གི་མངའ་འོག་ཏུ་བཅུག་ཏེ། ད་ལྟའི་ཆར་”མང་ཚོགས་ཕལ་བའི་”ཕྱོགས་ཁག་ཡོངས་སུ་ཕམ་པར་བརྒྱབས་པའི་ཚོད་དུ་བསྐྱལ་ཡོད།

བཞི། སྐུ་དྲག་ནང་གི་སྐུ་དྲག

ཞི་ཅིན་ཕིན་གྱི་དཔུང་ཚོགས་ལ་བལྟས་ཚོད་ཀྱི་སྟོབས་ཤུགས་ཆེ་ནའང་། དཔུང་ཚོགས་ཡོང་སའི་རྨང་གཞི་ཧ་ཅང་ཆུང་ཆུང་སྟེ། དམར་པོའི་སྐུ་དྲག་ཅིག་གི་བཤད་ཚུལ་གཞིར་བཞག་ཚེ། དཔུང་ཚོགས་དེར་མི་འབོར་ཧ་ལམ་ཁྲི་བཞི་ཙམ་ལས་མེད་འདུག་ལ། ད་དུང་དཔུང་ཚོགས་ནང་ཞི་ཅིན་ཕིན་ལ་འགྲན་རྩོད་བྱེད་པའི་ཉེན་ཁའི་སྟོབས་ཤུགས་ཤིག་གང་སར་སྦས་སྐུང་བྱས་ཡོད་འདུག དུས་ཚོད་སྔ་ཕྱི་ལ་མ་བལྟས་པར་ཉེན་ཁའི་སྟོབས་ཤུགས་དེ་འབར་ཆོག་ཆོག་ཏུ་ཡོད་འདུག ཞི་ཅིན་ཕིན་སྲིད་སྟེགས་སྟེང་མ་སླེབས་པའི་ཟླ་འགའི་སྔོན་ཙམ་དེར། སྐུ་དྲག་ནང་ཁུལ་ནས་པོ་ཞི་ལེ་ཡིས”སྲིད་འགྱུར་དུས་ཟིང་”བསླངས་བ་མ་ཟད། དེང་ཨ་རྒྱའི་བར་གྱི་ཚོང་དམག་མགོ་བཙུགས་པ་ནས་སྐུ་དྲག་ནང་ཁུལ་ཕྱོགས་ཁག་ཆེ་བ་གཉིས་སུ་གྱེས་ནས། ད་ལོའི་པེ་ཏེ་ཧུག་ཚོགས་འདུ་ཡང་”རྒྱལ་ཁའི་ངང་མཇུག་བསྡུ”ཐུབ་མེད།

ཞི་ཅིན་ཕིན་གྱིས་སྣེ་འཁྲིད་པའི་སྐུ་དྲག་ཚོར་ད་དུང་འབར་ཆོག་ཆོག་གི་ཉེན་ཁ་ཆེན་པོ་གཞན་ཞིག་ཡོད། ཁོས་ཕྱི་ལ་སྟོབས་ཤུགས་ངོམ་བཞིན་ནང་ལ་དམ་དྲག་ཆེ་བའི་སྲིད་ཇུས་བཟུང་ཡོད། ཁོའི་བྱེད་ཐབས་དེ་དག་གིས་རྒྱ་ནག་འདུ་ཤེས་འཛིན་སྟངས་ཀྱི་ཆ་ནས་མའོ་ཙེ་ཏུང་དུས་སྐབས་ལ་ཕྱིར་ལོག་བྱས་ཤིང་། ལོ་རྒྱུས་འཁོར་སྐྱོད་ཀྱི་ཆ་ནས་རྒྱལ་རྒྱུད་རིང་ལུགས་ཀྱི་དུས་རབས་བར་མའི་ནང་ཕྱིར་ནུར་བྱེད་དུ་བཅུག་ཡོད། མཚོ་ཁུལ་དམག་དོན་བསྟི་གནས་ཁག་གི་བདག་དབང་དང་། “བརྒྱུད་གཅིག་ལམ་གཅིག”གི་ཚོང་ལམ་ལ་འགོག་རྐྱེན་འཕྲད་བཞིན་པ་དང་། ལྷག་པར་ཨ་རྒྱའི་བར་གྱི་ཚོང་དོན་དམག་འཁྲུག་ལ་ཕམ་ཉེས་རིམ་པར་བྱུང་བ་དེས། སྐུ་དྲག་ནང་ཁུལ་གྱི་འགལ་ཟླ་རྣོ་ངར་དང་ཛ་དྲག་ཅན་དུ་འགྲོ་བཞིན་ཡོད་ལ། འགྲོ་བ་མའི་ཐོབ་ཐང་དང་གྲང་ཉུང་མི་རིགས། དབུལ་ཕྱུག་ཧེ་བག་དང་རུལ་སུངས་རྒྱ་སྐྱེད། དྲ་རྒྱ་དམ་དྲག་གི་གནད་དོན་སོགས་ཀྱི་རྐྱེན་པས་མང་ཚོགས་ནང་ཁོ་ལ་མི་འདོད་པ་དང་ངོ་རྒོལ་གྱི་རྣམ་འགྱུར་ཐོན་བཞིན་ཡོད། ད་དུང་ཁོས་དུས་རབས་བར་མའི་རྒྱ་ནག་གོང་མ་ཚོ་ལྟར། ཧ་ཅང་གི་བཀག་སྡོམ་དང་རང་ཤེད། འདོད་རྔམ་ཅན་གྱི་ཁོར་ཡུག་བསྐྲུན་ནས་དཔོན་རིགས་སྐྱེད་སྲིང་བྱེད་བཞིན་པ་དེར། ཁོའི་རུལ་སུངས་རྒོལ་རྡུང་གི་ལས་འགུལ་ལ་སྣེ་འཁྲིད་མཁན་གྱི་གསར་བརྗེའི་འཐབ་གྲོགས་སྟེ། དེང་གི་རྒྱལ་ཁབ་གྱི་གཙོ་འཛིན་གཞོན་པ་ཝང་ཅི་ཧྲན་གྱིས་ཀྱང་མི་འདོད་པ་དང་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད། ཝང་ཅི་ཧྲན་གྱིས་ཏང་གི་ཚོགས་ཐོག་ཏུ་ཡོངས་ཁྱབ་ཐོག་དམར་ཤོག་ཚོགས་མི་ཚང་མས་ཨ་ལེ་སི་ངྷི་ཊོག་ཁུག་བེའུ་(Alexis de Tocqueville) ཡི་དཔེ་དེབ་<< ལམ་ལུགས་རྙིང་བ་དང་གསར་བརྗེ་ཆེན་མོ།- L’Ancien Régime et la Révolution>>ཉོས་ནས་ཀློག་དགོས་པའི་རེ་འདུན་བཏོན་ཡོད། དེ་ནི་ཕྱི་ལོ་ ༡༧༨༩ ལོར་ཧྥ་རན་སིའི་རྒྱལ་རྒྱུད་ལམ་ལུགས་རྩ་རྫོགས་ཆེད་མི་མང་འོས་ལངས་བྱས་པའི་སྐོར་གྱི་དེབ་ཅིག་ཡིན།

མཇུག་བྱང་།

བོད་ཀྱི་གནད་དོན་ཐག་གཅོད་ལ་ཁ་ཕྱོགས་སྐབས། རྒྱ་ནག་གཞུང་གི་དབང་འཛིན་དཔོན་རིགས་ཚོས་རྒྱལ་སྤྱིའི་གནས་བབ་དང་མི་རིགས་གནད་དོན། དངོས་ཡོད་གནས་སྟངས་དང་ལོ་རྒྱུས་རྒྱབ་ལྗོངས། མི་ཆོས་བསླབ་བྱ་དང་འབྱུང་འགྱུར་འགན་ལེན། གུ་ཡངས་བཟོད་བསྲན་དང་ཕན་ཚུན་བསམ་ཤེས་སོགས་ཀྱི་ཐད་ནས་ནམ་ཡང་རྣམ་འགྱུར་བསྟན་མྱོང་མེད། ཡོད་ཚད་ཁེ་ཕན་རིང་ལུགས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་བཞིན་པ་ལྟར། ཏིན་ཞའོ་ཕིན་གྱི་”རང་བཙན་མ་གཏོགས་གྲོས་མོལ”བྱས་ཆོག་པའི་ཁས་ལེན་དང་། ཧུའུ་ཅིན་ཐའོ་དུས་སྐབས་ཀྱི་”འབྲེལ་མོལ་རིམ་པ”ཁག དེ་སྔ་བོད་རྒྱའི་བར་བྱུང་བའི་ཆད་ལ་མཐུད་པའི་འབྲེལ་ལམ་དག དེང་གི་གཞུང་འབྲེལ་དང་བདེན་ཐུབ་ཡིན་ལ་མིན་པའི་བཟང་ཕྱོགས་ཀྱི་བརྡ་ལན་ཚང་མ། ཁོ་ཚོའི་སྐབས་ཐོག་དུས་ཐོག་གི་ཁེ་ཕན་ལ་བརྟེན་ནས་བྱུང་བ་ཉག་གཅིག་ཆགས་ཡོད། དེས་ན། ང་ཚོས་ཁ་སང་དེ་རིང་གི་རྒྱ་ནག་གི་སྐུ་དྲག་གི་སྡེ་དང་ཕལ་བའི་རིགས། ཡང་ན་སྐུ་དྲག་ནང་གི་སྐུ་དྲག་གི་སྡེ་སོགས་སུ་ཡིན་ཡང་། ཁོ་ཚོ་ལ་དུས་ཡུན་ཐུང་ཐུང་ནང་བོད་དོན་ཐག་གཅོད་དམ། བོད་དོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་རུང་གཏོང་དགོས་པའི་ཁེ་ཕན་ཞིག་ཡོད་པ་མཐོང་གི་འདུ་གམ།

བསྐྱར་བཅོས།: ༢༠༡༨/༡༠/༠༧

Leave a Reply

One thought on “དུས་ཡུན་ཐུང་ཐུང་ནང་། རྒྱ་ནག་ལ་འགྱུར་བ་དང་བོད་ལ་རེ་བ་ཡོད་དམ།

  1. སྔ་མོ་ནས་བོད་ཀྱི་བཤད་སྲོལ་ལ་ཡོད་ཡོད་པ་རེད་པ། རྒྱ་དོགས་པའི་ཕུང་། བོད་རེ་བའི་ཕུང་། འདི་དང་གཅིག སྔ་མོ་ང་ཚོ་བོད་ཀྱི་སྐུ་དྲག་རིང་ལུགས་་་ 59 ནས་་་ ཟ་སྐལ་རྫོགས་ཚར་པ་རེད། ཟ་སྐལ་ལ་རྟག་པ་བརྟན་པོ་མེད་པ་ཞིག་རེད། སྔ་མོ་འཛམ་གླིང་རྒྱལ་ཁབ་ཕོན་ཆེ་་་ རྒྱལ་པོའི་རིང་ལུགས། སྐུ་དྲག་རིང་ལུགས། དམར་པོའི་རིང་ལུགས། སྲིད་དབང་སྒེར་འཛིན་ལམ་ལུགས། དེང་སང་རྒྱལ་ཁབ་ཐ་རེ་ཐོར་རེ་གཅིག་གཉིས་ཡོད། མང་ཆེ་བ་འགྱུར་ལྡོག་ཕྱིན་ཚར་པ་རེད། ད་ལྟ་རྒྱ་དམར་གྱི་ཇག་པའི་སྐུ་དྲག་ཚོ་སོག་མའི་མེ་ཆེན་པོ་འབར་བཞིན་པ་ཞིག་རེད། དབང་ཐང་ལ་ཡང་རྟག་པ་བརྟན་པོ་མེད་པ་ཞིག་རེད། ཡང་སྔ་མོ་བོད་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་སྐབས་བོད་ཀྱི་དབང་ཐང་ ཨེ་ཤི་ཡ་ཁྱིམ་མཚེས་རྒྱལ་ཁབ་ཚོ་མ་ཚད་ Turkey, Europe Hungary སོགས་སུ་ཡང་ཁྱབ་པས་ལོ་རྒྱུ་ཡོད། དེ་དེ་བཞིན་ དབྱིན་ཇི་རྒྱལ་མོའི་དབང་ཐང་ཕལ་ཆེར་འཛམ་བུ་གླིང་ལ་ཁྱབ་པ་འདྲ་པོ་ཞིག་རེད། ད་དེང་སང་དབྱིན་ཇི་ཁོ་རང་ཚོ་ནང་ལོག་མ་སྒྲིག་ནི་སྡད་ཡོད། འདི་དཔེ་མཚོན་ཞིག་རེད། ང་ཚོ་ལ་ཡང་༧གོང་ས་མཆོག་ནས་་་ སྐུ་དྲག་རིང་ལུགས་ རོ་ལང་མ་རྒྱག་ཡ་ཆེད་ དམངས་གཙོ་གསོལ་རེ་གནང་ཡོད། དམངས་གཙོ་བེད་སྤྱོད་བྱེད་ཤེས་ན་ ༧ཁོང་གི་་་ ད་ནས་ཟུང་ ཨ་མའི་བུ་ལ་ཡོན་ཏན་ཡོད་ན། སྲིད་སྐྱོང་སུའི་བྱེད་ན་སྒྲིག་གི་རེད་གསུང་ཡོད། ཡང་་་ སྔ་མོ་བཤད་སྲོལ་ལ་་་ རྒྱ་དོགས་པའི་ཕུང་། བོད་རེ་བའི་ཕུང་། ད་དེང་སང་་་ བོད་དོགས་པའི་ཕུང་། རྒྱ་རེ་བའི་ཕུང་། འདྲ་པོ་ཆགས་ཡོང་གི་འདུག་ག རྒྱ་དམར་གུང་ཕྲན་ཚོ་་་ བོད་དེ་རྩ་མེད་འགྲོ་ན་ རེ་བ་དང་ཤུག་རྒྱག་བཞིན་ཡོད། ད་བོད་པ་ཚང་ ཁ་ནས་བོད་ཀྱི་དབུ་ཁྲི་བླ་ན་མེད་པ་༧གོང་ས་ལྷ་མི་རྣམ་འདྲེན་ཕགས་མཆོག་ཕྱག་ན་པད་མོ་ལབ་ཀྱི་ལབ་ཀྱི་ལ་ ༧ཁོང་གི་དགོངས་པ་ དབུ་མའི་ལམ་ལ་ ཐ་ན་རྒྱ་ནག་སྐམ་ས་ཆེན་པོ་དང་། འཛམ་གླིང་ནང་དགའ་མོས་དང་རྒྱབ་སྐྱོར་ཐོབ་བཞིན་ཡོད། བོད་པ་ཀླན་ལྐུག་ག་རེ་ མ་རེད་དོག་དོག་ དོགས་པ་རྣམ་རྟོག་བྱས་བཞིན་ཡོད། སྤྱིར་བཏང་གི་ བོད་པའི་སྒེར་གྱི་ཚོགས་པ་ཚོ་ བོད་ལ་སེམས་ཤུག་ཡོད་དོག་དོག་ལག་པ་ཕྱིས་ས་གཅིག་དང་། མི་མང་མགོ་སྐོར་གཏོང་ཡ་ཚོང་གི་ལག་ཆ་ལྟ་བུ་ཞིག་རེད། ད་ བོད་དོགས་པའི་ཕུང་། རྒྱ་རེ་བའི་ཕུང་། བཀྲ་ཤིས་བདེ་ལེགས།།