སྒོ་ཕྱུགས་གསོད་མི་དགོས་པར་ཤ་ལ་རོལ་ཆོག

ཨ་རིའི་ཟས་རིགས་ཐོན་སྐྱེད་ཁང་ཞིག་གིས་བྱ་དེའི་སྒྲོ་སྤུ་ལས་བླངས་པའི་ཕྲ་ཕུང་གིས་བྱ་ཤ་བཟོ་ཡི་ཡོད་པས་འདི་ལོའི་ལོ་མཇུག་ཙམ་ལ་བྱ་ཤ་དེ་ཟ་ཁང་ཁག་གི་ཟས་ཐོའི་ནང་སླེབས་སྲིད་སྐོར་བརྗོད་འདུགའདིའི་ཕྱི་ཚེས་ ༡༥ ཉིན། བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སེན་ཧྥེ་རེན་སིས་ཀོ་(San Francisco)ནང་རྟེན་གཞི་བྱས་པའི་ཇཱ་སི་ཊི་ཟས་རིགས་ཐོན་སྐྱེད་ཁང་(Just)གིས། ཚན་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་བྱ་དེ་གསོན་པོའི་སྒྲོ་སྤུ་ལས་བླངས་པའི་ཕྲ་ཕུང་བསྙལ་སྦྱོང་བྱས་ཏེ་བྱ་ཤ་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་། གསར་དུ་ཐོན་སྐྱེད་བྱས་པའི་བྱ་ཤ་དེ་ནམ་རྒྱུན་གྱི་བྱ་ཤ་དང་འདྲ་བོ་ཡོད་སྟབས། ཕྲ་ཕུང་གིས་བཟོས་པའི་བྱ་ཤ་དེ་ལ་“ཤ་དྭངས་མ”ཞེས་ཀྱང་བརྗོད་ཀྱི་འདུག

ཇྰ་སི་ཊི་ཟས་རིགས་ཐོན་སྐྱེད་ཁང་གི་སྤྱི་ཁྱབ་འགན་འཛིན་ཇཱོ་ཤི་ཊེ་ཊ་རིག་(Josh Tetrick)གིས་ང་ཚོས་སྒོ་ང་དང་འཁྱག་པ་བྱི་རིལ། མར་སོགས་རྩི་ཤིང་ལས་བཟོ་ཡི་ཡོད་པ་དང་། ཤ་དེ་ཤ་རང་གིས་བཟོ་ཡི་ཡོད་པ་རེད། ཡིན་ནའང་། ཕྲ་ཕུང་བསྙལ་སྦྱོང་ལས་ཤ་བཟོས་པ་ཡིན་ན་ཤའི་ཆེད་དུ་སེམས་ཅན་གསོད་དགོས་ཀྱི་མེད་པ་དང་། ཕྲ་ཕུང་བསྙལ་སྦྱོང་གི་ཤ་དེ་རྒྱལ་སྤྱིའི་ཁྲོམ་རར་ཚོང་འགྲེམས་ཆེད་ཨེ་ཤ་ཡ་དང་ཡུ་རོབ་རྒྱལ་ཁབ་ཁག་མཉམ་དུ་གྲོས་བསྡུར་བྱེད་བཞིན་ཡོད་སྐོར་བརྗོད་འདུག

བྷི་བྷི་སི་གསར་ཁང་གིས་ཕྱི་ལོ་ ༡༩༣༡ ལོར་དབྱིན་ཇིའི་སྲིད་བློན་ཝི་སི་ཊོན་ཅར་ཅིལ་(Wiston Churchill)ལགས་ཀྱིས་མིའི་རིགས་ཀྱིས་མ་འོངས་པར་བྱ་དེའི་གཤོག་པ་དང་བྲང་ཤ་བཟའ་ཆེད། བྱ་དེ་སྐྱེད་སྲིང་གི་དཀའ་ཚེགས་ལ་གཡོལ་ནས་བྱ་དེའི་ཡན་ལག་གི་ཆ་ཤས་གཅིག་ཁོ་ན་སྐྱེད་སྲིང་བྱེད་སྲིད་སྐོར་བརྗོད་ཡོད་པ་དང་། འདི་ལོར་ཅར་ཅིལ་གྱི་སྔོན་དཔག་དེ་དངོས་སུ་ལག་ལེན་དུ་བསྟར་ཐུབ་པ་བྱུང་ཡོད་སྐོར་བརྗོད་འདུག

ཡང་གནས་ཚུལ་དེའི་ནང་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟས་རིགས་ཀྱི་ཆེད་དུ་སྒོ་ཕྱུགས་སྙོར་སྐྱོང་བྱེད་ཀྱི་ཡོད་པ་དེས་གོ་ལའི་ཚ་དྲོད་འཕེལ་བ་དང་། ཆུ་དང་རླུང་ཁམས་འབག་བཙོག་བཟོ་ཡི་ཡོད་སྐོར་བསྒྲགས་ཡོད་པས། ཟས་རིགས་ཐོན་སྐྱེད་ཁང་དེའི་སྤྱི་ཁྱབ་འགན་འཛིན་ཊེ་ཊ་རིག་དང་ཁོའི་ལས་རོགས་རྣམ་པས་ཤ་ཡི་ཆེད་དུ་སེམས་ཅན་གསོད་མི་དགོས་པ་དང་། གནོད་འཚེ་ཤུགས་ཆེར་ཕོག་བཞིན་པའི་རང་བྱུང་ཁོར་ཡུག་འདི་སྲུང་སྐྱོབ་ཐུབ་པ་སོགས་གནོད་སྐྱོན་མ་ཐེབས་པའི་ཐོག་ནས་ཟས་རིགས་ཐོན་སྐྱེད་དང་མཁོ་སྤྲོད་བྱེད་ཐུབ་པའི་ཐབས་ལམ་འཚོལ་བཞིན་ཡོད་སྐོར་བརྗོད་འདུག

ད་ལྟའི་ཆར་ཟས་རིགས་ཐོན་སྐྱེད་ཁང་སྐོར་ཞིག་གིས་ཀྱང་ཕྲ་ཕུང་བསྙལ་སྦྱོང་གི་ཤ་རིགས་ཐོན་སྐྱེད་ཀྱི་མ་རྐང་མགོ་འཛུགས་བྱེད་ཀྱི་ཡོད་པ་དང་།  ཐོན་སྐྱེད་ལས་གཞི་དེའི་ཆེད་དུ་ཨ་རིའི་གློག་ཀླད་སོགས་བཟོ་འཕྲུལ་རིག་རྩལ་དར་ཆེ་ཤོས་ཀྱི་ས་གནས་སི་ལི་ཁོན་ཝེ་ལི་(Silicon Valley)སོགས་ས་གནས་གཞན་ནས་མ་རྐང་འཛུགས་མཁན་འཚོལ་བཞིན་ཡོད་པ་དང་། ལས་གཞི་དེའི་མ་རྐང་འཛུགས་མཁན་ཁོངས་སུ་ཕྱུག་བདག་བྷིལ་གྷེ་ཊི་(Bill Gates)ལགས་དང་རི་ཅྰཌ་བྷེ་རེན་སན་(Richard Branson)རྣམ་གཉིས་ཀྱང་ཡོད་འདུགཕྲ་ཕུང་བསྙལ་སྦྱོང་ལས་ཐོན་པའི་ཤ་རིགས་དེ་ཚོང་འགྲེམས་ཀྱི་མ་རྐང་འཇོག་མཁན་གཙོ་བོ་ཞིག་ནི་ཊའི་སོན་ཟས་རིགས་ཐོན་སྐྱེད་ཁང་(Tyson Foods)ཡིན་ཞིང་། ཐོན་སྐྱེད་ཁང་དེས་སན་ཧྥེ་རན་སིས་ཀོ་ནང་ཡོད་པའི་མེམ་ཧྥི་སི་ཤ་རིགས་ཐོན་སྐྱེད་ཁང་(Memphis Meats) ལའང་ལས་གཞི་དེའི་ཆེད་དུ་མ་རྐང་ཆེན་པོ་བཙུགས་ཡོད་འདུག ཊའི་སོན་ཟས་རིགས་ཐོན་སྐྱེད་ཁང་ནི་ཨ་རིའི་ཤ་རིགས་ཐོན་སྐྱེད་ཁང་ཆེ་ཤོས་དེ་ཡིན་པ་དང་། ཁོང་ཚོས་བདུན་ཕྲག་རེར་ཕག་པ་ ༤༢༤,༠༠༠ དང་བ་ཕྱུགས་ ༡༣༠,༠༠༠།  བྱ་དེ་ས་ཡ་ ༣༥ ཙམ་གསོད་ཀྱི་ཡོད་འདུག ཐོན་སྐྱེད་ཁང་གི་སྤྱི་ཁྱབ་དངུལ་གཉེར་ཊོམ་གྱིས་ཕྲ་ཕུང་བསྙལ་སྦྱོང་ཤ་རིགས་ལས་གཞིའི་ནང་ཁོང་ཚོ་ཞུགས་དགོས་དོན་གཙོ་བོ་ནི། ཐོན་སྐྱེད་ཁང་དེ་ཤ་རིགས་ཐོན་སྐྱེད་ཁང་ཆེ་ཤོས་ནས་སྤྲི་དཀར་ཐོན་རྫས་མཁོ་འདོན་ཁང་ཆེ་ཤོས་ཤིག་ཏུ་འགྱུར་འདོད་ཡོད་ཅེས་བརྗོད་འདུག

ཨ་རིའི་ཞིང་ལས་ཚན་པ་(USDA)དང་ཨ་རིའི་ཟས་སྨན་འཛིན་སྐྱོང་ཚན་པ(FDA) གཉིས་ནས་མི་མང་ནང་བསམ་ཚུལ་བསྡུ་རུབ་བྱེད་ཀྱི་ཡོད་ཀྱང་། ཁྲིམས་ཐོག་ནས་ད་དུང་ཁ་གསལ་ཆགས་མེད་སྐོར་བརྗོད་འདུག བྷི་བྷི་སི་གསར་ཁང་གིས་མི་མང་ལ་ཕྲ་ཕུང་བསྙལ་སྦྱོང་ཤ་རིགས་སྐོར་ནས་བཅར་འདྲི་བྱེད་སྐབས། མི་ཕལ་ཆེ་བས་ཕྲ་ཕུང་བསྙལ་སྦྱོང་གི་ཤ་རིགས་བཟའ་རྒྱུར་འདོད་པ་མེད་པའི་བསམ་ཚུལ་ཤུགས་ཆེར་བསྟན་ཡོད་འདུག དགེ་རྒན་ཨ་ཤི་ལེ་པོབ་པི་སིལ་ལགས་ཀྱིས་ང་ལ་ཤ་དེའི་འབྱུང་ཁུངས་ཤེས་འདོད་ཡོད་ལ། རང་བྱུང་གི་ཤ་མ་གཏོགས་ཚན་རིག་བརྟག་དཔྱད་ཁང་ནས་བཟོས་པ་ཞིག་མི་དགོས། ཞེས་བརྗོད་འདུག་ལ། ཡང་མི་ཞིག་གིས་དཀོན་མཆོག་གིས་བཟོ་སྐྲུན་བྱས་པའི་ཐོན་སྐྱེད་རིགས་མ་གཏོགས་མིས་བཟོས་པ་རྣམས་ལ་ཞེད་སྣང་ཡོད་སྐོར་བརྗོད་པ་སོགས་མི་མང་པོས་ལས་གཞི་དེར་སྐྱོན་བརྗོད་དང་འདོད་པ་མེད་པའི་བསམ་ཚུལ་སྣ་ཚོགས་ཡོང་གི་ཡོད་འདུག

དེའི་ཐད་ཐོན་སྐྱེད་ཁང་དེའི་སྤྱི་གཉེར་བ་ཊེ་ཊ་རིག་གིས། ང་ཚོས་འཁྱག་པ་ལས་འཁྱག་སྒམ་བདམས་པ་དང་། མཚོ་གླང་གི་ཞག་ཚིལ་སྦར་བ་ནས་ས་སྣུམ་བེད་སྤྱོད་བཏང་བ་དང་། ས་སྣུམ་ནས་གློག་རྡོག་སྤྱོད་རྒྱུ་བདམས་པ་སོགས། གང་ལྟར་མི་ཚོས་གློག་རྡོག་དེར་གདོན་འདྲེའི་གློག་ཅེས་བརྗོད་ན་ཡང་། མཐའ་མཇུག་དེར་མིའི་རིགས་ཀྱིས་གསར་པ་ཞིག་ལ་དགའ་བསུ་བྱ་ངེས་རེད། ཅེས་དང་། མིའི་རིགས་ཀྱི་གཤིས་ལུགས་འདི་སྔར་ནས་དེ་ལྟར་ཡིན་པས་ངས་རྒྱལ་འཇོག་དགོས་བྱུང་ནའང་ལས་གཞི་འདི་དེ་བཞིན་འབྱུང་ངེས་རེད། ཅེས་བརྗོད་ཡོད་འདུག

པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༠/༡༧

Leave a Reply

2 thoughts on “སྒོ་ཕྱུགས་གསོད་མི་དགོས་པར་ཤ་ལ་རོལ་ཆོག

  1. གཞུང་པ་ཚེ་དབང་བསོད་ནམས་

    སྲོག་མེད་པའི་ཤ་ཡོད་ན་དེ་ལ་ཤའི་མིང་ཐོབ་ཀྱི་མ་རེད་ཤ་རྫུན་ནམ་ཤའི་ཚབ་ལ་
    བེད་སྤྱོད་གཏོང་ཆོག་པའི་( soya bean )ལྟབུ་ཞིག་ཡིན་སྲིད་དེ་མིན་སྲོག་མེད་
    དངོས་པོ་ལ་ཤའི་མིང་རྟགས་ནས་དཔལ་འབྱོར་འདུ་འགོད་བྱ་རྒྱུ་དེ་ཁྲིམས་མཐུན་
    ལ་ནམ་ཡང་ངོས་འཛིན་ཐབས་མེད་།

  2. གཞུང་པ་ཚེ་དབང་བསོད་ནམས་

    ཧཧཧ་དུས་ངན་སྙིགས་མ་འཆར་བའི་སྔ་ལྟས་སུ་།
    ཤ་རྫུན་གོང་རྫུན་འབྲས་རྫུན་འོ་རྫུན་སོགས་ །
    རིན་ཆེན་མི་གི་ཚེ་སྲོག་ཚོང་རྫས་འོག་།
    འདོད་བརྔམས་ཚོང་པས་རྩེད་ཆས་ཡིད་རེ་མུག་།