མདོ་སྨད་དང་སྙེ་མོའི་གྱེན་ལངས་ངོ་རྒོལ་སྐོར་ལ་བགྲོ་གླེང།

ཧོང་ཁྲིན་ཞེས་པའི་བོད་རིགས་མི་མང་གི་ངོ་རྒོལ་ཁྲོད་ཚེ་སྲོག་ཤོར་ཤོར་བའི་དཔའ་བོ་དཔའ་མོ་ ༡༥༦ གི་མཚན་ཐོ་ལག་སོན་བྱུང་ཡང་ད་དུང་མང་པོ་ཞིག་གི་མཚན་ཐོ་རག་གི་མི་འདུག་ཟེར།དེ་རིང་ཕྱི་དྲོའི་ཆུ་ཚོད་ ༢ སྟེང་། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྔ་བ་རྨེའུ་རུ་མའི་རྭ་བདེ་ལེགས་དང་དང་འགུ་ལོག་དམ་ཆོས་དཔལ་བཟང་གཉིས་ཀྱི་གོ་སྒྲིག་འོག ཕྱི་ལོ ༡༩༦༨ ལོར་མདོ་སྨད་ཁུལ་གྱི་རྫོང་ཁག་མང་པོའི་ནང་ཁྲིན་འདུ་དམར་སྲུང་དམག་དང་རྒྱ་སྐད་དུ་ཧོང་ཁྲིན་ཞེས་པའི་མི་མང་གི་རྩ་འཛུགས་འོག རྒྱ་ནག་གཞུང་གི་སྲིད་བྱུས་ལ་ཞི་རྒོལ་བྱས་ཏེ་རྒྱ་ནག་གཞུང་གིས་དམར་གསོད་བྱས་པ་དང་། ཕྱི་ལོ་ ༡༩༦༩ ལོར་ལྷ་ས་སྣེ་མོ་རྫོང་དུ་ཨ་ནེ་འཕྲིན་ལས་ཆོས་སྒྲོན་ལགས་ཀྱི་སྣེ་འཁྲིད་འོག་གསར་བརྗེ་གྱེན་ལོག་ངོ་རྒོལ་གཉིས་ཀྱི་སྐོར་ལ་བགྲོ་གླེང་གཏམ་བཤད་ཅིག་ཚོགས་སོང་བ་དང་། ཚོགས་འདུའི་གཏམ་བཤད་པར་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་དང་ས་རཱ་མཐོ་རིམ་སློབ་གཉེར་ཁང་གི་དགེ་རྒན་གཙང་ཕྲུག་སྟོབས་ལགས་གཉིས་ཕེབས་འདུག

བགྲོ་གླེང་གི་ཐོག་མར་ཨ་ཁུ་དམ་ཆོས་དཔལ་བཟང་ལགས་ནས་བགྲོ་གླེང་ཚོགས་དགོས་པའི་དམིགས་ཡུལ་དང་ཧོང་ཁྲིན་ཞེས་པའི་བྱུང་རིམ་ཡིག་ཐོག་ནས་ངོ་སྤྲོད་གནང་དོན། ས་སྤྲེལ་ཕྱི་ལོ་ ༡༩༦༨ ལོའི་ཞི་རྒོལ་ཆེན་མོ་ནི་རིག་གནས་གསར་བརྗེའི་སྐབས་ཀྱི་ཚོགས་པ་ཞིག་གི་མིང་ཡིན་པ་དང་། རྒྱ་སྐད་དུ་ཧོང་ཁྲིན་དང་། བོད་སྐད་ལ་ཁྲིན་འདུའི་དམར་སྲུང་དམག་ཟེར། ཕྱི་ལོ་ ༡༩༦༧ ལོར་རྔ་བ་བཀྲ་ཤིས་ཟེར་བས་སི་ཁྲོན་ཞིང་ཆེན་ཁྲིན་འདུ་དམག་ཁུལ་གྱི་ངོ་ཤེས་ཤིག་བརྒྱུད་ནས་ཧོང་ཁྲིན་གྱི་མིང་དེ་བྱུང་བ་ཞིག་ཡིན། དེ་ཡང་རིག་གནས་གསར་བརྗེ་ཆེན་མོའི་ཚོགས་ཁག་གཅིག་གི་མིང་ཡིན་པ་དང་། རིམ་པས་ཚོགས་པའི་ངོ་བོར་གྱུར་ནས་གུང་ཁྲན་ཏང་ལ་ངོ་རྒོལ་བྱེད་མཁན་གྱི་རྩ་འཛུགས་ཤིག་ཏུ་གྱུར་བ་ཡིན། ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི། རྒྱ་ནག་དམར་པོའི་མནར་གཅོད་གདུག་རྩུབ་འོག་སྨྲ་བརྗོད་དང་ཆོས་དད་རང་དབང་མེད་པ། ས་ཞིང་དང་སྒོ་ཕྱུགས་སོགས་རང་རྒྱུ་རང་བདག་མེད་པས། མི་མང་གིས་ངོ་རྒོལ་བྱས་པ་རེད། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་རྔ་བ་རྫོང་དང་རྐ་ཆུ་རྫོང་། མཛོད་དགེ་རྫོང་། འབར་ཁམས་རྫོང་། ཟུང་ཆུ་རྫོང་། འཛམ་ཐང་རྫོང་། དཀར་མཛེས་ཁུལ་གྱི་སེར་ཤུལ་རྫོང་དང་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་ཁུལ་གྱི་གཅིག་སྒྲིལ་རྫོང་། པདྨ་རྫོང་། དགའ་བདེ་རྫོང་། ཀན་སུ་ཞིང་ཆེན་གྱི་ཀན་ལྷོ་ཁུལ་གྱི་རྨ་ཆུ་རྫོང་དང་ཀླུ་ཆུ་རྫོང་། བསང་ཆུ་རྫོང་། ཐེ་བོ་སོགས་རྫོང་ཁག་ ༡༤ ལྷག་གི་མི་མང་ཁྲི་བཅུ་ཙམ་ཞིག་གིས་ཡར་ལངས་བྱས་ཏེ་སོ་སོའི་སྲིད་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པ་རེད། སྐབས་དེར་གྲོང་ཁྱེར་དམར་པོའི་སྤྱི་ཁྱབ་མགོ་འཁྲིད་རྔ་བའི་རྗེ་འཇིགས་མེད་བསམ་གཏན་རིན་པོ་ཆེ་མཆོག་དང་། མགོ་ལོག་གི་ཡོན་ཏན་རྒྱ་མཚོ་དངོས་མིང་ལ་དགའ་ལྡན་གཉིས་གཙོས་པའི་ས་སྒོ་སོ་སོས་འགན་བླངས་ནས་རྫོང་སོ་སོའི་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་རེད། ཅེས་བརྗོད་སོང་།

ཧོང་ཁྲིན་ནང་མི་ག་ཚོད་དམར་གསོད་བཏང་ཡོད་པའི་སྐོར་ལ་ཁོང་གིས། ཕྱི་ལོ་ ༡༩༦༨ ཟླ་ ༡༡ ཚེས་ ༣ ཉིན་མགོ་ལོག་ཁང་གསར་མི་མང་གཙོས་དབལ་ཤུལ་རྨེ་བའི་མི་མང་པོ་ཞིག་གིས་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་གི་མཐའ་བསྐོར་ནས་རྫོང་སྲིད་གཞུང་ལ་ཞི་རྒོལ་བྱས། ཞི་རྒོལ་བསྒྲགས་ཡིག་ནང་རྒྱ་རྒྱ་ཡུལ་ལ་འགྲོ་རྒྱུ་དང་། བོད་བོད་ཡུལ་ལ་སྡོད་རྒྱུ། རྒྱ་རིགས་རྣམས་རང་ཡུལ་ལོག་དགོས་པའི་བརྡ་ཁྱབ་བཏང་བ་རེད། དེ་བཞིན་སི་ཁྲོན་གྱི་གཞུང་དམག་བཅིང་གྲོལ་དམག་དང་དམངས་དམག་ཟེར་བ་གཉིས་ཀྱིས་དེ་ལོའི་ཕྱི་ཟླ་ ༩ ཚེས་ ༢༩ ཉིན་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་གསེར་ཏེའི་ནས་ཉིན་གཅིག་ལ་བོད་མི་ ༧༡ རྐྱེན་ལམ་དུ་བཏང་ཡོད། ཕྱི་ལོ་ ༡༩༦༨ ལོ་ནས་ལོ་གཉིས་ཀྱི་ནང་མཚོན་ཆ་མེད་པའི་བོད་མི་ལག་རྗེན་མ་བརྒྱ་ཕྲག་མང་པོ་རྐྱེན་ལམ་དུ་བཏང་བ་དང་། མང་པོ་ཞིག་བཙོན་ཁང་དུ་མནར་གཅོད་བཏང་སྟེ་བསད། དཔེར་ན། རྔ་བ་རྗེ་འཇིགས་མེད་བསམ་གཏན་རིན་པོ་ཆེ་མཆོག་དང་མགོ་ལོག་ཡོན་ཏན་རྒྱ་མཚོ་གཉིས་རྔ་བ་རྫོང་ཐོག་ཏུ་སྲོག་ཐོག་བཏང་། ཁང་གསར་ཚང་གི་དོམ་ཚ་གཏེར་སྟོན་དང་ཁྱོ་ཤུལ་བློ་རྣམ་གཉིས་གཅིག་སྒྲིལ་རྫོང་ཐོག་ཏུ་སྲོག་ཐོག་བཏང་བས་མཚོན། ང་ཚོའི་ལག་པར་འབྱོར་བའི་སྔོན་གཤེགས་དཔའ་བོ་དཔའ་མོ་ ༡༥༦ གི་མཚན་ཐོ་ལག་སོན་བྱུང་བ་དང་། མང་དག་ཅིག་གི་མཚན་ཐོ་ལག་སོན་བྱུང་མེད། ཅེས་འཁོད་འདུག

ཡང་ཁོང་གིས་མུ་མཐུད་ཤེས་གསལ་ལྟར་ན། ཕྱི་ལོ་ ༡༩༦༨ ལོར་མདོ་སྟོད་སྨད་གཅིག་པུ་མིན་པར་དབུས་གཙང་ཕྱོགས་ནས་སྙེ་མོ་ཞི་རྒོལ་ལས་འགུལ་སྤེལ་བའི་ཁྲོད་བོད་མི་མང་པོ་ཞིག་འདས་གྲོངས་སུ་ཕྱིན་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་། བོད་གཞིས་བྱེས་གཉིས་ནས་དྲག་རྒོལ་དང་ཞི་རྒོལ་གྱི་ལས་འགུལ་མང་པོ་སྤེལ་ཡོད། དཔེར་ན། ས་སྤྲེལ་ཞི་རྒོལ་ཆེན་མོའི་ལས་འགུལ་སྤེལ་བ་དབུས་གཙང་ཕྱོགས་ནས་ཤེས་རྟོགས་བྱུང་མེད་པ་དང་། སྙེ་མོའི་ཞི་རྒོལ་ལ་མཚོན་ན་མདོ་སྟོད་སྨད་ནས་ཤེས་རྟོགས་མ་བྱུང་བ་ལྟ་བུ་ཡིན། བོད་བསྟན་སྲིད་ཀྱི་ཆེད་རང་གི་གཅེས་སྲོག་བློས་བཏང་བ་རྣམས་རང་རེའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ནང་བདག་ཉར་བྱེད་དགོས་པ་ཧ་ཅང་གལ་ཆེན་མཐོང་གི་ཡོད། ས་སྤྲེལ་ཞི་རྒོལ་ཆེན་མོའི་ལས་འགུལ་བྱུང་ནས་ལོ་ངོ་ཧྲིལ་པོ་ ༥༠ འཁོར་བའི་དུས་དྲན་སྲུང་གཙི་བྱེད་དགོས་པའི་རྒྱུ་མཚན་ཡང་དེ་ཡིན། ཞེས་བརྗོད་སོང་།དེའི་རྗེས་རྔ་བ་རྨེའུ་རུ་མའི་བདེ་ལེགས་ལགས་ནས་ཁོ་རང་སྐབས་དེར་ཧོང་ཁྲིན་ནང་ལ་དངོས་སུ་ཞུགས་པའི་མྱོང་ཚོར་བརྗོད་སྐབས།  སྤྱིར་ཧོང་ཁྲིན་ཟེར་བ་དེ་བྱུང་ནས་མི་ལོ་ ༥༠ འགྲོ་བཞིན་ཡོད་པས་གོ་ཐོས་མེད་མཁན་མང་པོ་ཡོད་པ་དང་། གཞོན་སྐྱེས་མི་རབས་གསར་པ་ཚོས་ལོ་རྒྱུས་དེ་དག་ཤེས་རྒྱུ་གལ་ཆེན་ཡིན་པ་དང་། ངོ་རྒོལ་དེ་བྱུང་དུས་རིག་གནས་གསར་བརྗེ་ཆེན་མོའི་ཚ་ཚ་འུར་འུར་གྱི་སྐབས་དང་མི་མང་ལ་འགྲོ་དབང་འདུག་དབང་མེད་པ་དང་། སྨྲ་བརྗོད་རང་དབང་དང་ཆོས་ལུགས་དད་མོས་རང་དབང་སོགས་མེད་པ་མ་ཟད། རང་ལ་དབང་བའི་རྒྱུ་ནོར་ཚང་མ་གཞུང་ལ་སྤྲོད་དགོས་པ་དང་གཞུང་ལ་ཉིན་མཚན་མེད་པར་ལས་ཀ་བྱས་ཀྱང་ཟ་མ་ཅུང་ཙམ་རེ་ལས་མི་རག་པའི་དཀའ་ངལ་འཕྲད་ནས་ཡོད་པར་བརྟེན།  ཕྱི་ལོ ༡༩༨༦ ལོའི་ཟླ ༣ ཚེས་ ༦ ལ་རྔ་བ་རྨེའུ་རུ་མའི་ཡུལ་ཚོའི་ཐོག་ནས་ཧོང་ཁྲིན་ཞེས་པའི་ལས་འགུལ་དེ་མགོ་ཚུགས་པ་དང་། སྐབས་དེར་ཞི་བའི་རྣམ་པའི་ཐོག་ནས་རྫོང་སྲིད་གཞུང་ལ་མི་མང་གི་དཀའ་ངལ་སོགས་ཐེངས་མང་རེ་སྐུལ་བྱས་ན་ཡང་། ཁོ་ཚོས་མི་མང་གི་རེ་བ་ལ་ཡ་ལན་སོགས་གང་ཡང་མེད་པ་མ་ཟད་རྔ་བ་རྫོང་ཐོག་ནས་རྒྱ་ནག་གི་དམག་མི་དང་ལས་བྱེད་མཉམ་རུབ་ཐོག་དྲག་གནོན་བྱེད་རྒྱུ་མགོ་བརྩམས་པ་དང་། དྲག་གནོན་ཀྱི་མཇུག་འབྲས་དེ་རྔ་བ་བར་མ་ཞང་གི་གདོང་སྣེའི་ཁ་ནས་ཉིན་གཅིག་ལ་མི་ ༡༡ བསད་ཡོད་པ་རེད། དེ་ནས་བཟུང་མི་མང་གི་ཞི་བའི་སྒང་ནས་གཞུང་ལ་རེ་བ་རྒྱག་རྒྱུར་རེ་ཐག་ཆད་ནས་དྲག་པོའི་རྒོལ་ལན་སློག་རྒྱུ་མགོ་བརྩམས་པ་རེད། དེ་དང་མཉམ་དུ་མི་མང་གིས་རྔ་བ་རྨེའུ་རུ་མའི་དབྱར་སའི་མནཌླ་ཐང་ཞེས་པའི་རྩ་ཐང་དུ་ཧོང་ཁྲོན་ཚོགས་པའི་ལྟེ་བ་ཚུགས་ཏེ། ཕྱི་ལོ ༡༩༦༨ ལོའི་ཟླ ༨ ལྷག་རིང་རྫོང་ཁག་མང་པོའི་མི་མང་འཛོམས་ནས་ཚང་མས་མཉམ་རུབ་ཀྱི་ཐོག་ནས་ངོ་རྒོལ་བྱེད་རྒྱུའི་གྲོས་ཐག་བཅད་པ་ཡིན་སྐོར་བརྗོད་བྱུང་།

རྔ་བ་ཚེ་རྒྱམ་ལགས་ཀྱིས་སྐབས་དེའི་ངོ་རྒོལ་ལ་ཕྱིར་དྲན་དང་ཕྱི་རབས་པ་ཚོས་བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་ལ་ཁོང་གིས། བོད་མདོ་སྨད་ཁུལ་གྱི་རྫོང་ཁག་ ༡༤ ལྷག་གིས་རྒྱ་ནག་གི་སྲིད་གཞུང་ལ་དྲག་རྒོལ་བྱས་པའི་ཧོང་ཁྲིན་གྱི་ལོ་རྒྱུས་དང་། དབུས་ཁུལ་དུ་བྱུང་བའི་སྙེ་མོའི་གྱེར་ལངས་ཀྱི་ལོ་རྒྱུས་དེ་བོད་ཀྱི་ཉེ་རབས་ལོ་རྒྱུས་ཀྱི་བསུབ་ཐབས་མེད་པའི་ཆ་ཤས་གནད་འགག་ཆེན་པོ་ཞིག་ཡིན་པ་དང་། ལྷག་པར་དུ་བོད་ཀྱི་འཐབ་རྩོད་ཀྱི་ལོ་རྒྱུས་ཁྲོད་ན་ཧ་ཅང་གལ་ཆེན་པོ་ཡིན་སྟབས། བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་རྣམས་ཀྱི་ཧོང་ཁྲིན་སྐོར་ལ་ངག་རྒྱུན་ལོ་རྒྱུས་སྒྲིག་རྒྱུ་དང་ཡིག་ཚགས་ནང་ཡིག་འཇོག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་བརྗོད་སོང་།

ཡང་ཁོང་གིས། ཁོང་རང་ཧོང་ཁྲིན་དྲག་རྒོལ་གྱི་ལོ་རྒྱུས་དུས་སྐབས་དེར་ལོ་ན་ཆུང་ངུ་ཡིན་ཡང་། གནས་ཚུལ་རེ་འགའ་དུས་ད་ལྟའང་གློག་བརྙན་ལྟ་བ་བཞིན་གསལ་ལེར་འཆར་ཐུབ་ཀྱི་ཡོད་པ་དང་། ཧོང་ཁྲིན་དྲག་རྒོལ་མགོ་བརྩམས་སྐབས་ཀྱི་མེ་མདའི་སྒྲ་དང་། བོད་པའི་དྲག་རྒོལ་བ་རྟ་དམག་ ༢༠༠ ལྷག་གིས་རྒྱ་དམག་ལ་རྒོལ་བའི་སྔོན་ལ་རི་མགོར་དགྲ་ལྷ་དཔུང་བསྟོད་བྱས་ཚུལ་དང་། ཧོང་ཁྲིན་དྲག་རྒོལ་མཇུག་བསྒྲིལ་བའི་རྗེས་སུ་རང་ཉིད་སློབ་གྲྭར་ཡོད་ཀྱང་། སྲིད་གཞུང་གིས་སློབ་མ་དང་མི་དམངས་ཡོད་ཚད་རྔ་བ་རྫོང་ཐོག་ཏུ་ཁྲིད་དེ། རྫོང་ཐོག་རང་དུ་ཨ་ལགས་རྗེ་འཇིགས་མེད་བསམ་གཏན་དང་མགོ་ལོག་ཡོན་ཏན་རྒྱ་མཚོ་གཉིས་ལ་འཐབ་རྩོད་བྱས་ཏེ་མཐར་སྲོག་ཐོག་བཏང་བ་དངོས་སུ་མཐོང་བ་སོགས་གསུངས་སོང་།

མཇུག་ཏུ་གཙང་ཕྲུག་སྟོབས་ལགས་ནས་ཕྱི་ལོ་ ༡༩༦༩ ལོའི་སྙེ་མོ་རྫོང་གི་གསར་བརྗེ་ངོ་རྒོལ་གྱེན་ལོག་སྐོར་ལ་བརྗོད་དོན། སྤྱིར་ད་ལྟ་གོང་དུ་བཤད་པ་བཞིན་ཧོང་ཁྲིན་དང་སྣེ་མོའི་ངོ་རྒོལ་སོགས་ལ་མིང་དང་ཐ་སྙད་འདོགས་སྟངས་ཅུང་ཙམ་མ་འདྲ་བ་མ་གཏོགས་ཕྱོགས་ཡོངས་ནས་ངོ་རྒོལ་བྱེད་དགོས་དོན་དང་བྱེད་སྟངས་སོགས་གཅིག་པ་ཡིན་པ་དང་། ངོ་རྒོལ་དེ་བྱུང་དགོས་པའི་རྒྱུ་མཚན་ཕྱི་ལོ ༡༩༦༩ ལོར་རྒྱ་ནག་གཞུང་གིས་མི་དམངས་ཀུང་ཧྲེ་ཞེས་པ་བཙུགས་ནས་ཞིང་འབྲོག་མང་སོགས་ཀྱི་ས་ཞིང་དང་ཕྱུག་རིགས་ཚང་མ་གཞུང་བཞེས་བཏང་བ་མ་ཟད། མཉམ་ལས་ཅན་གྱི་ངལ་རྩོལ་ནང་ལས་ཀའི་སྐར་གྲངས་ཀྱི་ཡོངས་འབབ་ལ་བརྟེན་ནས་འཚོ་བ་ཧ་ཅང་སྡུག་པོ་དེ་བཟོད་ཐབས་བྲལ་རྐྱེན། མི་དམངས་ལ་བཟའ་རྒྱུ་མེད་པར་མི་དམངས་ཀུང་ཧྲེ་མེད་པ་བཟོ་རྒྱུ་དང་། རྒྱལ་གཅེས་གཞུང་འབྲུ་སྤྲོད་མི་དགོས་པ། གུང་ཁྲན་ཏང་དང་མའོ་ཀྲུའུ་ཞིའི་གསུང་རྩོམ་ལག་བསྟར་བྱེད་ཀྱི་མི་འདུག་ཅེས་རྫོང་ལ་གྱེན་ལོག་ངོ་རྒོལ་བྱས་པ་ཞིག་རེད། ཅེས་བརྗོད་སོང་།

ཡང་ཁོང་གིས་སྐབས་དེར་ངོ་རྒོལ་གྱི་ཁྱབ་ཚད་དེ་ཕྱི་ལོ ༡༩༦༩ ལོའི་ཟླ་ ༦ ཚེས་༡༣ ནས་སྙེ་མོ་ནས་མགོ་ཚུགས་ཏེ་རིམ་པས་གནམ་གླིང་རྫོང་དང་མཐོང་སྨོན་རྫོང་། ངམ་རིང་རྫོང་། ལྷ་རྩེ་རྫོང་སོགས་རྫོང་ཁག་བཞི་ལ་ཁྱབ་ཡོད་པ་དང་། སྐབས་དེར་མི་དམངས་ཀུང་ཧྲེ་ ༤༢ དང་ཆུས་༢༥། ཞང་ ༡༣༠ མང་ཚོགས་ཀྱིས་འཕྲོག་པ་མ་ཟད། ཐམ་ཀ་རྩིས་ལེན་བྱས་ཤིང་རོགས་རེས་ཚོགས་ཆུང་ ༧༠༡ འཐོར་བཤིག་བཏང་ཡོད་པ་དང་། རྒྱ་དམར་ལས་བྱེད་པ་དང་ཧུར་བརྩོན་ཅན་གྲངས་ ༥༤༢ ལྷག་ལ་འཐབ་རྩོད་བྱས་ཏེ་རྒྱལ་ཁ་བླངས་པ་དང་། ཉིན་གྲངས་ ༨༠ ལྷག་རིང་རང་བཙན་རང་བདག་བྱས་ནས་འདུག་ཐུབ་ཡོད་སྐོར་བརྗོད་སོང་།

གསར་འགོད་པ། པ་སངས་ཚེ་རིང་དང་སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༠/༢༦

Leave a Reply