བཙན་བྱོལ་བོད་མིར་དྲ་འབུའི་འཇབ་རྒོལ་ཤུགས་ཆེ་རུ་ཕྱིན།

མི་སྒེར་གྱི་ཁ་པར་ནང་སྤྱི་ཚོགས་དྲ་ལམ་གྱི་འབྲེལ་ཐག་བཏང་སྟེ་མཛུབ་གནོན་ཐེངས་གཅིག་གིས་དྲ་འབུས་འཇབ་རྒོལ་བྱེད་ཀྱི་ཡོད་འདུགདེ་རིང་ཊོ་རོན་ཊོ་གཙུག་ལག་སློབ་ཆེན་གྱི་མི་སེར་བརྟག་དཔྱད་ཁང་ (The Citizen Lab) དང་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་ (Tibetan Computer Emergency Readiness Team) གཉིས་མཉམ་འབྲེལ་ཐོག བོད་མི་ཚོར་གསང་མྱུལ་དྲ་འབུའི་འཇབ་རྒོལ་བྱས་ཡོད་སྐོར་གྱི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་། འདས་ལོའི་ཕྱི་ཟླ་ ༡༡ ནས་བཟུང་བཙན་བྱོལ་བོད་མི་གནད་ཡོད་རྣམས་ཀྱི་ཁ་པར་ནང་མཛུབ་གནོན་ཐེངས་གཅིག་གིས་གསང་མྱུལ་དྲ་འབུས་འཇབ་རྒོལ་བྱས་ཡོད་པ་དང་། དེ་ནི་བོད་པའི་སྤྱི་ཚོགས་ལ་དྲ་ཐོག་གསང་མྱུལ་གྱི་ཉེན་ཁའི་ཚད་གཞི་མཐོ་རུ་ཕྱིན་ཡོད་པ་མཚོན་གྱི་ཡོད་སྐོར་བཀོད་འདུག

ཐེངས་འདིའི་ཞིབ་འཇུག་གི་གྲུབ་དོན་ནང་། འདས་ལོའི་ཕྱི་ཟླ་ ༡༡ ནས་འདི་ལོའི་ཕྱི་ཟླ་ ༥ བར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་མི་དང་། གསར་འགོད་པ་སོགས་ལ་ཨ་ཚི་ཨེབ་(Whatsapp) བརྒྱུད་བོད་མིའི་གནད་ཡོད་མི་སྣའི་ཁ་པར་ནང་གསང་མྱུལ་དྲ་འབུ་བསྐུངས་ཡོད་པའི་དྲ་ཐག་བསྐུར་ཏེ། ཁ་པར་དེའི་ནང་ཡོད་པའི་གནས་ཚུལ་རྣམས་བརྐུ་འཁྱེར་བྱེད་ཀྱི་ཡོད་པ་དང་། དྲ་འབུའི་འཇབ་རྒོལ་འདི་ནི་མི་སྒེར་ཞིག་གིས་སྤེལ་བ་ཞིག་ཡིན་སྐོར་དང་། འཇབ་རྒོལ་ལས་འགུལ་དེའི་ནང་གནོད་འཚེ་ལྡན་པའི་ (OAuth) བདེན་དཔང་བཀོལ་ཆས་བེད་སྤྱོད་བྱས་ཏེ། གློག་འཕྲིན་ (Gmail) ཡིག་ཟམ་གྱི་ཁ་བྱང་ནང་དུ་འཛུལ་ཐབས་བྱས་ཡོད་པ་དང་། ཞིབ་འཇུག་གི་བརྒྱུད་རིམ་ནང་གསང་མྱུལ་དྲ་འབུ་དེས་ཀུ་ཤུ་ཁ་པར་ནང་ཐེངས་ ༡ དང་། ཨན་ཌོ་ཁ་པར་ནང་ཐེངས་ ༨ ལ་འཇབ་རྒོལ་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

དེ་བཞིན་ཞིབ་འཇུག་གྲུབ་དོན་དེའི་ནང་། འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༡ ནས་ ༡༤ བར་དགའ་ལྡན་ཕོ་བྲང་དང་། བོད་མིའི་སྒྲིག་འཛུགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས། དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་ (Tibetan Human Rights Grooups) གི་གནད་ཡོད་མི་སྣ་ལ་ཐེངས་ ༡༥ ཙམ་ལ་ཆ་རྒྱུས་མེད་པའི་མི་ཞིག་གིས་ཝ་ཚི་ཨེབ་ནང་འབྲེལ་ཐག་བཏང་བ་བརྒྱུད་འཇབ་རྒོལ་བྱས་ཡོད་ཀྱང་། སྟབས་ལེགས་པ་ཞིག་ལ་འཇབ་རྒོལ་བྱེད་སའི་ཁ་པར་དག་གི་མ་ལག་(iOS/Android)ཐོན་རིམ་གསར་ཤོས་བཀོལ་སྤྱོད་བྱས་ཡོད་པའི་རྐྱེན་གྱིས་གནོན་འཚེ་ཐེབས་མེད་པ་དང་། ད་ལན་བོད་མིར་འཇབ་རྒོལ་བྱས་པའི་གསང་མྱུལ་དྲ་འབུ་དེ་ནི་ཉེ་ཆར་གྷུ་གྷལ་གྱི་ཀླད་ཀོར་ལས་གཞི་ (Google Project Zero) དང་ཝོ་ལེག་སི་ཊི་(Volexity) དྲ་ལམ་ཉེན་སྲུང་ཁང་གཉིས་ཀྱིས་ཤེས་རྟོགས་བྱུང་བའི་དྲ་འབུའི་འཇབ་རྒོལ་ལས་འགུལ་གྱི་ངོ་བོ་དང་མཚུངས་ཀྱི་ཡོད་པ་མ་ཟད། དྲ་འབུ་དེ་དག་གི་དམིགས་འབེན་ཡང་རྒྱ་ནག་གི་གྲངས་ཉུང་མི་རིགས་ཁག་ཡིན་པ་ཤེས་རྟོགས་བྱུང་ཡོད་འདུག

དེ་ཡང་འདས་ལོའི་ཕྱི་ཟླ་ ༡༡ ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཞིག་གི་ལས་བྱེད་རྒན་པ་ཞིག་གི་ཨ་ཚེ་ཨེབ་ནང་། སྔར་ཆ་རྒྱུས་མེད་པའི་རྒྱལ་སྤྱིའི་ཉེ་ཡངས་ཚོགས་པའི་ཧོང་ཀོང་གྱི་སྐྱབས་བཅོལ་ཚན་པའི་འགན་འཛིན་ཡིན་ཟེར་མཁན་ཞིག་གིས། བོད་ནང་གི་རང་ལུས་མེར་སྲེག་གི་གནས་ཚུལ་དང་འབྲེལ་བའི་ཐད་ལ་དོགས་འདྲི་བྱེད་ཁུལ་གྱིས། ཁོ་པར་  (bit.ly) ཅན་གྱི་འབྲེལ་ཐག་ཐུང་ཐུང་ཞིག་བསྐུར་ཏེ་དེར་གནོན་དགོས་པའི་སྐུལ་མ་བཏང་ཡོད་པ་དང་། ཡང་སྐབས་ཤིག་ལ་ནེའུ་ཡོག་དུས་བབ་(New York Times) ཀྱི་གསར་འགོད་པ་ཡིན་ཟེར་མཁན་ཞིག་གིས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཞིག་གི་ལས་བྱེད་ཅིག་ལ་ཞིང་གཤེགས་དམ་པ་དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་བློ་གྲོས་མཆོག་གི་སྐོར་གྱི་རྩོམ་ཡིག་ཅིག་ཡིན་ཁུལ་གྱི་འབྲེལ་ཐག་ཅིག་བསྐུར་ཡོད་འདུག རྗེས་སུ་ཤེས་རྟོགས་བྱུང་བ་ལྟར་ན་འབྲེལ་ཐག་དེ་དག་ནི་གསང་མྱུལ་དྲ་འབུ་སྦེད་སྐུང་བྱས་ཡོད་པའི་འབྲེལ་ཐག་ཡིན་འདུག ཞིབ་འཇུག་ཚན་པ་འདིས་དྲ་འབུ་དེར་(POISON CARP) ཞེས་མིང་བཏགས་ཡོད་འདུག

ཞིབ་འཇུག་ཀྱི་མཇུག་བསྡོམས་ནང་། འདི་ལྟ་བུའི་དྲ་འབུའི་འཇབ་རྒོལ་གྱི་ཉེན་ཁ་ལ་སྤྱི་ཚོགས་དང་སྒེར་གྱི་སྤྱི་གཉེར་ཁང་དག་གིས་ཕར་རྒོལ་བྱེད་དགོས་པ་དང་། བོད་ཀྱི་གློག་ཀླད་ཛ་དྲག་ཚན་ཁག་ལྟ་བུ་ནི་བོད་ཀྱི་ཚོགས་སྡེ་ཁག་གི་དྲ་ལམ་བདེ་འཇགས་སྲུང་སྐྱོབ་ཐད་ཀྱི་གོམ་སྟབས་གལ་ཆེན་ཞིག་ཡིན་སྐོར་དང་། གཞན་ཡང་། དྲ་ལམ་གསང་མྱུལ་གྱི་སྤྱི་དམངས་ཙམ་དུ་མ་ཟད། དྲ་བ་བཀོལ་སྤྱོད་བྱེད་མཁན་ཚང་མ་ཉེན་ཁའི་གནས་སུ་ལྷུང་སྲིད་སྐོར་བརྗོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༩/༢༤

Leave a Reply

2 thoughts on “བཙན་བྱོལ་བོད་མིར་དྲ་འབུའི་འཇབ་རྒོལ་ཤུགས་ཆེ་རུ་ཕྱིན།

  1. གཞུང་པ་ཚེ་དབང་བསོད་ནམས

    ད་བྱས་ན་རྒྱ་མི་རླགས་ཁ་མ་སོང་ང་ཚོ་བོད་པའི་སྤྱི་ཚོགས་ནང་
    བོད་ཡིག་ཐོག་ནས་སྐད་འཕྲིན་བཟོ་ཐུབ་ཀྱི་མེད་པ་ཡིན་ནམ་
    གང་ལྟར་ང་ཚོའི་རྒྱ་མི་ལ་ཁ་གཏད་བཅོག་ཐུབ་པའི་ནུས་པ་
    གཅིག་ངེས་པར་དུ་དགོས་འདུག་ན་བོད་ཕྱི་ནང་གཉིས་ཀྱི་ཤེས་
    ཡོན་ཅན་ཚོའི་རིག་པ་འགྲིམ་ནས་རྒྱ་ནག་ལ་རྡོང་རྒྱག་ནན་པོ་
    ཞིག་ངེས་པར་དུ་འཛམ་གླིང་མི་མང་གི་མདུན་རྒྱག་ཐུབ་པའི་
    འགན་བཞེས་དགོས་པ་དེ་གལ་ཆེན་མ་ཡིན་པ་ཡིན་ནམ།

  2. གལ་ཆེན་ཞུ་ཡག་ཞིག་ལ། ཉེ་ཆར་རྒྱ་ནག་ནས་བཏོན་པའི་ སྐད་ཡིག་བཞིའི་ཐོག་ནས་་་བོད་སྐད་ལ་ཡིག་བསྒྱུར་ཐུབ་མཉེན་ཆས་སམ་( Tibet -Tibetan translation) Apps བཟོ་མཁན་ Xixin Wang བཀོད་འདུག་པས། དེ་ཡིག་བསྒྱུར་ནང་དུ། སྤྱིར་བཏང་ Dalai Lama བྲིས་ན་ ཏཱ་ལའི་བླ་མ་ཐོན་ཐུབ་ཀྱིས་འདུག བློ་ཕམ་པ་ཞིག་ལ་༧ གོང་ས་བཅུ་བཞི་པའམ། ཨིན་ཡིག་ནང་དུ་་14th Dalai Lama བྲིས་ན་་་བོད་ཡི་ནང་དུ་ “ཏ་ལ་” མ་གཏོགས་ཐོན་ཐུབ་ཀྱིས་མི་འདུག དེ་ཡིན་ཙང་བོད་པ་མི་རེ་ངོ་ནས་་་WeChat དང་། ཡིག་བསྒྱུར་apps དེ་དང་། ཚང་མ་ག་རེ་བྲིས་ན རྒྱ་ནག་ལ་འཆར་ཐུབ་པའ་རག་ཐུབ་པ་ཅན་ཡིན་འདུག་པས་ཚང་མས་གཟབ་དགོས་འདུག