མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཚོས་རང་ལུས་མེར་བསྲེགས་གནང་དོན་ག་རེ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཚེ་རིང་འོད་ཟེར་གྱིས་བརྩམས། བློ་བཟང་ཡེ་ཤེས་ཀྱིས་བསྒྱུར།

woeser-tibet-jkt-revise
(Tibet on Fire: Self-Immolations Against Chinese Rule)

( པེ་ཅིན་དུ་གནས་སྡོད་བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་བརྩམས་པའི་བོད་མིའི་རང་ལུས་མེར་བསྲེགས་སྐོར་གྱི་དཔེ་དེབ་༼ མེ་ལྕེའི་ཁྲོད་ཀྱི་བོད།༽ཞེས་པ་དེ་སྐུ་ཞབས་ Kevin Carrico ལགས་ཀྱིས་དབྱིན་ཡིག་ཏུ་བསྒྱུར་ཏེ། ཟླ་འདིའི་ཚེས་ ༡༢ ཉིན་ཨ་རིའི་ནེའུ་ཡོག་དཔེ་དེབ་དཔྱད་ཞིབ་དྲ་བའི་སྟེང་འགྲེམ་སྤེལ་གནང་ཡོད་པ་དང་། གཤམ་གྱི་རྩོམ་ཡིག་འདི་དེབ་དེའི་ནང་གི་བོད་མིའི་རང་སྲེག་གི་སྤྱི་སྡོམ་ལྟ་ཚུལ་དེ་ཡིན། )

 

ཕྱི་ལོ་ ༢༠༠༨ ལོའི་ཟླ་བ་ ༢ པའི་ཚེས་ ༢༧ ཉིན་ནི་བོད་ལུགས་ཀྱི་ལོ་གསར་ཚེས་པ་གསུམ་པ་འཁེལ་ཡོད། ཉིན་དེ་ནི་རང་ལུས་མེར་སྲེག་བོད་དུ་སླེབས་པའི་ཉིན་མོ་ཞིག་ཡིན་པ་དང་།  ལོ་དེའི་སྨོན་ལམ་ཆེན་མོ་ནི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཀྱི་དཔའ་བོ་དཔའ་མོ་རྣམས་དྲན་གསོ་ཆེད་དུ་ཚོགས་རྒྱུ་ཡིན་ཡང་རྒྱ་གཞུང་གིས་སྨོན་ལམ་ཚོགས་མི་ཆོག་པའི་བཀོད་ཁྱབ་བཏང་ཟིན་པ་རེད། ཉིན་དེར་རྔ་པ་ཀིརྟི་དགོན་གྱི་གྲྭ་ཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་པ་ནས་ད་ལྟའི་བར་ཉུང་མཐར་བོད་མི་གཞན་ ༡༤༥ ལྷག་གིས་རང་ལུས་མེར་བསྲེག་བཏང་ཡོད། འདི་དག་ལས་ ༡༤༡ བོད་ནང་ནས་ཡིན་པ་དང་ལྷག་མ་ ༥ ནི་བཙན་བྱོལ་ནང་ནས་རེད། ད་ལྟ་ཤེས་རྟོགས་ཡོད་པའི་གནས་ཚུལ་ལ་གཞིག་ན་བོད་མི་ ༡༢༥ འདས་གྲོངས་སུ་འགྱུར་ཡོད། བོད་ནང་དུ་ ༡༢༢ དང་ཕྱི་རྒྱལ་དུ་ ༣ བཅས་ཡིན་པ་རེད།

 

རང་ལུས་མེར་བསྲེགས་གནང་མཁན་ཁྲོད་ཕལ་ཆེ་བ་སྐྱེས་པ་ཡིན་ཡང་བུད་མེད་ཀྱང་ཡོད་པ་རེད། མང་པོ་ཞིག་ནི་བུ་ཕྲུག་ཤུལ་ལ་ལུས་པའི་ཕ་མ་ཡིན་པ་དང་ལོ་ན་ཆེ་ཤོས་དེ་ ༦༤ དང་ཆུང་ཤོས་ ༡༦ རེད། ན་ཚོད་མ་ལོན་པའི་གཞོན་སྐྱེས་བདུན་གྱིས་རང་ལུས་མེར་བསྲེགས་པའམ་སྲེག་ཐབས་བྱས་པའི་རྗེས་གཉིས་འདས་གྲོངས་སུ་ཕྱིན་པ་དང་གསུམ་རྒྱ་གཞུང་གིས་བཀག་ཉར་འོག་གནས་ཚུལ་ཤེས་རྟོགས་མེད་པ་ཆགས་ཡོད། རང་ལུས་མེར་བསྲེགས་གནང་མཁན་ཁྲོད་དུ་མཐོ་རིམ་བླ་སྤྲུལ་གསུམ་དང་དགེ་འདུན་པ་ ༣༩། ཨ་ནེ་ ༨ བཅས་ཡོད། རང་ལུས་མེར་བསྲེགས་གནང་མཁན་མང་ཆེ་ཤོས་ནི་མི་སྐྱ་ཡིན་ཞིང་། ཞིང་པ་དང་འབྲོག་པ་གང་རུང་ནས་ཡིན་པ་ ༢༦ ཡོད་པ་ལས་གཞན་མཐོ་རིམ་སློབ་གྲྭའི་སློབ་མ་ལས་བཟོ་བ་ཚོང་ཁང་བདག་པོ་ཤིང་བཟོ་བ། རྩོམ་པ་པོ། ཐང་ག་འབྲི་མཁན། གླ་འཁོར་ཁ་ལོ་བ་དང་དོ་དམ་པ། གཞུང་གི་བགྲེས་ཡོལ་ལས་བྱེད་ཀྱང་ཡོད་པ་དང་། བཙན་བྱོལ་དུ་རང་བསྲེགས་གནང་མཁན་གསུམ་ནི་འཐབ་རྩོད་པ་བཅས་ཚང་མ་བོད་རིགས་ཤ་སྟག་རེད།

 

དོན་རྐྱེན་འདི་དག་ནི་དུས་ཡུན་ཐུང་ངུའི་ནང་ཆབ་སྲིད་ཀྱི་རྣམ་པ་ལྡན་པའི་དེང་དུས་ཀྱི་རང་ལུས་མེར་བསྲེགས་ལས་འགུལ་ཆེ་ཤོས་སུ་འགྱུར་པ་རེད། འོན་ཀྱང་བོད་ཀྱི་འདས་པའི་ལོ་རྒྱུས་ཁྲོད་དོན་རྐྱེན་འདི་འདྲ་ཞིག་དེ་སྔ་ཁྱོན་ནས་བྱུང་མ་མྱོང་ན། གནས་སྟངས་འདི་འདྲ་ཞིག་ཏུ་ཇི་ལྟར་འགྱུར་བ་ཡིན་ནམ། ཉེ་བའི་ལོ་ཤས་ནང་བོད་ཀྱི་མི་རབས་གསུམ་པའི་གཞོན་སྐྱེས་རྣམས་ནས་རྒྱ་ནག་གཞུང་གི་བཙན་འོག་ལ་དྲག་གནོན་ཚད་ལས་འདས་པ་མྱངས་ཡོད། རྒྱ་གཞུང་གིས་བཙན་གནོན་བྱེད་ཐབས་དེ་ནི་བོད་མི་ཚོའི་ཉིན་རེ་འཚོ་བའི་ཆ་ཤས་ལྔའི་ཐོག་ནས་མཚོན་ཐུབ་སྟེ། དང་པོ། བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་བྱས་པ་དང་། ཆོས་ལུགས་ཀྱི་བྱེད་སྒོ་དག་ལ་ཆབ་སྲིད་ཀྱི་ཉེས་དམིགས་འོག་དྲག་གནོན་བྱས་བཞིན་པ་རེད། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་ཡང་སྲིད་ངོས་འཛིན་ཐད་ཀྱི་རྙོག་གླེང་ ༡༩༩༥ ལོར་མགོ་བཙུགས་པ་དང་། རྒྱ་ནག་ཕྱོགས་ནས་རང་དགར་ཡང་སྲིད་གསར་པ་བདམས་ཏེ་ཏཱ་ལའི་བླ་མ་མཆོག་ནས་ངོས་འཛིན་གནང་པའི་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་བཀག་ཉར་བྱས་པ་རེད། ཁོང་ནི་འཛམ་གླིང་སྟེང་གི་ཆབ་སྲིད་བཙོན་པ་ལོ་ཆུང་ཤོས་སུ་འགྱུར་པ་རེད། འདི་ལྟར་པེ་ཅིན་ཕྱོགས་ནས་ཏཱ་ལའི་བླ་མ་དང་འབྲེལ་བར་གུན་གསབ་མི་ཐུབ་པའི་དོ་ཕོག་ཆེན་པོ་བཟོས། གཞན། ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་གིས་ལྷ་སར་སྐྱེས་འཚར་མ་བྱུང་བའི་དགེ་འདུན་པ་དག་གདན་ས་གསུམ་ནས་ཕྱིར་འཕུད་གཏང་རྒྱུའི་ཐག་གཅོད་ཁྱད་མཚར་ཞིག་བྱས་སྟབས། ལོ་དེའི་ཟླ་བ་གསུམ་པའི་ནང་ངོ་རྒོལ་གཅིག་རྗེས་གཉིས་མཐུད་བྱུང་ཡོད། ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་རྗེས་རྒྱ་གཞུང་ནས་རྒྱལ་གཅེས་སློབ་གསོ་ཞེས་ཏཱ་ལའི་བླ་མར་མཚན་སྨད་དང་ངོ་རྒོལ་གྱི་ལས་གཞི་དེ་བོད་ཀྱི་རྒྱལ་ས་ལྷ་སའི་གཡས་གཡོན་གྱི་དགོན་སྡེ་ཆེ་ཁག་གཙོས་བོད་ཀྱི་དགོན་སྡེ་གཞན་པ་དག་གི་ནང་ལའང་བཙན་ཤེད་ཀྱིས་མུ་མཐུད་སྤེལ་ཤུགས་ཆེ་རུ་བཏང་པ་རེད། དགོན་སྡེ་དག་ཕུད་པའི་བོད་མི་དཀྱུས་མ་རྣམས་ཀྱི་སྡོད་གནས་ལ་ཡང་རྒྱུན་དུ་དོན་མེད་སྔོག་བཤེར་བྱས་པ་དང་ཏཱ་ལའི་བླ་མའི་སྐུ་པར་སྒྲིག་གཤོམ་བྱས་པ་རྣམས་བཙན་འཕྲོག་བྱས་ཡོད། ཏཱ་ལའི་བླ་མའི་རྗེས་འབྲང་པ་འགའ་ཁོང་གི་སྐུ་པར་ཉར་པ་ཙམ་གྱིས་བཙོན་འཇུག་བྱས་པའི་གནས་ཚུལ་ཡང་བྱུང་ཡོད།

 

གཉིས་པ། བོད་ཀྱི་རང་བྱུང་ཁོར་ཡུག་ལ་དོ་ཕོག་ཚབས་ཆེན་གཏོང་བཞིན་པ།  རྒྱ་གཞུང་གིས་བོད་ཀྱི་འབྲོག་པ་རྣམས་ལ་བཙན་ཤེད་སྒོས་དུས་ཡུན་ཐུང་ངུར་གྲོང་སར་གནས་སྤོ་རུ་བཅུག་པ་དང་ལོ་ངོ་སྟོང་ཕྲག་ལྷག་གི་རིང་འཚོ་གནས་བྱས་པའི་ཁྱིམ་གཞི་རྩ་གཏོར་བྱེད་ཅིང་། རྩྭ་ཐང་དང་ནོར་གནག་ཡུལ་སྲོལ་གོམས་གཤིས་སོགས་རྩ་བརླག་གཏོང་ཐབས་བྱས་བཞིན་པ་རེད། བོད་ཀྱི་འབྲོག་པ་རྣམས་གནས་སྤོས་ཤུལ་ལ་རྒྱ་རིགས་ལས་ཀ་འཚོལ་མཁན་སྟོང་ཕྲག་མང་པོས་འཕྲུལ་ཆས་དང་འཆར་འགོད་ངེས་ཅན་འོག་རྩྭ་ཐང་དང་གཙང་པོ་སོགས་ལས་གསེར་དང་ཟངས་དངུལ་སོགས་རང་བྱུང་གཏེར་ཁ་སྔོག་གདོན་བྱས་པ་དང་ཆུ་རགས་གསར་རྒྱག་གི་ལས་གཞི་རྒྱ་ཆེ་སྤེལ་བ་སོགས་གླིང་ཆེན་ཨེ་ཤི་ཡ་ཁྱོན་གྱི་འཐུང་ཆུ་སྦགས་བཙོག་བཟོ་བཞིན་ཡོད། རྫ་ཆུ་དང་འབྲི་ཆུ། ཡར་ཀླུང་གཙང་པོ་བཅས་ཀྱི་སྟོད་བརྒྱུད་ཀྱི་ས་ཆ་དག་ལ་ཆུའི་དཀའ་ངལ་ཆེན་པོ་ཕྲད་རྐྱེན་གཙོ་བོ་ཞིག་ཏུ་ཡང་འགྱུར་བ་དང་། ལས་གཞི་འདིས་རྐྱེན་བྱས་ཏེ་ཉེ་ལམ་ས་འགུལ་དང་གངས་རུད་ད་དུང་ས་ཉིལ་བ་སོགས་རང་བྱུང་གོད་ཆག་མང་པོ་བྱུང་བཞིན་ཡོད།

 

གསུམ་པ། བོད་དུ་བོད་ཀྱི་སྐད་ཡིག་ལ་མཐོང་ཆུང་གི་སྲིད་བྱུས་འདྲ་མིན་ལག་བསྟར་བྱེད་བཞིན་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་དུ་རྒྱ་གཞུང་ནས་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་ཕྱོགས་ཐད་འགྱུར་བ་བཏང་སྟེ། རྒྱ་ཡིག་ལ་གཞི་རྩའི་གོ་གནས་སྤྲད་པ་དང་བོད་ཡིག་གི་གནས་བབས་ཧ་ཅང་ཞན་པོར་ལུས་ཡོད། སྐད་ཡིག་གི་བསྒྱུར་བཅོས་འདི་ནི་རྒྱ་གཞུང་ནས་འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་མངོན་འགྱུར་མ་ཐུབ་པའི་ཆབ་སྲིད་ཀྱི་དམིགས་ཡུལ་ཏེ་བོད་རྒྱ་ནག་ཏུ་བསྒྱུར་ཐབས་ཀྱི་ལག་ཆ་གསར་པ་ཞིག་ཏུ་ཁུམས།

 

བཞི་པ། བོད་ཀྱི་ས་ཁུལ་ཡར་རྒྱས་ཀྱི་ལས་གཞི་ཟེར་བ་དང་མ་འཇོག་མཁན་དང་ཕྱི་ཡི་མཐུན་རྐྱེན་གསར་པ་མཁོ་སྤྲོད་སོགས་མིང་འདྲ་མིན་ལ་ཁ་གཡར་ཞིང་དོན་དངོས་སུ་རྒྱ་རིགས་རྣམས་ལ་གཞུང་གི་ཁྲལ་འཇལ་དང་ས་གཞི་དཔལ་འབྱོར་སོགས་ཀྱི་ཁེ་ཕན་ཁོ་ན་སྐྲུན་བཞིན་ཡོད་པ་རེད། ཕྱི་ལོ་ ༢༠༠༨ ལོར་གསར་དུ་གཏན་འབེབས་བྱས་པའི་ས་གནས་ཀྱི་ཉེན་རྟོག་པ་རྣམས་བོད་ཁུལ་དུ་གཏན་གཞིས་བྱས་པའི་རྒྱ་ཡི་དམག་སྒར་དང་དམིགས་བསལ་དྲག་དཔུང་ཁག་ནས་ཐད་གཏོང་བྱེད་རྒྱུའི་སྲིད་བྱུས་འདིས། གཅིག་ནས་བོད་ས་ཡོངས་རྫོགས་དམ་དྲག་འོག་གནན་ཐུབ་པ་དང་གཉིས་ཐད་ནས་རྒྱ་རིགས་གྲངས་འབོར་ཕོན་ཆེན་བོད་དུ་གཏན་གཞིས་ཐུབ་པ་བཅས་ས་གནས་བོད་མི་ཚོར་གནོད་ཚབས་ཆེ་བའི་སྲིད་བྱུས་ལག་བསྟར་བྱེད་མུས་ཡིན།

 

མཐའ་མཇུག་ལ་རྒྱ་གཞུང་གྱིས་བོད་དེ་ཨཱོར་ཝེའི་དེབ་ནང་འགྲེལ་བཤད་(Orwellian)བྱས་པའི་གསང་ཉུལ་སོ་ལྟ་ཁུལ་ལྟ་བུ་ཞིག་ཏུ་བསྒྱུར་ནས་བཞག་ཡོད་དེ། ཐམས་ཅད་དྲ་བ་ཞིག་གི་ནང་བླུགས་ནས་ཡོད་པ་རེད། དྲ་བ་འདིའི་སྣེ་མོ་ནི་གཞུང་ལ་རྙོབ་པ་བྱས་པ་དང་། གསེབ་དག་ནས་ཁྱིམ་མཚེས་ཕན་ཚུན་ཡང་དོགས་མི་བདེ་བའི་གནས་སྟངས་ཐབས་རྡུགས་ལ་འགྱར་ཡོད་ཀྱང་། རྒྱ་གཞུང་གིས་འདི་ནི་སྤྱི་ཚོགས་ཞབས་འདེགས་ལ་ཁ་གཡར་གྱིན་ཡོད། དོན་དངོས་སུ་ལས་ཁུངས་ཆུང་ཆུང་འདི་ཚོས་རྒྱུན་དུ་གཞུང་ལ་སྐྱོན་བརྗོད་གནང་མཁན་གྱི་ཚོགས་སྡེ་དང་མི་སྒེར་དག་ལ་བལྟ་རྟོག་བྱེད་ཀྱིན་ཡོད། དཔེར་ན། ཆབ་སྲིད་བཙོན་ཟུར་དང་དགོན་སྡེ་གཞན་ནས་ཡིན་པའི་དགེ་འདུན་པ་དང་བཙུན་མ་རྣམས། དེ་བཞིན། དེ་སྔ་དགོན་པ་ནས་ཕྱིར་བུད་ཟིན་པ་རྣམས་ཀྱི་ཉིན་རེའི་འཚོ་བ་སོགས་ལ་སོ་ལྟ་བྱེད་ཀྱི་ཡོད། རྒྱ་གར་བཙན་བྱོལ་ཡུལ་གྲུ་ཁག་ནས་ཕྱིར་ལོག་པའི་བོད་མི་དང་དེ་སྔར་ངོ་རྒོལ་སྐད་འབོད་གང་རུང་ནང་ཞུགས་མྱོང་བའི་བོད་མི་དག་ཀྱང་དྲ་བ་འདིའི་འོག་ཚུད་ཡོད་པ་རེད། གཞུང་གི་དབང་འཛིན་པ་ཚོས་མཁའ་ལ་དྲ་ཐག་དང་ས་ལ་རྙི་ལྟ་བུའི་སྒྲོམ་གཞི་འདི་འདྲ་ཞིག་བེད་སྤྱད་དེ་བོད་ཀྱི་སྤྱི་ཚོགས་གཏན་ལྷིང་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

 

འོ་ན་ལོ་དེར་བོད་ཀྱི་ཕྱི་ལོག་ལ་གནས་ཚུལ་ཅི་ཞིག་བྱུང་བ་རེད་དམ། ལོ་དེའི་ཟླ་བ་ ༣ པའི་ཚེས་པ་ ༡༠ སྟེ། ཕྱི་ལོ་ ༡༩༥༩ ལོར་བོད་མི་ཡར་ལངས་ཀྱི་དུས་དྲན་ཐེངས་བཞི་བཅུ་ཞེ་དགུ་པའི་གསུང་བཤད་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདི་ལྟར་གསུངས་ཡོད། ཕྱི་ལོ་ ༢༠༠༢ ལོ་ནས་བཟུང་ང་ཚོའི་སྐུ་ཚབ་རྣམ་པས་འབྲེལ་ཡོད་རྒྱ་ནག་གི་མགོ་ཁྲིད་ཁག་དང་བོད་དོན་ཐད་གྲོལ་མོལ་ཐེངས་དྲུག་བྱས་ཀྱང་གཞི་རྩའི་གནད་དོན་ཐོག་བཟང་ཕྱོགས་ཀྱི་འབྲས་བུ་གང་ཡང་མ་བྱུང་ཞེས་དང་། ཉེ་བའི་ལོ་ཤས་རིང་བོད་ནང་དེ་ལས་ལྡོག་སྟེ་དྲག་གནོན་བྱེད་ཤུགས་ཆེ་རུ་འགྲོ་གི་འདུག་ཅེས་གསལ་ཡོད། ཏཱ་ལའི་བླ་མ་མཆོག་ནས་གསུངས་པའི་གཞི་རྩའི་གནད་དོན་ཟེར་བ་དེ་ནི་རྒྱ་གཞུང་ལ་བོད་ཀྱི་ཐོག་བདག་དབང་གང་ཡང་མེད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་བོད་མིའི་ཡིད་ཆེས་ཐོབ་མི་ཐུབ་པ་དང་བོད་མི་ཚོ་འདོད་བློ་ཁེངས་པའི་སྲིད་བྱུས་ལག་བསྟར་མེད་པ་དེ་རེད། ༧གོང་ས་མཆོག་གི་གསུང་བཤད་དེས་བོད་མི་རྣམས་གཉིད་ལས་སད་དུ་བཅུག་ཡོད་པ་དང་རྒྱ་ནག་དཔོན་རིགས་ཁག་ལ་ཁོང་གིས་ཡིད་ཆེས་མུ་མཐུད་བྱེད་ཐབས་མེད་པ་ཤེས་རྟོགས་ཐུབ་ཡོད། ༧གོང་ས་མཆོག་ནས་བོད་ནང་གི་བོད་མི་ཚོས་ཡུན་རིང་ནས་སེམས་ལ་ཉར་ཡོད་པའི་སྐད་ཆ་སྟེ། བོད་རྒྱ་འབྲེལ་མོལ་ལ་གཞི་རྩའི་ཕན་འབྲས་མ་བྱུང་བ་ཙམ་མ་ཟད་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་པའི་སྐོར་གསུང་བཤད་གནང་དགོས་བྱུང་བ་རེད། ལྷ་སའི་ཉེ་འགྲམ་གྱི་སེ་ར་དགོན་པའི་དགེ་འདུན་པ་དག་ནི་༧གོང་ས་མཆོག་གི་གསུང་བཤད་ཐོས་མཁན་སྔ་ཤོས་གྲས་ཡིན་པ་དང་། ཁོང་ཚོས་དེ་མ་ཐག་༼ང་ཚོ་ཡར་ལངས་བྱ་དགོས་༽ཞེས་ཁག་ཐེག་བྱས་པ་རེད། སེ་རའི་དགེ་འདུན་པ་ཚོས་བོད་ཀྱི་རྒྱལ་དར་འཁྱེར་ནས་རང་དབང་འབོད་ཚིག་སྒྲོག་ཞོར་ངོ་རྒོལ་ཁྲོམ་སྐོར་བྱས་པ་དེ་ནི་རྗེས་སུ་བོད་ཀྱི་ས་ཁུལ་གཞན་ཁག་ལ་ཁྱབ་པའི་ངོ་རྒོལ་ལས་འགུལ་དག་གི་སྣེ་ཁྲིད་ལྟ་བུ་འགྱུར་ཞིང་། ཉིན་དེའི་ཕྱི་དྲོར་ལྷ་སའི་ཉེ་འགྲམ་གྱི་དགོན་པ་ཆེ་བ་གསུམ་གྱི་གཅིག་སྟེ། འབྲས་སྤུངས་དགོན་པའི་དགེ་འདུན་པ་བརྒྱ་ལྷག་གིས་ཀྱང་ལྷ་སར་ངོ་རྒོལ་སྐད་འབོད་བྱས་ཡོད། ཉིན་རྗེས་མ་དག་ལ་རྒྱལ་ས་ལྷ་སའི་གཡས་གཡོན་གྱི་དགོན་སྡེ་གཞན་གྱི་དགེ་འདུན་པ་ཚོས་ཀྱང་སྐད་འབོད་ལ་མཉམ་ཞུགས་གནང་ཡོད།

 

ལས་འགུལ་འདི་དག་བྱུང་བའི་རྗེས་སུ་ངོ་རྒོལ་གྱི་རྣམ་པ་ཆེ་རུ་ཕྱིན་པ་དང་དུས་ཡུན་ཐུང་ངུར་བོད་ས་གཞན་ལ་ཡང་ཁྱབ་གདལ་ཕྱིན་པ་རེད། རྒྱ་ནག་གཞུང་ངོས་ནས་གསར་འགྱུར་དྲ་ལམ་འདྲ་མིན་ཐོག་བོད་མིའི་ཞི་རྒོལ་ལ་གསུམ་པའི་བཅུ་བཞིའི་དོན་རྐྱེན་ཞེས་ཁ་བྲལ་དང་ཀླ་ཀློ་སོགས་ཀྱི་མིང་འདྲ་མིན་འདོགས་གང་ཐུབ་བྱས་ཏེ། དྲག་པོའི་རྡུང་རྡེག་གི་སྲིད་བྱུས་ཡོད་ཚད་བོད་མི་ཞི་རྒོལ་བ་རྣམས་ཀྱི་ནོར་འཁྲུལ་དུ་ངོས་འཛིན་བྱས་པ་དང་། བོད་དུ་དྲག་ཆས་དམག་མི་འབོར་ཆེན་བཏང་སྟེ། དྲག་གནོན་དང་དོ་དམ་ཞིབ་བཤེར་སོགས་བྱེད་ཤུགས་ཆེ་རུ་བཏང་བ་རེད། གསང་ཁུང་གང་སར་གློག་བརྙན་པར་ཆས་བཞག་སྟེ། བོད་དེ་ཕྱོགས་མཚམས་ངེས་མེད་ཀྱི་བཙོན་ར་ལྟ་བུ་ཞིག་ཏུ་འགྱུར་བ་རེད། རྒྱ་ནག་གཞུང་གིས་དྲག་གནོན་སྲིད་བྱུས་ལག་བསྟར་བྱས་པའི་རྒྱུ་མཚན་ནི་ངོ་རྒོལ་སྐད་འབོད་བྱེད་མཁན་གྱི་བོད་མི་འཐབ་རྩོད་པ་ཚོའི་སྐྱོན་དུ་རློམ་པའི་ལྟ་ཚུལ་དེ་ནི། སྦྱིན་བདག་གིས་གཡོག་པོ་ཁ་ལ་མི་ཉན་ཟེར་ནས་ཉེས་རྡུང་གཏོང་བ་དང་གཉིས་སུ་མ་མཆིས། ང་ཚོས་ཁ་ཕྱོགས་འདི་འདྲ་ཞིག་ནས་འཇིག་རྟེན་ལ་བལྟ་བ་ཡིན་ན་གཡོག་པོ་ནི་ནམ་ཡང་གཡོག་པོ་ཞིག་ཏུ་ལུས་རྒྱུ་ཡིན་པ་ཐེ་ཚོམ་དང་བྲལ་ཟིན།

 

དགེ་འདུན་པ་རྣམས་ནི་ས་བྱི་ཞི་རྒོལ་ཆེན་མོའི་ཆ་ཤས་གཙོ་བོ་ཞིག་ཡིན་པ་ནང་ལྟར་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་མཁན་གཙོ་བོ་དེ་ཡང་ཆགས་པ་རེད། རང་ལུས་མེར་བསྲེགས་གནང་མཁན་དང་པོ་ ༡༣ ཆ་ཚང་དགེ་འདུན་པ་ཡིན་པ་དང་།  འདི་དག་གི་ཁྲོད་གཞུང་གི་མགོ་ཁྲིད་ཚོས་རང་རང་གི་དགོན་སྡེ་ལས་ཕྱིར་བུད་བཏང་ཟིན་པའི་དགེ་འདུན་པ་ཡང་ཡོད། དེ་ནས་ཕྱི་ལོ་ ༢༠༡༡ ལོའི་ཟླ་བ་ ༡༢ པའི་ནང་བོད་མི་མི་སྐྱ་ཞིག་གིས་རང་ལུས་མེར་བསྲེགས་གནང་སྟེ་ལས་འགུལ་འདི་གཞི་རྒྱ་ཆེ་རུ་སོང་བ་རེད།

 

ཕྱི་ལོ་ ༢༠༡༢ ལོའི་ཟླ་བ་ ༡ པོ་ནས་ ༣ པའི་བར་རང་ལུས་མེར་བསྲེགས་གནང་མཁན་ཁྱོན་ ༢༠ བྱུང་བ་ནས་ ༡༥ ནི་དགེ་འདུན་པ་ཡིན་ཡང་། ལོ་དེའི་ཟླ་བ་ ༤ པ་ནས་ ༩ པའི་བར་གྱི་རང་ལུས་མེར་བསྲེགས་གནང་མཁན་ཕལ་ཆེ་བ་མི་སྐྱ་ཤ་སྟག་ཡིན་པ་རེད། རྗེས་ཀྱི་ཉིན་ ༧༠ ཙམ་ལ་རང་ལུས་མེར་བསྲེགས་གནང་མཁན་ཁྱོན་ ༥༠ བྱུང་བ་ནས་ ༤༣ མི་སྐྱ་ཡིན་པ་དང་། ཕྱི་ལོ་ ༢༠༡༣ ལོར་རང་ལུས་མེར་བསྲེགས་གནང་མཁན་ ༢༨  བྱུང་བ་ནས་ ༡༦ མི་སྐྱ་དང་། ཕྱི་ལོ་ ༢༠༡༤ ལོར་རང་བསྲེག་གནང་མཁན་ ༡༡ བྱུང་བ་ནས་ ༧ མི་སྐྱ་ཡིན་ཞིང་། ཕྱི་ལོ་ ༢༠༡༥ ལོའི་ལོ་ཕྱེད་ནང་ཚུན་རང་བསྲེག་གི་དོན་རྐྱེན་ ༦ བྱུང་བ་ནས་ ༤ མི་སྐྱ་ཆགས་ཡོད་འདུག རིམ་པས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ལ་རེ་བ་བྱས་ཏེ་རྒྱབ་ལྗོངས་དང་འཚོ་ཐབས་མི་གཅིག་པའི་བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་ཇེ་མང་དུ་ཕྱིན་པ་རེད།

 

འདས་པའི་ལོ་དྲུག་ལྷག་གི་རང་སྲེག་དོན་རྐྱེན་ལ་ཕྱི་བལྟས་བྱས་སྐབས། ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡༡ པ་དེ་ནི་རང་སྲེག་གི་ལས་འགུལ་མང་ཤོས་ཐོན་པའི་ཟླ་བ་ཞིག་དང་། ཟླ་བ་དེར་སྐྱེས་ཕོ་མོ་དང་ལོ་ན་རྒན་གཞོན་དབྱེར་མེད་ཀྱི་བོད་མི་ ༢༨ ཀྱིས་ངོ་རྒོལ་གྱི་རྣམ་པ་ཆེས་མཐའ་མ་དེ་སྤྱད་དགོས་བྱུང་བ་རེད། དེའི་འཕྲོར་ལོ་དེའི་ཟླ་བ་ ༣ པའི་ནང་རང་སྲེག་གི་ལས་འགུལ་མང་ཤོས་བྱུང་ཡོད། བོད་མི་ ༡༡ ཡིས་རང་ལུས་མེར་བསྲེགས་གནང་པ་རེད། དེའི་ཁྲོད་ཀྱི་བོད་མི་ ༦ ནི་དགེ་འདུན་པ་དང་ལྷག་མ་རྣམས་ནི་སློབ་ཆེན་སློབ་མ་དང་བྱིས་པ་ཆུང་ཆུང་ཤུལ་ལ་ཡོད་པའི་ཕ་མ་རེད། ཆེད་མངགས་དུས་ཚོད་འདི་འདྲར་བོད་མི་ཚོས་རང་སྲེག་ལས་འགུལ་སྤེལ་བར་རྒྱབ་ལྗོངས་ཀྱི་གནས་ཚུལ་ཏན་ཏན་ཡོད་སྲིད་པ་རེད། འདི་ནས་བོད་མི་ཚོའི་དགོས་འདུན་དང་དམིགས་ཡུལ་དངོས་ཤེས་རྟོགས་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་ངེས་རེད།

 

ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༣ པར་ཕྱི་བལྟས་ཤིག་བྱས་ན། ཕྱི་ཟླ་ ༣ པ་དེ་ནི་བོད་ནང་ཆབ་སྲིད་ཐོག་དམ་དྲག་ཆེན་པོ་ཡོད་པའི་ཟླ་བ་ཞིག་ཆགས་ཡོད་པ་རེད། དཔེར་ན། ཟླ་བ་ ༣ པའི་ཚེས་པ་ ༥ ཉིན་མོར་ཕྱི་ལོ་ ༡༩༨༩ ལོར་ལྷ་སར་བྱུང་བའི་བོད་མིའི་གྱེན་ལངས་ཉིན་མོར་སྲུང་གཙི་ཞུ་བཞིན་པ་དང་། ཉིན་དེར་གཟའ་འཁོར་ཁ་ཤས་རིང་ངོ་རྒོལ་རྔམ་སྟོན་བྱེད་མཁན་གྱི་བོད་མི་ཞི་བའི་འཐབ་རྩོད་པ་རྣམས་ལ་རྒྱ་གཞུང་གི་དྲག་ཆས་ཉེས་རྟོགས་པས་སྔོན་བརྡ་གང་ཡང་མེད་པར་མེ་མདའ་བརྒྱབ་ཡོད། ཕྱི་ཟླ་ ༣ པའི་ཚེས་པ་ ༡༠ ཉིན་ནི་བོད་མིའི་གྱེན་ལངས་ཉིན་མོ་སྟེ། ཕྱི་ལོ་ ༡༩༥༩ ལོར་བོད་མི་ཚོས་ལྷ་སར་རྒྱ་གཞུང་ལ་ཡར་ལངས་དང་༧གོང་ས་མཆོག་རྒྱ་གར་དུ་སྐྱབས་བཅོལ་ལ་ཕེབས་པའི་དུས་དྲན་ཉིན་མོ་འཁེལ་ཡོད། ཕྱི་ཟླ་ ༣ ཚེས་ ༡༤ ཉིན་ནི་ཕྱི་ལོ་ ༢༠༠༨ ལོར་རང་སྲེག་ལས་འགུལ་མགོ་འཛུགས་ཀྱི་དུས་དྲན་ཉིན་མོ་དང་། ཕྱི་ཟླ་ ༣ ཚེས་ ༡༦ ཉིན་ནི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༨ ལོའི་རྔ་པའི་ཞི་རྒོལ་བ་ཚོར་དྲག་གནོན་བྱས་པའི་དུས་དྲན་རེད། དེའི་ཁར་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་སྟེ། ཕྱི་ཟླ་ ༣ པའི་ཚེས་ ༢༨ ཉིན་ནི་རྒྱ་ནག་གཞུང་གིས་རྟག་ཏུ་འུད་སྒྲོག་བྱེད་བཞིན་པའི་བོད་ཀྱི་ཞིང་བྲན་ལམ་ལུགས་མེད་པར་བཏང་བའི་ཉིན་མོར་གཞུང་འབྲེལ་ངལ་གསོ་དང་བོད་ཞི་བས་བཅིངས་བཀྲོལ་ཞེས་པ་རྗེས་དྲན་བྱ་དགོས་པ་རེད། བོད་མི་ཚོར་མཚོན་ན་ཟླ་བ་ ༣ པ་དེ་ནི་ལོ་རྒྱུས་ཐོག་གལ་གནད་ཅན་གྱི་དུས་ཚོད་ཅིག་ཆགས་ཡོད་པ་དང་། སྒོས་སུ་རྒྱ་ནག་གཞུང་ཕྱོགས་ནས་ཆབ་སྲིད་དམ་དྲག་ཅན་གྱི་ཁོར་ཡུག་སྐྲུན་བཞིན་ཡོད་སྟབས། ཟླ་བ་ ༣ པ་ནམ་ཡིན་ལ་བོད་ནང་ངོ་རྒོལ་སྐད་འབོད་གང་བྱུང་ཡང་རྒྱ་ནག་དབང་འཛིན་པ་ཚོར་ཐད་ཀར་འགན་འཁྲི་ཡོད་པ་རེད། མ་གཞི་ཟླ་བ་ ༣ པ་ནི་ལོ་ལྟར་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་མང་ཤོས་སྤེལ་དུས་ཤིག་ཏུ་འགྱུར་ཡོད་པ་རེད།

 

ཕྱི་ལོ་ ༢༠༡༢ ལོའི་ཟླ་བ་ ༡༡ པར་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ཚད་མཐོ་ཤོས་སུ་སླེབས་ཡོད་པ་དེ་རྒྱ་ནག་དམར་ཤོག་གཞུང་གི་སྐབས་ ༡༨ པའི་ཚོགས་ཆེན་དང་དུས་གཅིག་ལ་འཁེལ་བ་རེད། དུས་ཚོད་འདི་ནི་རྒྱ་ནག་གཞུང་གི་དཔོན་རིགས་འཕོ་འགྱུར་བྱེད་པའི་དུས་ཚོད་ཅིག་ཡིན་པ་དང་། བོད་མི་ ༢༨ ཐམ་པས་རང་ལུས་མེར་བསྲེགས་བྱས་པ་རེད། འདི་དག་ལས་བོད་མི་ ༩ ཡིས་ཚོགས་ཆེན་གྱི་ཉིན་སྔ་མ་དེ་རང་ལ་རང་ལུས་མེར་བསྲེགས་ལས་འགུལ་སྤེལ་ཡོད། ཆབ་སྲིད་ཐོག་གལ་གནད་ཆེ་བའི་དུས་ཚོད་འདི་འདྲ་ཞིག་ལ་མངོན་གསལ་དང་གོ་རྒྱུ་ལྡན་པའི་རང་སྲེག་གི་ལས་འགུལ་འདིས་ཡང་སྙིང་ཅི་ཞིག་མཚོན་ཐབས་བྱས་ཡོད་ཟེར་ན། རྒྱ་ནག་གི་མགོ་ཁྲིད་གཞོན་པ་རྣམས་ལ་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་དགོས་པའི་རེ་འབོད་བྱས་པ་རེད། རང་ལུས་མེར་བསྲེགས་ཀྱི་བྱེད་ཐབས་དེ་ནི་འགྱུར་བ་དེ་འདྲ་ཞིག་མངོན་འགྱུར་ཡོང་ཆེད་རེད། རང་ལུས་མེར་བསྲེགས་ལས་འགུལ་ལ་རྒྱུས་ལོན་ཡོང་བར་དོན་གནད་འདིར་བསམ་གཞིག་ནན་པོ་བྱ་རྒྱུ་ཧ་ཅང་གལ་གནད་ཆེ།

 

རྒྱལ་སྤྱིའི་གསར་འགོད་པ་དག་གིས་ང་རང་ལ་རང་ལུས་མེར་བསྲེགས་སྐོར་གྱི་བཅར་འདྲི་བྱས་སྐབས། ངས་རྟག་ཏུ་རང་སྲེག་ལས་འགུལ་འདིར་མི་ཚོས་གོ་ལོག་ཐེབས་བཞིན་པའི་གནད་དོན་ཞིག་གི་ཐོག་ཡང་ནས་བསྐྱར་དུ་གསལ་བཤད་བརྒྱབས་ཡོད། རང་ལུས་མེར་བསྲེགས་ལས་འགུལ་འདི་ནི་རང་ཤི་བྱས་པ་དང་གཅིག་མཚུངས་གཏན་ནས་མ་རེད། ལས་འགུལ་འདི་ནི་འུ་ཐུག་པའི་རྣམ་པ་ཞིག་ཀྱང་དེ་བས་མ་རེད། རང་སྲེག་གི་ལས་འགུལ་འདི་ནི་བློས་གཏོང་ཆེན་པོ་ཞིག་དང་། རང་དབང་གི་བཅོས་བསྒྱུར་ལ་རེ་བ་བྱས་པའི་རྣམ་པ་མཐོ་ཤོས་ཞིག་རེད། རང་སྲེག་གི་ལས་འགུལ་འདིར་ཆོས་ཕྱོགས་ཀྱི་འགྲེལ་བཤད་ལ་མགོ་འཁོར་ནས་བསྡད་ན་མི་འགྲིག ལས་འགུལ་འདིའི་མཇུག་འབྲས་ནི་ཆབ་སྲིད་ཀྱི་ཐོག་ནས་ངེས་པར་དུ་ཐག་གཅོད་ཐུབ་པ་བྱ་དགོས། བོད་མཐོ་སྒང་འདིར་བྱུང་བའི་མེ་ལྕེ་རེ་རེས་མི་རིགས་ལ་དྲག་གནོན་དང་དབྱེ་འབྱེད་ཀྱི་སྲིད་བྱུས་མཚོན་ཐུབ་པ་དང་དེ་དག་ལ་མ་བཟོད་པའི་རྣམ་འགྱུར་ཞིག་རེད། མུན་ནག་ཁྲོད་ལུས་པའི་བོད་ཡུལ་གྱི་མེ་ལྕེ་རེ་རེ་ནི་རང་དབང་གི་འོད་ཟེར་ལ་རེ་བསྙེག་གིས་སྦར་བའི་སྒྲོན་མེ་རེ་རེ་ཡིན། འདི་ནི་ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་མུ་མཐུད་དང་ལོ་དེའི་ཟླ་བ་ ༣ པར་ཁག་ཐེག་བྱས་པའི་༼ང་ཚོ་ཡར་ལངས་བྱ་དགོས་༽ཞེས་པའི་དམ་བཅའ་དེའི་རྗེས་མཐུད་པ་ཡིན།

 

རང་སྲེག་གི་ལས་འགུལ་འདི་ལ་རང་ཤི་བྱས་པ་རེད་ཅེས་ངན་དམོད་བྱེད་མཁན་ནམ། ཡང་ན། རང་སྲོག་རང་ལྕེབ་སོགས་ཀྱི་ཤི་སྟངས་འགྲིག་ནོར་གྱི་གླེང་སློང་བྱས་པ་ནི་རང་སྲེག་གི་ལས་འགུལ་འདིར་ལྡོག་ཕྱོགས་ཀྱི་འགྲེལ་བཤད་བྱས་པ་ཞིག་རེད། ང་ཚོས་འདི་ལྟ་བུའི་ཆེད་མངགས་གོ་དོན་ལོག་འགྲེལ་བྱེད་མཁན་དག་ནི་རྒྱ་ནག་གཞུང་གི་གསར་འགྱུར་ཁྱབ་བསྒྲགས་ནང་ཡང་ཡང་མཐོང་རྒྱུ་ཡོད། དེ་སྔ་བླ་མ་ཚད་ལྡན་ཞིག་གིས་ང་རང་སྒེར་ལ་ཁ་གསལ་པོའི་ངང་བརྗོད་གསལ་ལ། རང་ལུས་མེར་སྲེག་གི་དོན་རྐྱེན་འདི་དག་ནི་ནང་ཆོས་ནས་སྟོན་པའི་སྲོག་གཅོད་ཀྱི་ཉེས་དམིགས་ནང་མི་ཚུད་པ་དང་། འདི་དག་ནི་ཕྱོགས་གང་ས་ནས་བལྟས་ཀྱང་ནང་ཆོས་དང་རྒྱབ་འགལ་འགྲོ་ཐབས་མེད་པ་ཞིག་རེད། བོད་མི་རང་ལུས་མེར་བསྲེགས་གནང་མཁན་རབ་བྱུང་དང་མི་སྐྱ་གང་ཡིན་རུང་རང་དོན་གྱི་ཀུན་སློང་གཏན་ནས་མེད། དོན་དངོས་སུ་ལས་འགུལ་འདི་དག་ནི་བོད་ཀྱི་ནང་ཆོས་སྲུང་སྐྱོབ་དང་བོད་མིའི་རང་དབང་དང་དམངས་གཙོའི་སླད་དུ་ཁོ་ན་ཡིན། རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་ཚོ་ནི་གཞན་གྱི་ཆེད་དུ་རང་ཉིད་བློས་གཏོང་ཐུབ་པའི་བྱང་ཆུབ་སེམས་དཔའ་དང་གཉིས་སུ་མེད། ཁོང་ཚོ་ནི་མེ་ལྕེ་ཁྲོད་འདས་གྲོངས་སུ་འགྱུར་པའི་ཕུལ་བྱུང་ཕེ་ནི་སིའི་(Phoenixes)སྐྱེས་བ་ཞིག་དང་ཁྱད་མེད།

 

མ་རྩོམ་གྱི་འབྲེལ་ཐག http://www.nybooks.com/daily/2016/01/11/why-are-tibetans-self-immolating/

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༩ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༡༠ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese