མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོ་བོད་ནང་གི་དམངས་གཙོའི་དགེ་རྒན་བྱ་དགོས།

བོད་ཀྱི་དུས་བབ།
༢༠༠༨/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

 

བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གི་སྲིད་དོན་ཚོགས་པ་ཐོག་མ། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་ཆེན་སྐབས་ལྔ་བ་གྲུབ་རྗེས། ཕྱི་ཚེས་ ༡༤ ཉིན་འདི་གའི་གསར་འགོད་པ་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་གཙོ་འཆེ་མེད་གཡུང་དྲུང་ལེགས་ཀྱི་སར་ཆེད་བཅར་གྱིས་ཐེངས་འདིའི་ཚོགས་ཆེན་གྱི་སྔ་ཕྱི་དང་འབྱུང་འགྱུར་གྱི་ལས་དོན། དེ་བཞིན་ད་ལྟའི་བོད་བཙན་བྱོལ་སྤྱི་ཚོགས་ནང་གི་དམངས་གཙོའི་ལྟ་གྲུབ་བཅས་ཀྱི་ཐད་བཅར་འདྲི་བྱས་པ་གཤམ་གསལ་ལྟར།

 

དྲི་བ། ཉེ་ཆར་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་ཆེན་སྟེང༌། གྲོས་ཆོད་གང་ཞིག་བཞག་ཡོད་པ་དང༌། སྐབས་དེར་སྐུ་ཉིད་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་གཙོའི་ལས་ཚབ་ནས་ཚོགས་གཙོར་འོས་འདེམས་བྱུང་བའི་སྐོར་ངོ་སྤྲོད་ཅིག་གནང་རོགས།

ལན། སྤྱིར་ང་ཚོ་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པར་རྒྱ་གར་རྒྱལ་ཡོངས་ཀྱི་ས་གནས་ཁག་ ༣༤ ནང་ཚོགས་མི་ ༢༥༠༠ ཙམ་ཡོད། སྔོན་མ་ཚོགས་ཆེན་སྐབས་བཞི་བར། ཚོགས་གཙོ་ད་ལྟའི་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་དང་ང་དྲུང་ཆེར་བསྐོས་པ་རེད། རྗེས་སུ་ཁོང་སྤྱི་འཐུས་ཚོགས་གཙོར་འོས་འདེམས་བྱུང་རྗེས། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ་ནས་དགོངས་པ་ཞུས་པ་རེད།  དེར་བརྟེན། ཚོགས་པའི་སྒྲིག་གཞི་གཞིར་བཟུང་ང་རང་ཚོགས་གཙོ་དང་དྲུང་ཆེ་གཉིས་ཀ་གཅིག་ལྕོགས་ཡིན། ལོ་གཉིས་རེའི་མཚམས་སུ་ཚོགས་གཙོ་དང་རྒྱུན་ལས་འཕོ་འགྱུར་འགྲོ་དགོས་སྟབས། ཉེ་ཆར་ཚོགས་ཆེན་ཐེངས་ལྔ་བའི་སྟེང་ཚོགས་མི་བརྒྱ་ཆ་ ༨༥ ལྷག་གི་རྒྱབ་སྐྱོར་ཐོབ་པ་བཞིན། སྐབས་ལྔ་བའི་ཚོགས་གཙོའི་ལས་འགན་བསྐྱར་དུ་དང་ལེན་བྱས་པ་ཡིན། ད་ལྟ་དབུས་ས་གཉིས་ཀའི་རྒྱུན་ལས་ལ་འགྱུར་བ་གང་འཚམ་ཕྱིན་ཡོད། ཐེངས་འདིའི་ཚོགས་ཆེན་བརྒྱུད་དེ་མ་འོངས་པར་ཚོགས་པ་སྔར་ལས་ཡར་རྒྱས་དང་ཚོགས་མིའི་ཁོངས་སུ་གཞོན་སྐྱེས་གང་མང་ཞིག་ཞུགས་རྒྱུའི་རེ་བ་ཡོད་ལ། ལས་གཞི་དེའི་ཐད་ཤུགས་སྣོན་བྱ་རྒྱུ་ཡིན། རྩ་བའི་ཐེངས་འདིའི་ཚོགས་ཆེན་སྟེང་གྲོས་ཆོད་མང་པོ་བཞག་ཡོད། གལ་ཆེ་ཤོས་དེ་འབྱུང་འགྱུར་གྱི་བོད་དོན་དམིགས་བསལ་ཚོགས་ཆེན་དང༌། ལོ་རྗེས་མར་ང་ཚོ་རྒྱ་གར་ནང་བཙན་བྱོལ་དུ་སླེབས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྟེང་བསམ་ཚུལ་འཁྱེར་ཕྱོགས་བཅས་ཡིན། དེ་བཞིན་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ་སྲ་བརྟན་ཡོང་ཐབས་དང་དཔལ་འབྱོར་གྱི་རྒྱབ་རྟེན་འཚོལ་རྒྱུ་སོགས་ཡིན། 

 

དྲི་བ། དམངས་གཙོའི་རྒྱལ་ཁབ་གང་ཞིག་ཡིན་རུང་སྲིད་དོན་ཚོགས་པ་ཅི་ཙམ་མང་ན་དེ་ཙམ་གྱིས་དམངས་གཙོ་སྤུས་དག་དང་རྒྱལ་ཁབ་སྲ་བརྟན་ཡོང་བར་ཕན་རླབས་ཆེ་ནའང༌། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སྲིད་དོན་ཚོགས་པ། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ་གཅིག་པུ་ཡིན་སྟབས། ཁྱེད་ཅག་གིས་དམངས་གཙོའི་ལས་དོན་ཐད་འགན་ཁྲི་ཅི་ཙམ་འཁྱེར་གྱིན་ཡོད་དམ།

ལན། ད་ལྟའི་བར་གཞུང་གིས་ང་ཚོ་སྲིད་དོན་ཚོགས་པར་ངོས་འཛིན་གནང་ཡོད་པ་མ་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ལ་ངོས་འཛིན་བྱས་ཡོད། འོན་ཀྱང༌། ང་ཚོ་སྐབས་ལྔ་བའི་རྒྱུན་ལས་ཡོངས་ཀྱིས་སྲིད་དོན་ཚོགས་པ་དངོས་ཀྱི་ལས་ཀ་བྱེད་རྒྱུ་གཙོ་བོར་བཟུང་སྟེ། སྲིད་དོན་ཚོགས་པ་གཙང་མའི་སྟེང་ནས་ཤར་སྐྱོད་བྱ་རྒྱུ་ཡིན། གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ལ་ངོས་འཛིན་བྱས་ན་འགྲིག་གིན་ཡོད་པ་མ་རེད། སྔོན་མ་༧གོང་ས་མཆོག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་བཀའ་སློབ་ཕེབས་སྐབས། སྲིད་དོན་ཚོགས་པ་ཞིག་དགོས་ཀྱིན་འདུག་གསུངས་པ་ལས། གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་དགོས་ཀྱིན་འདུག་གསུངས་མེད། དེར་བརྟེན། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་ཡང་སྲིད་དོན་ཚོགས་པ་ཡིན་ལ། གཞོན་ནུ་ལྷན་ཚོགས་ཀྱིས་ཀྱང་སྲིད་དོན་ཚོགས་པའི་ངོ་བོའི་སྟེང་བཙུགས་ཡོད། ད་ལྟའི་བར་གྱི་མི་ལོ་ ༡༥ རིང་ང་ཚོས་སྲིད་དོན་སྟེང་ལས་ཀ་གང་འཚམ་བྱས་ཡོད་ཀྱང༌། མཚམས་རེར་བཀའ་བློན་ཁྲི་པ་འོས་འདེམས་ཁྲོད་ཐེ་ཇུས་མ་བྱས་པ་དེ་འདྲ་འདུག ད་ནས་བཟུང་སྤྱི་འཐུས་དང་བཀའ་བློན་ཁྲི་པ་འོས་འདེམས་ཐད་ཤུགས་སྣོན་བྱ་འདུན་ཡོད། གང་ཡིན་ཟེར་ན། སྲིད་དོན་ཚོགས་པ་ཞིག་གི་མིང་ཐོག་ན་བསྡད་ཡོད་དུས། ལས་དོན་ནུས་ཤུགས་ལྡན་པ་དང་གྲུབ་འབྲས་མངོན་ཡོད་པ་ཞིག་ཡིན་དགོས། 

 

དྲི་བ། བཙན་བྱོལ་སྤྱི་ཚོགས་ནང་རྩ་དོན་ཐད་ལས་འགུལ་སྤེལ་སྐབས། ལས་འགུལ་སྣེ་ཁྲིད་མཁན་དང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བར་ཆབ་སྲིད་ལངས་ཕྱོགས་དང་དགོས་འདུན་ཁ་གསལ་མེད་པར་མང་ཚོགས་མགོ་འཐོམ་གྱིན་ཡོད་པའི་སྣང་ཚུལ་འདུག་སྟབས། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཆབ་སྲིད་ལངས་ཕྱོགས་གང་ཡིན་དང་དེའི་དམིགས་ཡུལ་གསལ་བཤད་ཅིག་གནང་རོགས།

ལན། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ལངས་ཕྱོགས་རང་བཙན་གཙང་མ་རེད། ཚོགས་པ་འདི་ཐོག་མ་གཞོན་ནུ་ལྷན་ཚོགས་ཀྱིས་བཙུགས་པ་རེད། གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་རང་བཙན་གཙང་མ་རེད། འོན་ཀྱང༌། གཞོན་ནུ་ལྷན་ཚོགས་ཀྱིས་བཙུགས་པའི་ཚོགས་པ་ཡིན་ན་ལངས་ཕྱོགས་རང་བཙན་ཡིན་དགོས་པས་ཁྱབ་པ་མ་རེད་དེ། ཚོགས་ཆེན་སྟེང་ལངས་ཕྱོགས་འགྱུར་བ་གཏོང་དགོས་མིན་ཐད་གྲོས་འཆར་འདོན་མཁན་བྱུང་མ་མྱོང༌། གལ་སྲིད་གྲོས་འཆར་དེ་འདྲ་བྱུང་བ་ཡིན་ན་གོ་བསྡུར་བྱས་མཐར་ལངས་ཕྱོགས་ལ་འགྱུར་བ་འགྲོ་མི་སྲིད་པ་མ་རེད། ཚོགས་ཆེན་སྟེང་ཚོགས་མིའི་རྒྱབ་སྐྱོར་རག་མིན་ལ་ལྟ་དགོས། ད་ལྟ་ང་ཚོ་རྒྱ་གར་ནང་སྐྱབས་བཅོལ་གྱི་ངོ་བོའི་སྟེང་བསྡད་ཡོད་སྐབས། སྲིད་དོན་ཚོགས་པ་གང་ཞིག་ཡིན་རུང་རང་བཙན་དང་དབུ་མའི་ལམ་གང་རུང་གི་ལངས་ཕྱོགས་ཤིག་འཛིན་དགོས་སྟབས། ང་ཚོས་སྔར་གྱི་ལངས་ཕྱོགས་རང་བཙན་གཙང་མ་མུ་མཐུད་རྒྱུན་འཁྱོངས་བྱེད་ཀྱིན་ཡོད།

 

འབྱུང་འགྱུར་སྤྱི་ལོ་ ༢༠༡༡ ལོའི་སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པ་འོས་འདེམས་ཐད་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ངོས་ནས་དམིགས་བསལ་གྱི་གྲ་སྒྲིག་དང་ལས་འཆར་གང་འདྲ་ཡོད་དམ། 

ལན། སྔོན་མ་བཀའ་བློན་ཁྲི་པ་འོས་འདེམས་སྐབས། ཚགས་ཤོག་རིགས་ཀྱི་སྟེང་ལ་ལན་གཅིག་གཉིས་སྤྲད་པ་ལས་ཁྱབ་བསྒྲགས་ཤུགས་ཆེན་བྱས་ཐུབ་ཡོད་པ་མ་རེད། ཐེངས་འདིར་ང་ཚོས་རྒྱ་གར་དང་ཕྱི་རྒྱལ་ཁག་ལ་ཤུགས་ཆེན་པོས་རྒྱ་གྲགས་བོད་གྲགས་ཀྱི་ཁྱབ་བསྒྲགས་བྱ་འཆར་ཡོད། མི་སུ་བསྐོ་མིན་ཐད་ཚོགས་འདུ་ཚོགས་པ་དང་ཡང་ན་བསམ་ཤོག་བསྡུས་ཏེ་ཐག་གཅོད་བྱ་དགོས་པ་རེད། ཐེངས་འདིའི་ང་ཚོའི་ཚོགས་ཆེན་སྟེང་དམིགས་བསལ་གྱིས་འཆར་གཞི་འདི་ཡིན་ཟེར་བ་ཞིག་ཐག་གཅོད་བྱུང་མ་སོང་མོད། བཀའ་བློན་ཁྲི་པ་དང་སྤྱི་འཐུས་འོས་འདེམས་ཀྱི་ཐད། སོ་སོ་སྒེར་ངོས་ནས་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་འོས་མི་འདི་ཡིན་ཟེར་བ་ཞིག་དང༌། མང་ཚོགས་ཀྱིས་ཀྱང་མཁྱེན་རྟོགས་ཡོང་བ་ཞིག་ལ་བསམ་བློ་བཏང་སྟེ། གྲོས་འཆར་ཅིག་བཏོན་ཡང་ཐག་གཅོད་ཐུབ་མ་སོང༌།

 

དྲི་བ། བཙན་བྱོལ་བོད་གཞུང་གིས་དམངས་གཙོའི་ལམ་སྲོལ་ལག་བསྟར་བྱེད་ཕྱོགས་དང༌། མི་དམངས་ཀྱི་ངོས་ནས་དམངས་གཙོར་གོ་བ་ལེན་སྟངས་གཉིས་ལ་མཐོང་ཚུལ་གང་འདྲ་ཡོད་དམ།

ལན། བོད་གཞུང་གིས་དམངས་གཙོ་ལག་བསྟར་བྱེད་ཕྱོགས་སྤྱི་ཡོངས་ཀྱི་ཆ་ནས་འགྲིག་འདུག་བསམ་ཡོད། དམངས་གཙོའི་ཀ་བ་གསུམ་དང་གསར་འགོད་རང་དབང་ཚུད་པའི་དམངས་གཙོའི་ཀ་བ་བཞི་དེ་ང་ཚོའི་གཞུང་ལ་ཚང་ཡོད། རྒྱལ་ཁབ་ཅིག་ལ་མཚོན་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་དེ་དབང་ཚད་མཐོ་ཤོས་རེད། འོན་ཀྱང༌། ང་ཚོའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དེ་ཙམ་གྱི་ནུས་པ་འཐོན་ཐུབ་ཀྱིན་མི་འདུག ནུས་པ་མེད་པའི་རྒྱུ་མཚན་ཡང་སོ་སོར་ལུང་པ་མེད་པའི་རྐྱེན་གྱིས་རེད། གནད་དོན་མང་པོ་ཞིག་ལག་བསྟར་བྱེད་པར་རྒྱལ་ཁབ་གཞན་གྱི་ས་ཐོག་ནས་ལག་བསྟར་བྱེད་ཁག་པོ་ཆགས་ཡོད། ང་ཚོའི་གཞུང་གི་ལས་དོན་མང་པོ་ཞིག་ལྷག་བསམ་གྱི་སྟེང་དུ་གནས་ཡོད། ལྷག་བསམ་གྱིས་གཞུང་བརྩི་བཞིན་ཡོད། ལྷག་བསམ་གྱིས་ལས་འགན་སྒྲུབ་བཞིན་ཡོད། ང་ཚོར་འཛིན་བཟུང་བྱེད་མཁན་ཉེན་རྟོག་པ་དང་བཙོན་འཇུག་བྱེད་སའི་ཁྲིམས་ཁང་ཡོད་པ་མ་རེད། ལྷག་བསམ་མེད་ན་གཞུང་ལ་དམིགས་བསལ་གྱིས་བྱེད་ཐབས་གང་ཡང་ཡོད་པ་མ་རེད།

དམངས་གཙོའི་ཀ་བ་གཉིས་པ་སྤྱི་འཐུས་ལྷན་ཚོགས་ལ་མཚོན་ན། རྒྱལ་ཁབ་མེད་ཀྱང་ལས་ཀ་ཡག་པོ་བྱ་ཐུབ་དགོས་པ་རེད་སྙམ། ༧གོང་ས་མཆོག་གིས་གསུངས་པ་ལྟར་སྤྱི་འཐུས་ ༤༣ གྱིས་བོད་མི་ས་ཡ་དྲུག་གི་བསམ་བློ་འཁྱེར་ཏེ་ལས་ཀ་བྱ་དགོས། ང་ཚོར་གྲོས་ཚོགས་གཅིག་ལས་མེད་སྟབས། གྲོས་གཞི་གང་ཞིག་ཡིན་རུང་གྲོས་ཚོགས་དེ་རང་ནས་གཏན་འབེབ་ཐག་གཅོད་བྱ་དགོས། སྤྱི་འཐུས་བདམས་སྟངས་དེ་ཡང་ཆོལ་ཁ་ཆོས་ལུགས་གཞིར་བཟུང་འདེམས་ཀྱིན་ཡོད། དམངས་གཙོའི་སྒྲོམ་གཞིའི་ནང་ཆོལ་ཁ་ཆོས་ལུགས་ཡོད་པ་མ་རེད། རིགས་རུས་ཆོ་འབྲིང་ཡོད་པ་མ་རེད། དབུལ་ཕྱུག་བཙན་སྙོམ་ཡོད་པ་མ་རེད། སྐྱ་སེར་ཕོ་མོ་ཡོད་པ་མ་རེད། མི་དམངས་ཡོངས་རྫོགས་རང་དབང་ཐོབ་ཐང་གཅིག་གི་འོག་འགྲོ་དགོས། དམངས་གཙོའི་ཀ་བ་གསུམ་པ་བཀའ་ཤག་རེད། ད་ལྟའི་ང་ཚོའི་བཀའ་ཤག་དེ་འཛིན་སྐྱོང་ཆགས་ཡོད།  གྲོས་ཚོགས་ནས་གཏན་འབེབ་བྱས་པའི་ཁྲིམས་སྒྲིག་ལག་བསྟར་བྱེད་མཁན་ཆགས་ཡོད། གྲོས་ཚོགས་ནས་ལས་དོན་གཏན་འབེབ་ཡག་པོ་མ་བྱུང་ན། བཀའ་ཤག་གིས་ལག་བསྟར་བྱ་རྒྱུར་དཀའ་ངལ་འཕྲད་ཀྱིན་ཡོད། དེར་བརྟེན། བཀའ་ཤག་ལས་སྤྱི་འཐུས་ཡག་པོ་ཡོང་རྒྱུ་གལ་ཆེན་རེད། འོན་ཀྱང༌། བོད་པའི་རྩ་དོན་ཐད་བོད་གཞུང་བཀའ་ཤག་མར་འབབ་རྒྱུ་མང་དྲགས་པ་དང༌། རྒྱ་ནག་ལ་སྙེད་སྟེར་རྒྱུ་མང་དྲགས་པ་རེད། བོད་རྒྱ་ཞི་མོལ་ཐེངས་བརྒྱད་པ་འདི་མཐའ་མ་བྱས་ན་ཡག་པོ་རེད་དྲན་ཡོད།

དམངས་གཙོའི་ཀ་བ་བཞི་བ་གསར་འགོད་པ་རེད། དམངས་གཙོའི་སྒྲོམ་གཞིའི་ནང་གལ་ཆེ་ཤོས་ཆགས་ཡོད། གསར་འགོད་བརྒྱུད་ལམ་དེ་གཞུང་དམངས་གཉིས་ཀྱི་མགྲིན་ཚབ་པ་དང༌། གཞུང་དམངས་བར་གྱི་ཟམ་པ་ལྟ་བུ་རེད། ད་ལྟའི་བར་བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་གིས་ལས་ཀ་ཡག་པོ་བྱས་སོང་ལ། རྩ་དོན་དང་སྤྱི་ཚོགས་ལ་ནུས་པ་ཆེན་པོ་ཐོན་སོང་བསམ་ཡོད། ད་དུང་ཡང་གསར་འགོད་རང་དབང་བརྩོན་ལེན་བྱས་ཏེ། ཞན་ཆ་དང་སྐྱོན་འཚང་རིགས་ཐེར་འདོན་བྱ་དགོས། ངྷ་རམ་ས་ལར་བོད་གཞུང་གནས་ཡོད་ལ། ༧གོང་ས་མཆོག་ཀྱང་འདི་གར་བཞུགས་ཡོད་སྟབས། གནས་ཚུལ་མང་པོ་ཞིག་འདི་ནས་མཁོ་སྒྲུབ་བྱ་གལ་ཆེ་མོད། བོད་གཞུང་གིས་ལྷོད་གཡེང་ཤོར་ཏེ་ཐོབ་ཐང་རག་མེད་པའི་ས་ཆ་མང་པོ་མཐོང་སོང༌། དཔེར་ན། མེའོ་དང་བསྟན་འཛིན་སྒང་གཞིས་ཆགས་ལྟ་བུའི་གྲོང་གསེབ་དང་ཁུག་ཀྱོག་མང་པོ་འདུག མེའོ་གཞིས་ཆགས་ནང་གཞོན་སྐྱེས་དྲུག་ཅུ་བདུན་ཅུ་ཞིག་བཟོ་གྲྭར་བཏང་འདུག ཁོང་ཚོར་སློབ་སྦྱོང་ཚད་ལྡན་ཞིག་ཇི་ལྟར་མ་རག་པ་རེད། སློབ་གྲྭ་ཁ་ཤས་ལ་བུ་ཕྲུག་འདང་གིན་མི་འདུག་ཅེས་སྒོ་རྒྱག་གིན་ཡོད། གནས་ཚུལ་དེ་ཚོ་གསར་འགྱུར་བརྒྱུད་ལམ་ནས་གཞུང་ལ་འཁྱོལ་ཐབས་བྱ་དགོས་པ་རེད། 

 

དྲི་བ། ད་ལྟ་ང་ཚོའི་སྤྱི་ཚོགས་ནང་བཀའ་བློན་ཁྲི་པ་འོས་འདེམས་སྐབས། གྲྭ་བ་ཚོས་འོས་ཤོག་གཉིས་ལྡུག་རྒྱུའི་ཐོབ་ཐང་ཡོད་པ་དེ་དམངས་གཙོའི་ལམ་སྲོལ་སྟེང་ཁྲིམས་མཐུན་ཆགས་ཀྱི་ཡོད་མེད་དང་དེའི་ཐད་སྐུ་ཉིད་ལ་དགོངས་འཆར་གང་འདྲ་ཡོད་དམ།

ལན། བཀའ་བློན་ཁྲི་པ་འོས་འདེམས་སྐབས་གྲྭ་བ་ཚོས་ཆོས་ལུགས་ཀྱི་ཁོངས་ནས་འོས་ཤོག་གཅིག་དང་ཆོལ་ཁའི་ཁོངས་ནས་འོས་ཤོག་གཅིག་བཅས་མི་གཅིག་གིས་འོས་ཤོག་གཉིས་ལྡུག་གིན་ཡོད། དེ་དམངས་གཙོའི་སྒྲོམ་གཞིའི་ནང་འགྲིག་གིན་ཡོད་པ་མ་རེད། དམངས་གཙོའི་རྒྱལ་ཁབ་གང་ཞིག་ཡིན་རུང༌། མི་གཅིག་ལ་འོས་ཤོག་གཉིས་ཀྱི་ཐོབ་ཐང་རྩ་བ་ནས་ཡོད་པ་མ་རེད། འོན་ཀྱང༌། ང་ཚོའི་སྤྱི་ཚོགས་དེ་དམངས་གཙོ་དངོས་མ་ཡིན་པར་དམངས་གཙོ་ལ་འགྱུར་བཞིན་པའི་དུས་རིམ་ཞིག་ཆགས་ཡོད། དམངས་གཙོར་འགྱུར་བཞིན་པའི་དུས་རིམ་ཁྲོད། རྒྱལ་ཁབ་གཞན་ལ་མེད་པའི་ཁྱད་མཚར་འདྲ་ཡོང་སྲིད་པ་རེད། འོན་ཀྱང༌། མི་དམངས་བྱིངས་ཀྱི་དམངས་གཙོའི་གོ་རྟོགས་ཇེ་མཐོར་སོང་བ་དང༌། ལྷག་པར་དུ་སྔར་དགོན་སྡེ་ཁག་ནང་ཆོས་ལུགས་ཁོ་ན་ལས་ཆབ་སྲིད་དང་དམངས་གཙོ་ལ་རྒྱུས་མངའ་མེད་ཀྱང༌། ད་ལྟ་དགོན་སྡེ་ཁག་ནང་ཆབ་སྲིད་གོ་རྟོགས་ཇེ་མཐོ་དང་དམངས་གཙོའི་འདུ་ཤེས་ཇེ་བརྟན་དུ་འགྲོ་བཞིན་ཡོད་སྟབས། གྲྭ་བ་ཚོ་རང་ངོས་ནས་རིམ་གྱིས་དམངས་གཙོའི་ཁྲིམས་དང་འགལ་བའི་ལས་ཀ་དེ་རིགས་མེད་པར་གཏོང་གི་རེད་ལ། གཏོང་དགོས་པ་ཞིག་ཀྱང་རེད་སྙམ།

 

དྲི་བ། ༧གོང་ས་མཆོག་གིས་སྔོན་མ་ནས་ང་རང་གུང་ཁྲན་ཕྱེད་ཀ་ཡིན་གསུངས་ཡོད་ལ། ཉེ་ཆར་ཨ་རིའི་ནའེ་ཡོག་དུས་བབ་གསར་འགོད་པར་བོད་ནང་སྤྱི་ཚོགས་རིང་ལུགས་ངོས་ལེན་བྱ་འདོད་སྐོར་གསུངས་ཡོད། དེ་བཞིན་ཐེངས་བརྒྱད་པའི་བོད་རྒྱའི་འབྲེལ་མོལ་གྱི་ནང་དོན་ཐད་དུའང་བོད་ནང་ཆབ་སྲིད་ཀྱི་ངོ་བོ་གང་འདྲ་དགོས་མིན་གསལ་ཁ་མེད་པ་སོགས་ཀྱི་ཐད། སྐུ་ཉིད་ལ་དགོངས་ཚོད་གང་འདྲ་ཡོད་དམ།

ལན། ༧གོང་ས་མཆོག་གིས་སྤྱི་ཚོགས་རིང་ལུགས་ཀྱི་བཀའ་མོལ་གནང་བ་དེ་ད་རེབ་དང་པོ་མ་རེད། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་ནས་དམངས་གཙོའི་རིང་ལུགས་ཤིག་གསུང་གིན་ཡོད། དོན་དངོས་ཐོག་ནས་ཀྱང༌། སྤྱི་ཚོགས་རིང་ལུགས་དེ་མི་དམངས་ལ་ཕན་ཐོག་པའི་ལམ་ལུགས་ཤིག་རེད། དཔལ་འབྱོར་སོགས་གང་ཅིའི་ཐད་ནས་ཚང་མ་འདྲ་མཉམ་བཤད་ཀྱིན་ཡོད། ད་ཆར་ང་ཚོས་དམངས་གཙོ་བཤད་ཀྱིན་ཡོད་ཀྱང༌། བོད་ནང་དངོས་སུ་སླེབས་པ་ཡིན་ན་ལམ་སེང་དམངས་གཙོའི་གཞུང་སྤུས་དག་ཅིག་འཛུགས་རྒྱུ་ཁག་པོ་རེད། ད་ལྟ་ང་ཚོས་འདི་ནས་དམངས་གཙོའི་རིང་ལུགས་ལ་སློབ་སྦྱོང་མཐིལ་ཕྱིན་པ་བྱས་ཏེ། མ་འོངས་པར་བོད་ནང་གི་བོད་མི་ཚོའི་དགེ་རྒན་ལྟ་བུ་བྱ་དགོས་པ་རེད། བོད་མི་མང་ཆེ་བ་རྒྱ་འོག་ན་ཡོད་སྟབས། ཁོང་ཚོར་དམར་ཤོག་གི་འདུ་ཤེས་ལས་དམངས་གཙོའི་གོ་རྟོགས་མེད། སྐབས་དེར་བོད་ནང་ལ་དམར་ཤོག་དང་དམངས་གཙོ་གཉིས་བར་ལ་བསྡུར་ཚད་ཅིག་སླེབས་གི་རེད་ལ། དེ་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཤོག་ཁག་ཅིག་ཀྱང་སླེབས་སྙམ། ཕྱོགས་ཁག་དེ་གསུམ་གྱིས་མ་འོངས་བོད་པའི་གཞུང་འཛིན་འགྲན་རྩོད་བྱ་སྲིད་པ་རེད། དེ་ནི་རྒྱལ་ཁབ་ཅིག་དམངས་གཙོར་འགྱུར་བའི་གོ་རིམ་རེད། དེ་ནི་༧གོང་ས་མཆོག་གི་དགོངས་གཞི་དང་དམངས་གཙོའི་གཞུང་གི་ཁྱད་ཆོས་རེད་སྙམ།

 

དྲི་བ། བཙན་བྱོལ་གཞུང་གི་སྲིད་བྱུས་དང་སྒྲིག་འཛུགས་ཁག་གི་སྒྲིག་གཞི་ཡོངས་རྫོགས་དམངས་གཙོའི་ལམ་སྲོལ་ལ་བསྟུན་ཡོད་ཀྱང༌། གང་ཟག་སྒེར་གྱི་ཉིན་རེའི་ལས་དོན་བྱེད་ཕྱོགས་དང་དུས་རྒྱུན་འདུ་ཤེས་འཛིན་སྟངས་ལ། སྔོན་མའི་ལམ་ལུགས་སྲོལ་གྱིས་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པའི་སྣང་ཚུལ་འདུག་གམ།

ལན། བདེན་པ་རེད། དེ་འདྲ་ཡོང་གིན་འདུག མི་མང་པོ་ཞིག་གི་བསམ་བློའི་ནང་ད་དུང་སྔར་གྱི་ལུགས་སྲོལ་དེ་རིགས་ཤུགས་ཆེན་པོ་རེད། སྔོན་མའི་ལུགས་སྲོལ་འགའ་རེ་ད་ལྟ་དགོས་མཁོ་ཆེ་བ་ཡོད་པ་རེད། འོན་ཀྱང༌། ལུགས་སྲོལ་འགའ་རེ་དགོས་མཁོ་མེད་པ་མ་ཟད། ཁྲིམས་སྒྲིག་གཞི་དང་མིའི་རང་དབང༌། ཀུན་སྤྱོད་བཅས་ལ་དོ་ཕོག་འགྲོ་བ་དེ་འདྲ་ཡོད་པ་རེད། དེ་ཚོ་རྩ་མེད་པ་བཟོ་དགོས་པ་རེད། དགོས་མཁོ་ཡོད་པའི་ལམ་ལུགས་དག་ཁྲིམས་ཀྱི་འོག་ཏུ་ཚུར་འཇུག་དགོས་པ་རེད། དམངས་གཙོའི་ཁྲིམས་སྒྲིག་གཞིས་ལམ་ལུགས་སྲོལ་ལ་ཕར་བསྟུན་ན་ནོར་བ་རེད། དཔེར་ན། དོལ་རྒྱལ་བསྟེན་སྲོལ་ལྟ་བུར་མཚོན་ན། གཞུང་དང་༧གོང་ས་མཆོག་གི་ངོས་ནས་བསྟེན་ཆོག་གིན་མེད་ཅེས་བཀའ་བཏང་ཡོད་ཀྱང༌། ཁ་ཤས་ཀྱིས་ང་ཚོའི་ལུགས་སྲོལ་ཡིན་ཟེར་ཏེ་སྲུང་གཙི་བྱེད་ཀྱིན་ཡོད། དོན་དངོས་ཐོག་དེ་ནི་ཁྲིམས་སྒྲིག་གཞི་ལས་ལམ་ལུགས་སྲོལ་གལ་ཆེན་བྱས་ཏེ། རང་གི་གཞུང་དང་རང་གི་དབུ་ཁྲིད་ཀྱི་བཀའ་རྡོག་རོལ་དུ་བཏང་བ་རེད། དམངས་གཙོ་ཡིན་ན་གཞུང་ལ་དབང་ཆ་མེད་པ་མ་རེད། གཞུང་ལ་དབང་ཚད་མཐོན་པོ་ཡོད། དགོས་མཁོ་བྱུང་ན་དབང་ཚད་འཕར་མ་ཡང་བེད་སྤྱོད་གཏོང་ཆོག་གི་རེད།

 

དྲི་བ། རྒྱ་ནག་དམངས་གཙོར་འགྱུར་རྒྱུ་དེ་བོད་པའི་རྩ་དོན་སེལ་རྒྱུར་འབྲེལ་བ་ཆེན་པོ་ཡོད་ཟེར་གྱིན་ཡོད་ཀྱང༌། དེང་སྐབས་རྒྱ་ནག་གཙོས་པའི་ཐའེ་ཝན་དང༌། འབར་མ། བལ་ཡུལ་སོགས་ཤར་ཕྱོགས་རྒྱལ་ཁབ་ཁག་ཅིག་གི་ནང་དུ་དམངས་གཙོ་ཉམས་ཞན་དུ་འགྱུར་གྱིན་ཡོད་པའི་རྣམ་པ་ཐོན་ཡོད་སྟབས། སྐུ་ཉིད་ལ་དེའི་ཐད་ལྟ་སྟངས་གང་འདྲ་ཡོད་དམ།

ལན། འཛམ་གླིང་གི་རྒྱལ་ཁབ་ཡོངས་ལས་བརྒྱ་ཆ་ ༩༥ དམངས་གཙོའི་གཞུང་ཡིན་ལ། རིམ་གྱིས་རྒྱ་ནག་ཀྱང་དམངས་གཙོར་འགྱུར་བར་ཡིད་ཆེས་ཡོད། ཤར་ཕྱོགས་ཀྱི་རྒྱལ་ཁབ་དག་ལས་རྒྱ་གར་དམངས་གཙོའི་རྒྱལ་ཁབ་ཚད་མཐོ་ཤོས་རེད། སྲིད་དོན་ཚོགས་པ་དང་ཆོས་ལུགས་འདྲ་མིན། དེ་མིན་ནང་ཁུལ་གྱི་རྙོག་དྲ་མང་པོ་ཡོད་ཀྱང༌། གཞུང་གི་རྩ་བའི་སྲིད་བྱུས་དམངས་གཙོའི་རིང་ལུགས་འགྲིག་གིན་མི་འདུག་ཟེར་མཁན་གཅིག་ཀྱང་མེད། ཐའེ་ཝན་གོ་མིན་ཏང་གཞུང་འཛིན་ཚོགས་པ་ཆགས་ཡོད་ཀྱང༌། དམངས་གཙོ་རེད། ཐའེ་ཝན་མི་དམངས་ཀྱི་སེམས་པའི་གཏིང་ན་ང་ཚོ་རྒྱ་མི་ཡིན་བསམ་པ་དང༌། རྒྱ་ནག་གི་ཆ་ཤས་རེད་བསམ་པ་ཡོང་སྲིད་ཀྱང༌། ཆབ་སྲིད་གནས་སྟངས་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་ལེན་བྱེད་ཀྱིན་མེད་ལ་བྱ་ཡང་མི་སྲིད་པ་ཞིག་རེད། ད་ལྟའི་སྲིད་འཛིན་ཡང་ཐའེ་ཝན་མི་དམངས་ཀྱི་སྐུ་ཚབ་ཆགས་ཡོད། ཐའེ་ཝན་མི་དམངས་ཀྱི་མངོན་འདོད་རྒྱ་ནག་ལས་ལོགས་སུ་འདུག་རྒྱུ་དེ་རེད། དེ་བཞིན་བལ་ཡུལ་གྱི་གཞུང་འཛིན་མཁན་དེ་མའོ་རིང་ལུགས་ཆགས་ཡོད་ཀྱང༌། གཞུང་དེ་དམངས་གཙོ་མ་རེད་ཟེར་མི་ཐུབ། གཞུང་གི་སྲིད་ཇུས་ལ་འགྱུར་བ་གཏོང་མིན་བཀའ་བློན་ལྷན་ཚོགས་ཀྱིས་ཐག་གིས་བཅད་ཆོག་ཀྱང༌། དམངས་གཙོ་དང་འགལ་བའི་ལས་ཀ་བྱེད་ཐུབ་གི་མ་རེད། ད་ལྟའི་སྲིད་འཛིན་བྷར་ཇན་ཊ་ལ་དམངས་གཙོའི་འགྲོ་ལུགས་ལྟར་འོས་འདེམས་ཁྲོད་རྒྱལ་ཁ་ཐོབ་པ་རེད།

 

དྲི་བ། བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཚོགས་གཙོ་གཉིས་ནས། སྤྱི་ཟླ་ ༡༡ པའི་ནང་གི་བོད་དོན་ཚོགས་ཆེན་སྟེང་རྩ་དོན་ལ་འགྱུར་བ་འགྲོ་གི་མ་རེད་ལ། འགྱུར་བ་གཏོང་རྒྱུའི་དབང་ཚད་ཀྱང་ཡོད་པ་མ་རེད། ཅེས་པའི་སྐད་ཆ་དེའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།

ལན། བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཚོགས་གཙོ་གཉིས་ནས་ཚོགས་ཆེན་སྟེང༌། རྩ་དོན་ལ་འགྱུར་བ་གང་ཡང་འགྲོ་གི་མ་རེད། ཅེས་ལབ་ཀྱིན་ཡོད་པ་དེ་ཡག་པོ་མ་རེད། གང་ཡིན་ཟེར་ན། སྐད་ཆ་དེས་སྤྱི་ཚོགས་ནང་གི་རང་དབང་གི་བསམ་བློ་གཏོང་སྟངས་ལ་ཕོག་ཐུག་འགྲོ་གི་ཡོད་པ་རེད། མི་མང་པོ་ཞིག་གིས་ཚོགས་ཆེན་སྟེང་རྩ་དོན་ལ་འགྱུར་བ་གང་ཡང་མེད་ན་ཚོགས་འདུར་ཞུགས་འདོད་མི་འདུག་ཟེར་གྱིན་འདུག བཀའ་བློན་ཁྲི་པས། ཐེངས་འདིའི་ཚོགས་ཆེན་སྟེང་ནས་རྩ་དོན་ལ་འགྱུར་བ་གཏོང་རྒྱུའི་དབང་ཚད་ཡོད་པ་མ་རེད། ཅེས་ལབ་པ་དེ་གང་འདྲ་ཞིག་ལ་གསུང་གིན་ཡོད་ན་བསམ་གྱིན་འདུག ཚོགས་ཆེན་དེའི་སྟེང་གནད་ཡོད་མི་སྣ་དང་མི་དམངས་ཀྱི་སྐུ་ཚབ་མང་པོ་ཞིག་ཕེབས་ཀྱིན་ཡོད་པ་རེད། ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་ཡོངས་རྫོགས་དང༌། ས་གནས་མི་དམངས་ཀྱི་འཐུས་ཚབ་ཡོངས་རྫོགས་ཡོང་གིན་ཡོད། ཚོགས་ཆེན་སྟེང་ཐད་ཀར་རྩ་དོན་ལ་འགྱུར་བ་གཏོང་རྒྱུའི་དབང་ཚད་མེད་པ་བདེན་པ་རེད། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནས་ཐག་གཅོད་བྱ་དགོས་པ་ཞིག་རེད། འོན་ཀྱང༌། ཚིག་དེས་རང་དབང་གི་བསམ་བློ་གཏོང་ཕྱོགས་ལ་ཁྱད་པར་འགྲོ་གི་ཡོད། མི་དམངས་ཀྱི་བསམ་ཚུལ་ཐེངས་འདིའི་ཚོགས་ཆེན་སྟེང་སྤུངས་ཏེ། ཚོགས་ཆེན་སྟེང་ནས་དཔྱད་ཞིབ་མཐིལ་ཕྱིན་ཡོང་གི་རེད། དེ་ནས་སྤྱི་འཐུས་གྲོས་ཚོགས་ནང་འཁྱེར་བ་ཡིན་ན། རྩ་དོན་ལ་འགྱུར་བ་འགྲོ་མི་སྲིད་པ་མ་རེད་སྙམ་ཡོད།

འབྲེལ་ཡོད་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་པ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༤
Mobile App

སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བཙན་བྱོལ་གྱི་སྐྱེས་མ་དང་རྩོམ་རིག་ཅེས་པའི་དཔྱད་རྩོམ་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

ཆུ་ཚོད་ ༡༨ སྔོན་ལ།
སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་། ༢༠༢༥།༥།༡༣  སྲིད་སྐྱོང་མཆོག་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་གནང་།

ཆུ་ཚོད་ ༢༢ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

༢༠༢༥/༠༥/༡༣
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢

མཆན། 4

  1. yeshi rinchen says:
    ལོ་ 17 སྔོན།

    ཚོགས་གཙོ་འཆི་མེད་གཡུང་དྲུང་དབུས་པའི་གྲོགས་པོ་ལྷན་རྒྱས་ཀྱི་སྙན་ལམ་དུ
    ་་་་་་་་་་ང་ཚོ་བོད་ནང་གི་མང་གཙོའི་དགེ་རྒན་བྱ་དགོས་ཞེས་བརྗོད་ན་ཏོག་ཙམ་ཧམ་པ་ཆེན་པོ་ཞིག་ཏུ་ཆགས་མི་འགྲོ་སྙམ་ནས་བློ་འཚབ་སྐྱེ་ཡོང་གི་གང་ལགས་ཞེ་ན་ང་ཚོ་བཙན་བྱོལ་བའི་སྤྱི་ཚོགས་འདི་ག་རང་དུ་དམངས་གཙོའི་གོ་དོན་དང་ལྗབ་ལྗོངས་དམིགས་ཡུལ་སོགས་ལ་རྒྱུས་མངའ་མེད་མཁན་གྱི་དཔུང་སྡེ་མང་བ་མེད་ལས་ཉུང་མེད་པས་ད་གཟོད་ཐོག་མ་ང་ཚོ་ནས་འགོ་བརྩམ་དགོས་པའི་ལས་དོན་ཐོག་བསམ་གཞིག་བྱ་དགོས་པ་དྲན་གྱིན་ཡོད།

    Reply
  2. བདེན་པ། says:
    ལོ་ 17 སྔོན།

    ཧ་པ་ཅན་འཆི་མེད་གཡུ་དྲང་གིས་ད་ནས་ཁོ་རང་གི་མ་འོངས་པའི་གོ་གནས་གཏན་ཁེལ་འདུག བོད་ནང་གི་བོད་མི་ཚོར་འགྲོ་བ་མི་ཐོབ་ཐང་དང་དམངས་གཙོའི་ཤེས་བྱ་མེད་དྲགས་པའི་དབང་གིས་རྒྱ་ནག་ལ་འཐབ་རྩོད་བྱེད་ཀྱི་ཡོད་པ་མ་རེད། ཁོ་ཚོས་ཚང་མ་ཤེས་ནས་མི་རིགས་ཀྱི་ཐོབ་ཐང་རྩོད་ཀྱི་ཡོད་པ་རེད། མ་འོངས་པར་བོད་ནང་གི་བོད་མི་ཚོའི་དགེ་རྒན་བྱེད་དགོས་ཟེར་བ་མཐོང་ཆུང་རེད། བཤད་ཚུལ་འདི་ནི་བོད་ནང་གི་རྒྱ་ཆེའི་མི་དམངས་ལ་མཐོང་ཆུང་དང་དམའ་འབེབ་བྱས་པ་མ་ཟད། སེམས་ཤུགས་གཅོག་བྱེད་ཅིག་རེད། ༧གོང་ས་མཆོག་གིས་གཙོ་བོད་ནང་གི་རྒྱ་ཆེའི་མི་དམངས་རེད་ཅེས་གསུངས་གི་ཡོད་པ་ལ་ལན་བརྒྱབ་པ་ཞིག་ཀྱང་རེད། དངོས་གནས་ཡིན་ན་སྐད་ཆ་འདི་ལ་དགོངས་དག་ཞུ་དགོས་པ་རེད།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ང་ཚོས་ད་ལྟའི་འདི་ལྟར་རང་ལུགས་གང་ཡང་མེད་པའི་ལམ་ཕྱོགས་བསྙེག་དེ་སོང་ནས་བསྡད་ན་ང་ཚོ་བོད་ནང་གི་བོད་མིས་ཚོའི་དམངས་གཙོ་དགེ་རྒན་བྱེད་ཐུབ་རྒྱུ་ཕར་ཞོག བོད་ནང་གི་བོད་མིས་ཚོས་ང་ཚོ་ལ་ཚུར་དགེ་རྒན་དང་ལམ་སྟོན་བྱེད་ངེས་ཡིན་ལ། ད་ལྟའི་འཆར་ཡང་བོད་བཙན་བྱོལ་ཚང་བོད་ནང་གི་བོད་མིས་ལམ་སྟོན་འོག་འགྲོ་བཞིན་ཡོད་པ་ཤེས་ཀྱི་མེད་པ་ངོས་ནས་དགོད་སྤྲོ་བོ་རེད་ལ། དམངས་གཙོ་ཟེར་བའི་མིང་ཚིགས་ནི་མི་དམངས་མང་ཚོགས་ཀྱི་དབང་ཚད་ཞིག་ལ་གོ་དགོས་པ་དེ་ཡང་། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་གཙོ་མཆོག་གིས་བར་སྐབས་རིང་དེའི་དོན་དག་བརྗེད་སོང་བ་མིན་པར་སྨོན། ང་ཚོ་ངོ་མ་དམངས་གཙོ་ཡིན་པར་བསམ་བཞིན་ཡོད་ན་ནི་བོད་ནང་གི་རྒྱ་ཆེ་མི་དམངས་ནི་དམངས་གཙོའི་སྣེ་ཁྲིད་བྱེད་མཁན་ཡིན་ལ། ང་ཚོ་བཙན་བྱོལ་གཞུང་ནི་མི་དམངས་དེ་ཡིས་འགྲིན་ཚབ་པ་བཟང་བོ་ཞིག་ཉན་མིན་ལྟ་རྒྱུ་ལས། ང་ཚོས་ལག་དུ་དམངས་གཙོའི་དབང་ཚད་དེ་གཏན་ནས་མེད་པ་ཤེས་པར་གྱིས་ཤིག

    Reply
  4. གནས་ཚང་། says:
    ལོ་ 17 སྔོན།

    ཁྱད་མཚར། ངའི་བསམ་ཚུལ་སུས་བསུབ་སོང་ངམ། བསམ་ཚུལ་མི་མཐུན་ན་བགྲོ་གླེང་བྱེད་ཆོག་གི་རེད་མ་གཏོགས་བྱ་སྤྱོད་འདི་མངོན་སུམ་འཛེམས་མེད་ཀྱི་ཁེ་ཕན་ཕྱོགས་ཁག་ལ་ཞབས་འདེགས་ཞུ་སྟངས་ཤིག་རེད། དོན་ལ་བྱ་སྤྱོད་འདི་རིགས་ཀྱིས་དེང་གི་བར་བོད་ཕོངས་སུ་བཅུག་ཡོད་པས། ད་བོད་རྩ་མེད་དུ་གཏོང་བསམ་གྱི་ཡོད་དམ། དེ་ན་ངས་ཡང་བསྐྱར་བསམ་ཚུལ་བཤད་ཀྱི་ཡིན་ལ། བསུབ་མཁན་ཡོད་ན་དེང་ཕྱིན་གནས་ཚང་གིས་ཁ་ངོ་བལྟས་མ་སོང་ཞེས་མ་ལབ་རོགས།

    བཙན་བྱོལ་སྤྱི་ཚོགས་མ་འོངས་པར་བོད་ནང་གི་མང་གཙོའི་དགེ་རྒན་ཆགས་ཁག་པོ་རེད།
    ༡ ༼གོང་ས༽ཁ་ན་མ་ཎི་བགྲང་བགྲང་བྱེད་ཀྱིན་ནའང་། དོན་ལ་ཚོགས་སྐྱིད་གང་གིས་ཀྱང་ཁོང་གི་དགོངས་གཞི་ཐད་འདེམས་ལམ་ལུགས་སྣང་མེད་དུ་བཞག་ནས་སོ་སོའི་འདོད་མོས་བཞིན་འགོ་གཙོ་འདེམས་ཀྱི་ཡོད་པས། དེ་ནི་མང་གཙོ་གཅིག་སྡུད་ལམ་ལུགས་རེད་ལ། བོད་ནང་དུ་དེ་རིགས་ལ་བྱང་ཆ་ཡོད་ཅིང་བཙན་བྱོལ་བ་བོད་ནང་གི་སློབ་ཕྲུག་ཆགས་རྒྱུ་རེད།
    ༢ གལ་སྲིད་ནད་རྙིང་འདི་རིགས་ལྡོག་ཐབས་ལ་བསམ་བློ་མི་གཏོང་བར་མུ་མཐུད་དུ་ཡུན་བསྲིངས་ཐབས་ལ་འབད་ཀྱི་ཡིན་ན། བོད་དོན་སྒང་ཚབ་བྱེད་གསར་བ་འབྱུང་མི་སྲིད་པ་མིན་སྟབས། ཚང་མ་ལོས་བསམ་བློ་ལྷོད་ལྷོད་ཅིག་གཏོང་རན་ཡོད་འདུག

    དེ་མིན་གསར་འགོད་ལས་རིགས་ནི་གཟུར་གནས། བར་གནས། དོ་མཉམ་ཡིན་དགོས་པ་ལས་སྐུ་ངོ་གང་རུང་། ཡང་ན། རིན་པོ་ཆེ་གང་རུང་གི་ཁ་པར་ཐོས་འཕྲལ་ལོ་ལཱ་སཱོ་ཟེར་རྐྱང་མི་བྱེད་པར་རེ་བ་རྒྱག་གི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese