ཁེ་ན་ཌར་གནས་བཞུགས་སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་ལགས་ཀྱིས་ཉེ་སྔོན་སྤྱི་ཟླ་ ༩ ཚེས་ ༢ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་ནས་སྤྱི་ལོ་ ༢༠༡༡ ལོའི་སྐབས་བཅུ་གཅིག་པའི་བཀའ་བློན་ཁྲི་པ་འོས་འདེམས་སྐོར་ལ་ཁོ་རང་སྒེར་གྱི་ལས་གཞི་ཁག་ཅིག་གསར་འགོད་གསལ་བསྒྲགས་བསྐྱངས་ཡོད་པ་དང༌། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་བཞུགས་སྒར་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་ནས་བོད་པའི་གསར་འགོད་པ་ཚོར་ངོ་སྤྲོད་ཞུས་ཡོད། ཉིན་དེའི་སྔ་དྲོ་འདི་གའི་གསར་འགོད་པས་ཁོང་ལ་བཅར་འདྲི་ཞུས་པ་གཤམ་གསལ་ལྟར།
དྲི་བ། ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་འདེམས་སྐོར་ལ་ལས་གཞི་ཐོག་མར་རྩོམ་མཁན་ནི་སྐུ་ཉིད་རེད། འདིའི་སྐོར་ངོ་སྤྲོད་ཅིག་གནང་རོགས།
ལན། ང་ཚོ་བོད་པའི་གོམས་གཤིས་དེ་ལྷོད་ལྷོད་བྱས་ཏེ་འདུག་རྒྱུ་ལས། ཐོག་མ་ནས་བསམ་བློ་བཏང་སྟེ། ག་རེ་ཡོང་གི་རེད། དེ་ལ་ཐབས་ཤེས་བྱ་རྒྱུའི་གོམས་གཤིས་མི་འདུག ༢༠༡༡ ལོར་ཟམ་གདོང་རིན་པོ་ཆེའི་དུས་ཡུན་རྫོགས་གི་ཡོད་པ་ཚང་མས་ཤེས་གི་ཡོད་པ་རེད། དེའི་རྗེས་ལ་ཟམ་གདོང་རིན་པོ་ཆེ་བསྐྱར་དུ་ཕེབས་རྒྱུ་བཅའ་ཁྲིམས་ནང་དུ་མེད། མི་གསར་བ་ཞིག་སླེབས་དགོས་པ་རེད། མི་གསར་བ་སུ་ཡོད་པ་རེད་ཅེ་ན། གནམ་ནས་འབབ་གི་ཡོད་པ་ལྟར་ཚང་མས་སྒུག་བསྡད་ཡོད། དེ་ལ་སེམས་ཁྲལ་ཞིག་ཡོང་གི་འདུག ༧རྒྱལ་བ་རིན་པོ་ཆེ་དགུང་ལོ་མཐོ་རུ་འགྲོ་བ་དང་བསྟུན། བོད་པའི་གནས་སྟངས་དེ་གཉན་འཕྲང་ཆེ་རུ་འགྲོ་གི་ཡོད། བཙན་བྱོལ་དུ་དུས་ཡུན་ཅི་ཙམ་རིང་བོར་བསྡད་པ་དེ་ཙམ་གྱིས་མི་རིགས་འདི་ཉེན་ཁར་ཐུག་གི་ཡོད། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་བརྟན་དགོས་ན། ཐུགས་སེམས་ལྷོད་པོ་ཡོང་དགོས་ན། བཀའ་བློན་ཁྲི་པ་སྲ་ཐག་ཐག་ཅིག་འཚོལ་དགོས་པ་རེད། བརྟན་བཞུགས་གཅིག་པུས་ཕན་གི་མ་རེད། ༢༠༡༡ ནས་ ༢༠༡༦ བར་གྱི་བཀའ་ཁྲི་དེས་༧རྒྱལ་བ་རིན་པོ་ཆེ་དགུང་ལོ་ ༧༦ ནས་ ༨༡ ལ་ཕེབས་པའི་བར་འགན་གཙང་མ་ལེན་ཐུབ་དགོས་པ་རེད། དེ་ལྟར་ལས་གཞི་འདི་
སྔ་ས་ནས་སྤེལ་དགོས་པར་མཐོང་སོང༌།
དྲི་བ། བོད་ཀྱི་རྩ་དོན་འདི་ཐོག་མར་རྩོད་མཁན་གྱི་མི་རབས་དེ་དག་རིམ་བཞིན་རྫོགས་འགྲོ་གི་ཡོད་ལ། ཐེངས་སྔོན་མའི་བཀའ་ཁྲི་འོས་འདེམས་ལ་མི་མ་རག་པའི་དཀའ་ངལ་འཕྲད་ཡོད། དེས་ན་ཐེངས་རྗེས་མའི་བཀའ་བློན་ཁྲི་པའི་འོས་འདེམས་སྐབས་འོས་གཞི་ཇེ་མང་དུ་འགྲོ་རྒྱུར་གདེང་ཚོད་འདྲ་འདུག་གམ།
ལན། ངས་ལས་འགུལ་གྱི་མགོ་བརྩམས་པ་ཙམ་རེད། མི་འདི་བཀའ་བློན་ཁྲི་པར་ཡག་པོ་འདུག་ཟེར་བ་གཅིག་ཀྱང་མེད། འོན་ཀྱང་འཚོལ་དགོས་པ་རེད། ཟློས་གར་ཞིག་ལ་མཚོན་ན་སྡིངས་ཆ་དེ་ངས་བཟོས་པ་རེད། ཞབས་བྲོ་འཁྲབ་མཁན་མཁས་པ་ཡོད་ན། ཐོན་ཤོག་ཟེར་གི་ཡོད། འཛམ་གླིང་གང་སར་ཡོད་པའི་བོད་རིགས་ཁྲོད་བཀའ་བློན་ཁྲི་པར་འོས་པའི་མི་རྩེ་གྲས་ཤིག་ཡོད་ན་མིང་འདོན་རོགས་ཟེར་གི་ཡོད། མི་སུ་སླེབས་པ་ཡིན་ན་མི་དམངས་ཚང་མས་ཉམས་ཞིབ་བྱས་ཏེ། འཆར་གཞི་དང་དམིགས་ཚད་ལ་ཞིབ་འཇུག་གིས་ཕན་ཚུན་ལ་ངོ་སྤྲོད་བྱ་དགོས། འོས་བསྡུ་ལྷན་ཁང་གི་ཁྱབ་བསྒྲགས་དེ་ཟླ་བ་བཞི་ལྔའི་སྔོན་ཙམ་རེད། དེ་འདྲ་ཞིག་གི་ནང་ལ་མི་གསར་བ་འཚོལ་རྒྱུ་དང་སླེབས་རྒྱུའི་དུས་ཚོད་ཡོད་པ་མ་རེད། མི་རྙིང་པ་ཞིག་ལས་སླེབས་གི་མ་རེད། མི་རྙིང་པར་ཕན་ཐོག་མི་འདུག་ཟེར་བ་མིན། བོད་མི་དམངས་ལ་གདམ་ཀ་ཞིག་དགོས་པ་རེད། མི་གསར་བ་སླེབས་ན་རིག་པ་གསར་བ་དང་ཐབས་ཤེས་གསར་བ་འཁྱེར་ཡོང་དགོས་པ་རེད། གཞོན་སྐྱེས་ཚོ་ཆབ་སྲིད་ལ་དོ་སྣང་ཡོང་གི་རེད། རྟག་པར་མི་རྙིང་པ་ཤ་སྟག་གིས་སྐོར་བ་བརྒྱབས་བསྡད་ན། གཞོན་སྐྱེས་མང་པོ་ཞིག་འོས་ཤོག་ལྡུག་པར་ཡོང་གི་མེད། བཙན་བྱོལ་ནང་གི་མི་འབོར་བརྒྱ་ཆ་ ༧༥ ལྷག་རང་ལོ་ཞེ་ལྔ་མན་ཆད་རེད། མི་འབོར་བརྒྱ་ཆ་ ༧༥ ཙམ་འོས་ཤོག་ལྡུག་པར་མ་ཡོང་ན་དམངས་གཙོ་ཡང་དག་མ་རེད། དཔེར་ན། རང་བཙན་གཙང་མ་རྩོད་མཁན་ཞིག་བྱུང་སྟེ། དེ་ལ་བརྒྱ་ཆ་ཉི་ཤུའི་འོས་ཐོབ་པ་ཡིན་ན། རྗེས་མ་མི་དེས་གང་ཞིག་བཤད་ཀྱང་ལྗིད་ཁོག་ཡོད་ལ། དེ་དང་འབྲེལ་ཏེ་ཆབ་སྲིད་ཚོགས་པ་ཡོང་གི་རེད། སྐབས་དེར་ཆབ་སྲིད་ཚོགས་པ་སོ་སོས་མི་རྩེ་གྲས་བདམས་ཡོང་གི་རེད། ད་སྐབས་མི་ཚང་མས་ངོ་ཤེས་རེ་ཟུང་ལས་དྲན་གི་མེད། དེ་ཚོ་བཀའ་བློན་རྙིང་པ་དང་སྤྱི་འཐུས་རྙིང་པ་དག་རེད། རྙིང་པ་མང་པོ་ཞིག་སླེབས་དུས་ཕྱི་རྒྱལ། ཨ་ཅང་ཅང༌། རྒྱ་གར་ནང་གི་གཞོན་སྐྱེས་ཚོར་ཡང་དོ་སྣང་མེད་པ་ཆགས་གི་ཡོད།
དྲི་བ། སྐུ་ཉིད་སྒེར་ངོས་ནས་སྐབས་བཅུ་བཞི་བའི་བཀའ་ཁྲིའི་འོས་འདེམས་ཁྲོད་མི་གང་འདྲ་ཞིག་ཡོང་རྒྱུར་རེ་བ་རྒྱག་གིན་ཡོད།
ལན། སྔོན་མ་དང་མི་འདྲ་བར་ཐེངས་འདིར་དུས་ཚོད་དགའ་རབ་ཡོད། བོད་རྒྱའི་གནད་དོན་དང་གཞུང་འཛིན་སྐྱོང་ཐད་བསམ་ཚུལ་མི་འདྲ་བ་ཡོད་མཁན་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་གང་ཞིག་ཏུ་ཡོད་ཀྱང༌། བཀའ་བློན་ཁྲི་པའི་འོས་མིར་ལངས་རྒྱུའི་གོ་སྐབས་རག་གིན་ཡོད་པ་རེད། བོད་པའི་སྤྱི་ཚོགས་ནང་གཞུང་གི་འདི་འགྲིག་གི་མི་འདུག དེ་འགྲིག་གི་མི་འདུག་ཟེར་མཁན་མང་པོ་ཡོད། སོ་སོར་འཇོན་པའི་གདེང་ཚོད་ཡོད་ན་འཐོན་ཡོང་དགོས་པ་རེད། ང་བཀའ་བློན་ཁྲི་པར་བསྐོས་དང་བོད་རྒྱ་ཞི་འགྲིག་དང༌། ནང་སྲིད། སྤྱི་ཚོགས་འཛུགས་སྐྲུན་བཅས་ལ་ངས་འདི་བྱ་རྒྱུ་ཡིན་ཟེར་རྒྱུའི་གོ་སྐབས་རག་པ་རེད། དེར་མི་དམངས་ཡིད་ཆེས་དང་འདོད་པ་བྱུང་བ་ཡིན་ན་འོས་ཤོག་གི་རྒྱབ་སྐྱོར་ཡོང་གི་རེད། སྐབས་དེར་ལོ་གཞོན་ཚོས་དང་བླངས་ཀྱིས་མི་དམངས་ལ་ཁྱབ་བསྒྲགས་བྱེད་གི་རེད། ཤེས་འཇོན་གཉིས་ལྡན། བོད་མི་རིགས་དང་༧རྒྱལ་བ་རིན་པོ་ཆེར་ཞབས་ཞུ་བསྒྲུབ་འདོད་མཁན་ཡིན་ན་ད་རེབ་འཐོན་དགོས་པ་རེད། ངས་རྟག་པར་འདི་ལྟར་བཤད་གིན་ཡོད། ང་ཚོར་མང་ན་ལོ་ཉི་ཤུ་དང་ཉུང་ན་ལོ་བཅུ་ལས་ཡོད་པ་མ་རེད། ད་ནས་ཛ་དྲག་གི་ཚོར་བ་ཞིག་སླེབས་དགོས་པ་རེད། ༧རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་གྱིས་འགྲིག་འགྲོ་བ་རེད་བསམ་བསྡད་ན། ལས་ཀ་མང་པོ་ཞིག་ལྷོད་གཡེང་ལ་ཤོར་གིན་ཡོད། རྡོག་ཁྲེས་ཆེན་པོ་ཞིག་༧རྒྱལ་བ་རིན་པོ་ཆེས་བསྣམས་ཡོད། ༧རྒྱལ་བ་རིན་པོ་ཆེ་ལ་ཤ་ཚ་དང་གུས་ཞབས། བརྩེ་དུང་ཡོད་ན། རྡོག་ཁྲེས་དེ་གང་ཐུབ་ཀྱིས་ཚུར་བླངས་ཏེ་སོ་སོས་འཁུར་དགོས། ༧རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུ་ཡིན་ཟེར་མཁན་བཀའ་བློན་ཁྲི་པ་ཞིག་གིས་ཕན་ཐོགས་མི་འདུག བཀའ་བློན་ཁྲི་པ་ཁོ་རང་ལ་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་དགོས། ༧རྒྱལ་བ་རིན་པོ་ཆེའི་བཀའ་གསུང་གཅིག་པུ་ལས་བཀའ་བློན་ཁྲི་པར་བསམ་བློ་གཏོང་རྒྱུ་མེད་ན། མི་དམངས་ཀྱིས་བཀའ་བློན་ཁྲི་བ་བདམས་དགོས་དོན་མི་འདུག དེ་འདྲ་ཞིག་བཙལ་དུ་སོང་སྟེ་མ་རྙེད་ན་ང་ལ་འགྱོད་པ་མེད། མ་བཙལ་བར་བསྡད་དེ་བཀའ་ཁྲི་ཐེབ་ཆག་ཅིག་བྱུང་བ་ཡིན་ན་ཕངས་པོ་རེད།
དྲི་བ། ད་ལྟའི་བར་བཀའ་བློན་ཁྲི་པའི་སྲིད་བྱུས་དེ་ངེས་པར་དུ་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་མཐུན་དགོས་པ་རེད། དེས་ན་ཆབ་སྲིད་ཀྱི་ལྟ་བ་མི་འདྲ་བ་འཛིན་མཁན་རིགས་ཀྱི་ལམ་ཁ་འགག་གི་མ་རེད་དམ།
ལན། བཀའ་བློན་ཁྲི་པའི་འོས་གཞིའི་ནང་སླེབས་པར་༧རྒྱལ་བ་རིན་པོ་ཆེའི་བཀའ་མི་བརྩི་མཁན་ཞིག་ཕལ་ཆེར་སླེབས་གི་མ་རེད། གལ་ཏེ་སླེབས་ཀྱང་མང་ཚོགས་ཀྱིས་འོས་ལྡུག་གི་མ་རེད། ངས་གོང་དུ་ཞུས་པ་བཞིན་ལས་དོན་འདི་ལམ་འགྲོ་བྱུང་བ་ཡིན་ན། མི་བཅོ་ལྔ་ཉི་ཤུ་ཏན་ཏན་སླེབས་གི་རེད། རིམ་ཀྱིས་མང་པོ་ཞིག་ཟགས་འགྲོ་གི་རེད། སྐད་ཆ་དང་འཐབ་ཇུས་དེ་ཙམ་མེད་ན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སླེབས་གི་མ་རེད། སྐད་ཆ་བཤད་རྒྱུ་ཡོད་མཁན་དང་ལྟ་བ་ལངས་ཕྱོགས་བརྟན་པ། ཐབས་དང་བློ་བཀོད་ཡོད་པ་དེ་ཚོ་སླེབས་ཡོང་གི་རེད། རང་བཙན་རྩོད་མཁན་ཡིན་ཡང་མི་རིགས་དང་རྒྱལ་ཁབ་ལ་ཤ་ཞེན་ཡོད་མཁན་རེད། རང་བཙན་བརྩད་པ་ཙམ་གྱིས་༧རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་དགག་བྱ་བྱས་པ་དེ་འདྲ་མ་རེད། དམངས་གཙོ་ངོ་མ་དེ་གང་རེད་ཟེར་ན། མི་དམངས་ལ་ཡིད་ཆེས་དགོས་པ་རེད། མི་དམངས་ལྐུགས་པ་རེད་ཟེར་རྒྱུ་ཡོད་པ་མ་རེད། གལ་སྲིད་རང་བཙན་རྩོད་མཁན་ཞིག་བཀའ་བློན་ཁྲི་པའི་འོས་གཞིའི་ནང་སླེབས་ན། རང་བཙན་གྱི་ལེགས་ཉེས་དང་ཁོའི་ལྟ་བ་དང་འཆར་གཞི་མི་དམངས་ལ་གསལ་བོ་བཟོས་རྗེས། མི་དམངས་ཀྱིས་ཡིད་ཆེས་བྱས་ཏེ་འོས་འདེམས་བྱུང་བ་ཡིན་ན། དེ་ནི་རྒྱ་ཆེའི་མི་དམངས་ཀྱིས་ཐད་ཀར་བསྐོས་པ་ཡིན་སྟབས། ༧རྒྱལ་རིན་པོ་ཆེ་ཡིས་ཀྱང་རྒྱབ་སྐྱོར་གནང་གི་རེད། ང་རང་གི་རེ་བར་ ༢༠༡༡ གི་ལོ་མགོ་དང༌། ཡང་ན་ ༢༠༡༠ ལོ་མཇུག་ཙམ་ལ་མཐུན་སྐྱེན་བྱུང་ན་སྡིངས་ཆ་ཞིག་སྐྲུན་ཏེ། མི་དམངས་དང་གསར་འགྱུར་བརྒྱུད་ལམ་མང་པོར་ཁོང་ཚོའི་ལྗིད་ཁོག་ཅིག་མཇལ་དུ་བཅུག་ན་བསམ་ཡོད།
དྲི་བ། ལས་འགུལ་འདིའི་ཤུགས་རྐྱེན་འོག་ནས་མ་འོངས་པར་ཚོགས་པ་སྣ་མང་གི་ཆབ་སྲིད་ལམ་ལུགས་དེ་འདྲ་ཡོང་རྒྱུར་བསམ་བློ་གཏོང་གིན་ཡོད་དམ།
ལན། འོས་གཞིར་ལངས་མཁན་ཚོས་ཆབ་སྲིད་ཀྱི་ལྟ་བ་མི་འདྲ་བ་བཟུང༌། དེ་དག་གི་སྐད་ཆར་ལྗིད་ཁོག་ཡོད་ན་རང་བཞིན་གྱིས་ཆབ་སྲིད་ཚོགས་པ་ཆགས་འགྲོ་གི་རེད། ཚོགས་པ་དང་ལྟ་བ་གང་འདྲ་ཞིག་འཁྱེར་ཡོང་ནའང་བཀའ་བློན་ཁྲི་པ་བློ་སྟོབས་ཅན་ཞིག་ཡིན་དགོས་གི་འདུག ལོ་ལྔའི་རིང་ལ་མི་དམངས་ཀྱིས་དབང་ཚད་བརྒྱ་ཆའི་བརྒྱ་ཁོ་ལ་སྤྲོད་གི་རེད། ང་ཚོའི་ལས་འགན་གལ་ཆེ་ཤོས་རྒྱ་བོད་ཞི་འགྲིག་རེད། རྒྱ་བོད་ཞི་འགྲིག་དེའི་ཐོག་ལ་བཀའ་བློན་ཁྲི་པས་འགན་གཙང་མ་འཁྱེར་དགོས། འགན་ལྕི་ཤོས་དེ་༧རྒྱལ་བ་རིན་པོ་ཆེའི་སྟེང་ལ་བཞག་སྟེ། བཀའ་བློན་ཁྲི་པ་ནང་སྲིད་ཐོག་མགོ་འཁོར་བསྡད་ན་འགྲིག་གིན་ཡོད་པ་མ་རེད། བཀའ་བློན་ཁྲི་པ་དེ་༧རྒྱལ་བ་རིན་པོ་ཆེའི་ཕྱག་གཡས་པ་ལྟ་བུ་རེད། རྒྱ་ནག་དང་སྐད་ཆ་བཤད་ཐུབ་པ། ཕྱིའི་རྒྱལ་ཁབ་ཁག་ཏུ་འབྲེལ་བ་འཛུགས་ཐུབ་པ། འཛམ་གླིང་གི་ཆབ་སྲིད་འཕོ་འགྱུར་དང་བསྟུན་ཏེ། བོད་པའི་ཆབ་སྲིད་ཐོག་ཁེ་ཕན་རྩོད་ལེན་ཐུབ་མཁན་ཞིག་ཡིན་དགོས། དུས་ཚོད་འགྱུར་གི་ཡོད། བཀའ་བློན་ཁྲི་པས་དུས་ཚོད་ལ་གཟིགས་ཏེ། སྔོན་མ་ཐག་གཅོད་བྱུང་ཡོད་ཀྱང༌། དེ་ལ་གྲུབ་འབྲས་མེད་ན། བསྐྱར་དུ་ཚོགས་འདུ་བསྐོངས་ཏེ་རྩ་དོན་ལ་གོ་བསྡུར་བྱས་ཆོག མི་འགའ་ཤས་ཀྱིས་ཟམ་གདོང་རིན་པོ་ཆེ་བསྐྱར་དུ་ཕེབས་ན་ཡག་པོ་འདུག་ཟེར། དེ་ནོར་འཁྲུལ་རེད། ག་ཚོད་འཇོན་ཡང་ང་ཚོའི་དམངས་གཙོ་དེ་མི་གཅིག་ལ་ཐུག་བསྡད་ན། དམངས་གཙོ་སྐྱོ་བོ་ཞེ་དྲག་རེད། མི་གསར་བར་གོ་སྐབས་ཤིག་སྤྲོད་དགོས་པ་རེད།
དྲི་བ། ད་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་འགྲན་རྩོད་ཁྲོད། ཨོ་བྷ་མས་འགྱུར་བ་ཞེས་པའི་འབོད་ཚིག་འོག་ལས་འགུལ་སྤེལ་བ་རེད། དེ་བཞིན་སྐུ་ཉིད་ཀྱིས་ཁ་ཉིན་རྡ་སའི་མི་དམངས་ལ་ལས་འཆར་འདིའི་སྐོར་གསལ་བསྒྲགས་གནང་སྐབས་ས྄ུའང་འགྱུར་བ་དང་གདམ་ཀ་ཅེས་པའི་འབོད་ཚིག་འདི་བཀོད་འདུག འདིའི་ཐད་གསལ་བཤད་འདྲ་ཡོད་དམ།
ལན། ད་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ཁྲོད་ང་ལ་བསམ་ཚུལ་གསར་བ་ཞིག་སླེབས་སོང༌། སྔོན་མ་དང་བསྡུར་ན། ད་ལོ་འཁྲིག་ཆ་དོད་པོ་འདུག ཨོ་བྷ་མ་ཡི་སྐད་ཆ་བཤད་སྟངས་དང་རྣམ་འགྱུར་སྟོན་སྟངས་དེས་ནམ་རྒྱུན་ཆབ་སྲིད་ཐོག་དོ་སྣང་མེད་མཁན་གཞོན་སྐྱེས་མང་པོ་ཞིག་ལ་དོ་སྣང་དང་ཆབ་སྲིད་ནང་འཛུལ་ཞུགས་ཀྱི་འདོད་པ་སླེབས་ཡོད། དེ་གནད་འགག་ཅིག་ཏུ་མཐོང་སོང༌། ང་ཚོའི་སྤྱི་ཚོགས་ནང་དུའང་གཞོན་སྐྱེས་ཚོར་དེ་འདྲའི་གོ་སྐབས་ཤིག་སྤྲོད་དགོས་གི་འདུག ད་ལྟའི་ཆར་གཞོན་སྐྱེས་མང་པོ་ཞིག་གིས་དོ་སྣང་བྱེད་གི་མི་འདུག གངས་སྐྱིད་མ་མཐོང་མཁན་མང་པོ་ཡོད། དེ་ཚོའི་ཡིད་འགུག་ཐབས་ལའང་བསམ་བློ་ཞིག་གཏོང་དགོས་པ་རེད། ང་ཚོའི་རྩ་དོན་རྒྱུན་རིང་པོར་སེལ་མ་ཐུབ་པ་ཡིན་ན་གཞོན་སྐྱེས་ཚོའི་ཕྲག་ཏུ་བབ་ཡོང་གི་རེད།
དྲི་བ། བོད་པའི་སྤྱི་ཚོགས་ནང་དུ་མི་སོ་སོའི་སེམས་ཀྱི་གོ་ས་མཐོ་ཤོས་དེ་ཆོས་ལུགས་ཀྱི་དབུ་ཁྲིད་དག་རེད། དེ་བཞིན་ཆབ་སྲིད་ཀྱི་ལས་གནས་སུ་ཡོང་བཞིན་པ་དག་ཀྱང་བླ་སྤྲུལ་དང་ཆོས་ལུགས་མི་སྣ་ཤུགས་ཆེན་པོ་རེད། འདིའི་ཐད་བསམ་ཚུལ་འདྲ་ཡོད་དམ།
ལན། ང་རང་གི་བསམ་ཚུལ་ལྟར་ན་བཀའ་བློན་ཁྲི་པ་དེ་ངེས་པར་དུ་སྐྱ་བོ་ཞིག་ཡོང་ན་ཡག་པོ་འདུག ཕོ་མོ་ལ་ཁྱད་པར་མི་འདུག གལ་ཆེ་ཤོས་དེ་ཆབ་སྲིད་ཐོག་ལས་ཀ་དག་དག་བྱེད་ཐུབ་པ་ཞིག མི་དམངས་ཀྱི་ཁེ་ཕན་དག་དག་རྩོད་ཐུབ་མཁན་ཞིག་དགོས་གི་འདུག མཚམས་རེར་སོ་སོའི་ལྟ་བར་སྒྱུར་བཀོད་གཏོང་དགོས་སྲིད་པ་རེད། བླ་མ་དང་གྲྭ་བ་ཡིན་ན། འདིའི་ཐོག་མཚམས་རེར་དཀའ་ངལ་འཕྲད་སྲིད། དཔེར་ན། ཟམ་གདོང་རིན་པོ་ཆེ་དང་༧རྒྱལ་བ་རིན་པོ་ཆེ་ལྟ་བུར་མཚོན་ན། དེ་རིང་འདི་བཤད་སང་ཉིན་གཞན་ཞིག་བཤད་པ་དེ་འདྲ་ཡོད་པ་མ་རེད། དེའི་ཐོག་ནས་མཚམས་རེར་རྒྱ་ནག་གིས་ཁེ་ཕན་ལེན་གི་མེད་འགྲོ་བསམ་གི་འདུག
དྲི་བ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གི་བཀའ་བློན་ཁྲི་པའི་དབང་ཚད་ལ་འགྱུར་བ་གཏོང་དགོས་གི་འདུག་གམ།
ལན། ང་རང་ ༡༩༩༡ ནས་ ༡༩༩༦ ལོ་བར་སྐབས་བཅུ་གཅིག་པའི་སྤྱི་འཐུས་བྱས་པ་ཡིན། སྐབས་དེ་དག་ཏུ་ངས་རྟག་པར་བཀའ་ཤག་ལ་འགྱུར་བ་གཏོང་དགོས་གི་འདུག སྐབས་དེའི་བཀའ་བློན་འདེམས་སྟངས་འགྲིག་གིན་མི་འདུག་ཟེར་གི་ཡོད། རྗེས་སུ་དེ་ལ་འགྱུར་བ་ཕྱིན་པ་རེད། ད་ཆར་བཀའ་བློན་ཁྲི་པར་ནུས་པ་ཡོད་ན་དབང་ཚད་མཐོ་ཤོས་དེ་ཡོད་པ་རེད།
དྲི་བ། བཀའ་བློན་ཁྲི་པའི་འོས་བསྡུའི་སྐོར་གྱི་དྲ་རྒྱ་བརྒྱུད་དེ་གཞིས་བཞུགས་མི་དམངས་ཀྱི་བསམ་ཚུལ་ལེན་ཕྱོགས་དེ་གང་འདྲ་ཡིན་ནམ།
ལན། དེ་ཞེ་དྲག་གནད་འགག་རེད་བསམ་ཡོད། ངས་ལས་ཀ་མང་པོ་བྱེད་གི་ཡོད། རྒྱ་མི་དང་མཉམ་དུ་འབྲེལ་བ་བྱེད་གི་ཡོད། རིམ་གྱིས་ང་རང་གིས་དྲ་རྒྱ་བརྒྱུད་དེ་གཞིས་བྱེས་གཉིས་ཀྱི་ཟམ་པ་ཟེར་བ་ཞིག་བཟོ་འདོད་ཡོད། བོད་ནང་དུ་བོད་ཡིག་ཐོག་ཏུ་ཟིན་བྲིས་སྟོང་ཕྲག་ ༡ ཙམ་འདུག དེ་ལ་ཉམས་ཞིབ་བྱེད་མཁན་ཡོད་པ་མ་རེད། རྒྱ་ནག་ནང་བོད་རྒྱའི་སྐོར་ལ་ཟིན་བྲིས་སྟོང་ཕྲག་ ༤ ལྷག་ཙམ་འདུག དེ་དག་ལ་ཉམས་ཞིབ་བྱ་རྒྱུ་དེ་གལ་ཆེན་རེད། ལྷག་པར་དུ་བོད་ནང་དུ་ཡོད་པའི་གཞོན་སྐྱེས་ཚོར་བསམ་ཚུལ་ཅི་ཞིག་འདུག དེ་དག་བྱེས་སུ་ཡོད་པའི་བོད་རིགས་ཚོས་ངེས་པར་དུ་མཁྱེན་དགོས། ད་སྔ་དེ་ལ་ཉམས་ཞིབ་བྱེད་མཁན་ཡོད་པ་མ་རེད། དེ་བཞིན་བྱེས་སུ་ཡོད་པའི་བོད་རིགས་ཚོའི་རྩོམ་ཡིག་དང་བསམ་ཚུལ་དག་བོད་ནང་ནས་མཐོང་ཐུབ་ཡོད་པ་མ་རེད། བོད་ཡིག་ནང་ཡོད་པ་དག་དབྱིན་ཡིག་ནང་བསྒྱུར། དབྱིན་ཡིག་ནང་ཡོད་པ་བོད་ཡིག་ནང་བསྒྱུར་ཏེ། བོད་ཕྱི་ནང་གཉིས་ཀས་རྟོགས་ཐུབ་པའི་ཟམ་པ་ཞིག་ཡོད་ན་ཕན་ཐོགས་ཆེན་པོ་ཡོང་ས་རེད། ཕྱོགས་གཉིས་ནས་ཕན་ཚུན་གྱི་བསམ་ཚུལ་ལ་རྒྱུས་ལོན་བྱ་རྒྱུ་གནད་འགག་རེད།
དྲི་བ། སྐུ་ཉིད་ཀྱི་དྲ་རྒྱའི་ཐོག་ཏུ་བཀའ་བློན་ཁྲི་པའི་འོས་གཞི་ཞིག་ཚུད་པར་ཆ་རྐྱེན་གང་ཞིག་ཚང་དགོས་སམ།
ལན། བཀའ་བློན་ཁྲི་པའི་འོས་མིའི་འགེངས་ཤོག་དེ་ང་ལ་རག་སྐབས། དེ་ལ་མི་ ༢༥ ཡིས་རྒྱབ་སྐྱོར་དང་བཅས་ཆ་རྐྱེན་ཚང་ཡོད་ན། ངས་ཁོང་ལ་ཡིད་ཚོད་ལྟར་དྲི་བ་གསུམ་འགོད་གི་རེད། དཔེར་ན། དང་པོ། རྒྱ་བོད་ཞི་འགྲིག་ཡོང་ཐབས་ཐད་ཁྱེད་རང་ལ་བསམ་ཚུལ་དང་འཆར་གཞི་གང་འདྲ་ཡོད། གཉིས་པ། རྒྱ་བལ་འབྲུག་གསུམ་ནང་གི་གཞོན་སྐྱེས་མང་པོ་གྲོང་ཁྱེར་ཆེ་ཁག་དང་ཕྱི་རྒྱལ་དུ་སོང་སྟེ། གཞིས་ཆགས་མང་པོ་སྟོང་ལ་ཉེ་བའི་དཀའ་ངལ་དེ་དག་འགོག་ཐབས་གང་འདྲ་ཡོད། གསུམ་པ། བཙན་བྱོལ་ནང་བོད་མི་ཆིག་འབུམ་བཞི་ཁྲི་ཙམ་ཡོད་པ་རྣམས་རྒྱལ་ཁབ་དང་ས་གནས་མང་པོར་འཐོར་ཏེ། བོད་པའི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་མང་པོ་ཞིག་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་བསྐྱར་གསོ་བྱ་ཐབས་ཅི་ཞིག་ཡོད་དམ། ཞེས་པ་ལྟ་བུ་རེད། དེ་དག་ཡོངས་རྫོགས་དྲ་རྒྱའི་སྟེང་འཇོག་གི་རེད། བོད་ནང་དམིགས་བསལ་རེད། རྒྱ་གར་ནང་ཡིན་ན་དེའི་སྟེང་བསམ་ཚུལ་དང་རྩོམ་ཡིག་སྤེལ་འདོད་ཡོད་ན། མིང་ངོ་མ་དང་གློག་འཕྲིན་ཁ་བྱང༌། ཁ་པར་ཨང་སོགས་གསལ་བོ་དགོས་པ་རེད།
ཨ་རོགས་རྣམ་གཉིས། སྨྱོན་པ་འམ་ར་བཟི་ག་རེ་ཡིན་ན་ཁྱད་པར་ཀྱང་མི་འདུག གང་ལྟར་བོད་དོན་ལ་འདི་འདྲའི་ལར་ཞེན་ཆེ་བ་ཡག་པོ་རེད། འོན་ཀྱང་རྗེས་སུ་ཁ་གསལ་པོ་རེ་འབྲི་རོགས་ང་ཚོ་ལ་བསམ་བློ་རྨོངས་པའི་ཁར་ཡིག་རྨོངས་ཡང་མང་པའི་ལ་ལ་རེའི་གོ་བ་ལོན་རྒྱུ་ཁེགས་པོ་ཡིན་པ་འདྲ་ཡང་ཅིག་ཤོད་རྒྱུར་ང་ཚོ་རྒྱ་ནག་གི་དམར་ཁྲིམས་འོག་མེད་པས་དེ་འདྲའི་གབ་བྱ་བྱེད་དགོས་དོན་ཨེ་ཡོད་སྙམ།
ཨ་རོ་བོད་མིང་ཅན། བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་ལ་སོང་ན་སོང་བརྗོད་ཀྱི་མེད་པར་ཁྱོད་ཀྱིས་དོན་མེད་ཀྱི་ཉོག་གཏམ་ཁུར་མ་ཡོང་། ཁྱོད་ཀྱི་དངོས་གནས་ཤེས་གི་མེད་དམ་ཡང་ན། ཨ་བོ་ཧོར་འདྲ་བར་འདོབས་བཤད་ཀྱི་ཡོད། གང་ལྟར་བོད་ཀྱི་གནད་དོན་སེལ་དགོས་ན་བོད་ནང་ཛ་དྲགས་ཅན་ཆགས་དགོས་རེད། སྐབས་དེར་བོད་མི་སྐྱོབས་དགོས་པ་བརྗོད་མི་དགོས་པར་རང་བཞིན་གྱིས་ཐོན་ཡོང་གི་རེད། འདི་ཛ་དྲགས་གི་གྲུབ་དོན་ཡིན། སྨྱོན་པ་གཉིས་གཅིག་མཆོང་གཉིས་མཆོང་བྱས་ནས་ཁྱོད་ལ་སྡུག་པོ་གཏོང་འདོད་མིན་ཡང་འདི་འདྲ་བོ་ཞིག་ཆག་གི་འདུག།
བོད་མི་རིགས་ཀྱི་ཆེད་དུ་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་ལས། ནང་ཁུལ་གྱི་ཆོས་རྒྱུད་དང་ཆོལ་ཁའི་དོན་དུ་་བོད་མི་རིགས་འཐོར་ཞིག་ཏུ་མི་འགྲོ་ཆེད་བསམ་ཚུལ་འདི་སྤེལ་བ་རེད། ཆོལ་ཁ་གསུམ་ནི་བོད་མི་རིགས་ཀྱི་མངའ་སྡེ་ཆེན་པོ་གསུམ་དུ་ངོས་འཛིན་ཆོག་པ་དང་། ཆོས་རིགས་ནི་བོད་མི་རིགས་ཀྱི་ཁྱད་འཕགས་ཀྱི་གཅེས་ནོར་ཞིག་ཡིན་པས་བརླག་ཏུ་འཇུག་ག་ལ་རུང་། འོན་ཀྱང་བོད་མི་རིགས་ནི་ཐམས་ཅད་ཀྱི་ནང་གི་ནོར་བུ་ནང་བཞིན་རྩ་ཆེ་ཤོས་བརྩི་དགོས་པ་རེད། ང་ཚོ་རིག་གཞུང་ལ་ལོངས་སྤྱོད་མཁན་གྱི་བདག་པོ་ཡིན་པ་ལས་རིག་གཞུང་གི་གཡོག་པོ་ལྟ་བུ་ཡིན་པའི་ཡིད་ཆེས་བྱེད་མི་རུང་།
གང་ལྟར་གང་ཆོས་ཞེན་དང་ཆོལ་ཞེན། ནོར་ཞེན་སོགས་ཡོད་ཚད་བོད་ཞེན་ལས་ཆེ་བ་ཡིན་མི་རུང་། དེ་ཚོའི་ཆེད་དུ་བོད་མི་རིགས་ཀྱི་ཆིག་སྒྲིལ་ལ་དོ་ཕོག་གཏོང་མི་རུང་བ་དེ་རེད། ཆོས་དང་རིག་གཞུང་ནི་བོད་མིས་བསྐྲུན་པ་ལས། ཆོས་རིག་ནི་བོད་མི་རིགས་འདི་བསྐྲུན་པ་པོ་མ་རེད། ཆོས་རིག་མེད་པའི་སྔོན་ལ་བོད་མི་རིགས་ཡོད་པ་རེད།
རྒྱ་མི་རིགས་ལ་ལྟོས་དང་། དམར་ཕྱོགས་དང་དམངས་གཙོ་བར་གྱི་འཐབ་རྩོད་རྣོ་ངར་ཅི་ཙམ་ཆེ་ནའང་། རྒྱ་མི་རིགས་ཀྱི་ལ་རྒྱ་ལ་ཐུག་ཚེ་ཚང་མ་མཉམ་རུབ་བྱས་ནས་ང་ཚོའི་གདོང་ལ་ལངས་ཡོང་གི་ཡོད་པ་ད་ལོ་མཐོང་ཡོད་ཤག་རེད། ང་ཚོའི་ནང་ཁུལ་ཆོས་ལུགས་དང་འབྲེལ་བའི་མི་མཐུན་པ་ཕྲན་བུ་ཨང་དང་པོར་བརྩིས་ནས། བོད་མི་མང་པོ་དམར་གསོད་གཏོང་བཞིན་པའི་སྐབས་ལའང་། བོད་མི་འབུམ་ཕྲག་མང་པོ་གསོད་མཁན་གྱི་ལག་དམར་རྒྱ་མི་དང་བསྡོངས་ནས་གྱི་བོད་པར་རྒོལ་བའང་མཐོང་ཡོད་ཤག་རེད།
མ་གཞི་ཉིད་ཀྱིས་ཡག་པོ་མ་ཀློག་པ་འདྲ། བོད་མི་རིགས་ནི་ཆོས་རིགས་ཀྱི་སྙིང་ལྟ་བུ་རེད་ཅེས་ལ་གོ་ཡག་པོ་ཞིག་ལེན་རོགས། སུ་ཞིག་གིས་ཆོས་རིག་བརླག་ན་སྐྱོན་མེད་ཚུལ་བཤད་ཀྱི་འདུག་གམ།
དྲ་གྲོགས་སྨྱོན་པ་རྣམ་གཉིས་ལགས། ད་ཁྱེད་གཉིས་སྨྱོས་པའི་སྒང་ལ་ར་བཟི་ཡོད་པ་འདྲ། བོད་ཀྱི་ཆོས་དང་རིག་གཞུང་མེད་པར། བོད་པ་ཟེར་བ་དེ་ཇི་ལྟར་ངོས་འཛིན་བྱེད་དགོས་པ་རེད། མི་རིགས་སུ་ཞིག་ལ་མཚོན་ན་ཡང་མི་རིགས་དེའི་རིག་གཞུང་བརླག་སོང་བ་ཡིན་ན། མི་རིགས་ཤིག་ལ་ངོས་འཛིན་བྱེད་ཐུབ་མེད་པ་ཆགས་ཚར་བ་རེད། མི་རིགས་དེའི་རིག་གཞུང་གནས་པ་དེ་སྲིད་དུ་མི་རིགས་དེ་ཡང་གནས་ཡོད་པར་ངོས་བཟུང་ན་འགྲིག་གི་ཡོད་པ་ལས། དེ་ནས་ད་ཚར་སོང་བ་རེད། འཛམ་གླིང་འདི་ན་ཚར་སོང་བས་མི་རིགས་མང་བོ་ཞིག་བརླག་ཚར་བ་ནས་བརླག་བཞིན་པ་དེ་ཚོ་ཡང་རིག་གཞུང་མེད་སྟབས་ཡིན་པ་ཁྱེད་གཉིས་ཀྱི་མ་ཤེས་པ་ཡིན་རྒྱུ་མ་རེད།
བཀའ་བློན་ཁྲི་པའི་འོས་མིའི་འགེངས་ཤོག་དེ་ང་ལ་རག་སྐབས།བསམ་ཚུལ་གང་ཙམ་ཡོད།
ང་སྟག་སྨྱོན་གི་བསམ་ཚུལ་ལ་འདོད་པ་གང་ཙམ་ཡོད། ད་སྐབས་ཉིན་ཁ་ནས་སྐྱོབས་ཞེས་པ་འདི་སྡར་སྐད་རེད། ཉེན་ཁ་འདི་ལས་ལྷག་འཕྲད་སྲིད། རྒྱུ་མཚན་རྒྱལ་ཁབ་སྟོབས་ཆེན་ཞིག་ལ་གྲངས་ཉུང་མི་རིགས་ཞིག་གི་ཁ་གཏད་བྱེད་ཀྱི་ཡོད་པའི་ཡིན།
བོད་མི་རིགས་ནི་བོད་ཀྱི་ཆོས་དང་རིག་གཞུང་གི་སྙིང་ལྟ་བུ་དེ་ཡིན་པ་ལས། ཆོས་དང་རིག་གཞུང་བོད་མི་རིགས་ཀྱི་སྲོག་མ་རེད། དེའི་ཕྱིར་མི་རིགས་ཞེས་པ་ཨང་དང་པོ་འཇོག་དགོས་པ་རེད།
དྲ་གྲོགས་སྟག་སྨྱོན་ལགས་སུ་ཞུ་རྒྱུར། ཁྱེད་རང་གི་བསམ་ཚུལ་འདི་མི་དམངས་ལ་ག་ལེར་གསལ་བཤད་བྱེད་ཐུབ་ན་ཡག་པོ་རེད། ཡིན་ཡང་་ད་སྐབས་ཀྱི་དུས་ཚོད་འདི་ནི་ཉེན་ཁ་ནས་སྐྱོབས་
བོད་མི་རིགས་གནས་དང་མ་གནས་ཟེར་བ་དེའང་གཙོ་བོ་ཆིག་སྒྲིལ་ཞེས་པ་དེར་ཐུག་ཡོད་པ་རེད། རྒྱ་ནག་གི་ལག་འོག་ནས་རྒྱལ་དང་མ་རྒྱལ་ཟེར་བའང་གཙོ་བོ་ཆིག་སྒྲིལ་ཡོང་མིན་ལ་ཐུག་རེད། ད་བར་དུ་བོད་མི་ཚོ་ཆོས་ལུགས་ཀྱི་འོག་ཏུ་ཆིག་སྒྲིལ་ཙམ་བྱུང་ཡོད་། འོན་ཀྱང་དོན་དངོས་སུ་ང་ཚོ་བོད་མི་རིགས་ཞེས་པའི་ཚིག་འདིའི་འོག་ཏུ་ཆིག་སྒྲིལ་ཡོང་རྒྱུ་གལ་ཆེན་པོ་རེད། ཆོས་ལུགས་ནི་མི་རིགས་ཀྱི་རྒྱུ་ནོར་སྣ་གཅིག་ཡིན་པ་ལས་ཡོད་ཚད་མ་རེད། བོད་མི་ཚང་མས་བོད་མི་རིགས་ཞེས་པ་འདི་ཚང་མའི་ནང་ནས་གལ་ཆེ་ཤོས་ཡིན་པ་ངོས་ཟིན་པ་ཡིན་ན་དེ་ནས་ང་ཚོར་རེ་བ་སླེབས་པ་རེད། དཔེར་ན་ཤུགས་ལྡན་ཕྱོགས་ཁག་ཚོས་བོད་མི་རིགས་ཞེས་པ་སྣང་མེད་དུ་བཏང་ནས། ཆོས་ལུགས་དང་འབྲེལ་བའི་གླེང་རྙོག་ཆུང་ཆུང་ཞིག་ལ་ཁ་གཡར་ནས་བོད་མི་རིགས་ཞེས་པ་འདི་ལ་གཏོར་བཅོམ་ཐེབས་རྒྱུར་འཛེན་ཟོན་བྱེད་ཀྱི་མེད་པ་རེད། གལ་སྲིད་ཁོ་ཚོའི་སེམས་ནང་བོད་མི་རིགས་ཞེས་པ་འདི་གལ་ཆེ་ཤོས་ཆགས་ཡོད་ན། བོད་མི་འབུམ་ཕྲག་མང་པོ་གསོད་མཁན་གྱི་རྒྱ་དམར་དང་ལག་འབྲེལ་བྱེད་ཕོད་མི་སྲིད་པ་ཞིག་རེད། འོན་ཀྱང་དེ་ཚོའི་སེམས་ནང་དཔལ་འབྱོར་དང་ཆོས་ལུགས་དང་འབྲེལ་བའི་ནང་ཁུལ་གྱི་གནས་ཚུལ་ཆུང་ཆུང་ཞིག་བློས་གཏོང་མ་ཐུབ་པ་ཧ་ཅང་ཐབས་རྡུགས་རེད།
གང་ལྟར་བོད་མི་རིགས་ཞེས་པ་འདི་ཆོས་ལུགས་དང་དཔལ་འབྱོ་སོགས་ལས་ཀྱང་རྩ་ཆེན་པོ་ཡིན་པ་ཚང་མས་ངོས་ཟིན་དགོས་པ་རེད། བོད་མི་རིགས་མེད་པ་ཆགས་ན་བོད་ཀྱི་ཆོས་ལུགས་ནི་དེ་ལས་ཀྱང་སྔ་ཙམ་ནས་བརླག་འགྲོ་གི་རེད། བོད་མི་རིགས་འདི་བརྟན་པོ་འཚོ་ཐུབ་པ་ཡིན་ན། དེའི་ཆོས་དང་རིགས་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུར་ནུས་པ་འདང་གི་ཡོད་པ་རེད།
༨༡༽ སྟག་སྨྱོན་ནས།
སྤྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༢ གི་ཆུ་ཚོད་ ༤ སྐར་མ་ ༢༢
little knowledge is danger.”ཕྲན་བུའི་ཤེས་ཡོན་ཉེན་ཁ་ཆེ་ཟེར”བའི་དཔེ་ལྟར་བོད་མི་རིགས་འདི་ཕྱི་ནང་གཉིས་ཀའི་ཉེན་ཁའི་ནང་ཚུད་འདུག
དང་པོ། བོད་མི་ཡིག་རྨོངས་ནས་ཡི་གེ་ཤེས་མཁན་གྱི་གྲངས་འབོར་མང་དུ་སོང་ཡོད་ཀྱང་། ཚད་ཧ་ཅང་དམའ་བོ་ཡིན་པས་མི་རིགས་དང་མི་རིགས་ཀྱི་ཆོས་རིག་གི་ཚེ་སྲོག་སྲིང་རྒྱུར་ཕན་རྒྱུ་ལས་ལྡོག་ཏེ། བོད་མི་རིགས་འཐོར་ཞིག་གི་དཀྲོགས་གཏམ་དང་། རང་ཉིད་ཀྱི་རིག་གཞུང་ལ་འཁྱོག་བརྗོད་བྱེད་ཐུབ་ཙམ་གྱི་ཤེས་ཡོན་པ་ཀླད་ལོག་ཆར་རྗེས་ཀྱི་ཤ་མོ་ལྟར་མང་དུ་འགྲོ་གི་ཡོད་པ་ལས། མི་རིགས་ཀྱི་བདེ་སྡུག་ལ་འགྱུར་བ་གཏོང་ནུས་མཁན་གྱི་ཤེས་ཡོན་པ་ཚད་ལོངས་པ་མོ་གཤམ་གྱི་བུ་ལས་དཀོན་པར་མཐོང་ངོ།
གཉིས་པ། འཛམ་གླིང་གི་མི་རིགས་གཞན་པ་ཚོར་དབུ་ཁྲིད་སངས་རྒྱས་གསོན་པོ་ཞིག་མི་དགོས་པར། མི་དམངས་རང་གིས་རྒྱལ་ཁབ་དང་རིག་གཞུང་འཛིན་སྐྱོང་བྱེད་བཞིན་མདུན་ནས་མདུན་དུ་བསྐྱོད་ཀྱི་ཡོད་ཀྱང་། བོད་མི་རིགས་ལ་༧རྒྱལ་བ་རིན་པོ་ཆེ་ལྟ་བུ་སངས་རྒྱས་མངོན་སུམ་ཞིག་བྱོན་ནས་བདག་སྐྱོང་མ་གནང་ན། འཚོ་གནས་དང་རང་མགོ་མི་ཐོན་པའི་འུ་ཐུག ཁ་གསོན་པོ་དང་ལག་ཤི་བོ། ནམ་ཡང་འཚར་ལོང་བྱུང་རྒྱུ་མེད་པའི་མི་རིགས་ནད་པ་ཞིག་ཡིན་སྟབས། མི་རིགས་འདི་རྩ་མེད་དུ་འགྲོ་རྒྱུ་ལས་འཛམ་གླིང་གི་མི་གྲལ་ནས་འཚོ་གནས་དང་ཐོབ་ཐང་ལོན་མཁན་ཞིག་མིན་པ་གསལ་བོ་རེད།
གསུམ་པ། ད་དུང་ང་ཚོར་ད་ལྟའི་༧རྒྱལ་བ་རིན་པོ་ཆེ་འདི་ཙམ་གྱིས་ཀྱང་མི་འགྲིག་པར་སྐྱེ་རྒ་ན་འཆི་མེད་པར་དགོངས་ལོ་ཁྲི་ཕྲག་ལ་བཞུགས་ཐུབ་མཁན་གྱི་༧རྒྱལ་བ་རིན་པོ་ཆེ་ཞིག་མེད་ན་རང་མགོ་མི་ཐོན་པ་རེད། འོན་ཀྱང་དེ་ལྟ་བུའི་༧རྒྱལ་བ་རིན་པོ་ཆེ་ཞིག་ད་བར་དུ་མ་བྱོན་སྟབས། འུ་ཐུག་ནས་ཡང་སྲིད་འཚོལ་རྒྱུའི་ལམ་སྲོལ་འདི་གསར་བསྟོད་བྱས་ཀྱང་། ཆད་མཐུད་ཀྱི་འགྱུར་ལྡོག་མང་བའི་ལམ་སྲོལ་འདིས་སྐྱོབས་ཞོར་དང་སླུ་ཞོར་ལ་ད་བར་དུ་ཡོང་བ་ཙམ་ལས་ཕྱོགས་ཡོངས་ལ་ཁྱབ་ཐུབ་མེད་སྟབས་བོད་ཡུལ་ཤོར་བ་དང། སླར་ཡང་ལོན་རྒྱུའི་རེ་བ་ཆུང་དུ་འགྲོ་གི་ཡོད་པ་རེད།
བཞི་པ། ༧རྒྱལ་བ་རིན་པོ་ཆེ་ལྟ་བུའི་སངས་རྒྱས་དཀོན་མཆོག་ཅིག་དབུ་ཁྲིད་དུ་མ་བྱོན་ན། གཞན་བོད་མིའི་དབུ་ཁྲིད་ཀྱི་དབུ་ཁྲིད་མི་ཤེས་པ་དང་། བོད་མི་དམངས་ཀྱིས་ཆིག་སྒྲིལ་གྱི་སྟོབས་ཤུགས་བསྐྲུན་མི་ཤེས་པ་སོགས་གླེང་རྒྱུ་མང་ཡང་། བོང་བུའི་ཨ་འབྱོག་ནང་ལ་གསེར་བླུག་པར་དགོས་པ་མེད་དོ།
རྒྱ་ནག་ཀྱང་བོད་མི་རིགས་ལ་མི་སྐྲག་པར་༧རྒྱལ་བ་རིན་པོ་ཆེ་གཅིག་པོར་ཞེད་དགོས་པའི་རྒྱུ་མཚན་གོང་གི་དེ་མ་རེད་དམ། དེ་ནི་བོད་མི་རིགས་ལ་རྒྱུས་ལོན་གྱི་མཐོང་ཆུང་ཞིག་ཀྱང་རེད།
༨༢༽ སྟག་སྨྱོན་ནས།
སྤྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༢ གི་ཆུ་ཚོད་ ༤ སྐར་མ་ ༢༩
བོད་མི་ཚོས་༧རྒྱལ་བ་རིན་ཆེའི་སྐུ་ཚེ་མཛད་འཕྲིན་རྒྱས་བར་ཤོག་ཅེས་སྨོན་ལམ་འདི་གཅིག་པོ་བརྒྱབ་པས་འདང་གི་མེད་དེ། ད་དུང་བོད་མི་རིགས་ཁྲི་ལོ་བརྟན་པར་ཤོག་དང་། བོད་མི་རིགས་ཀྱི་སྐུ་ཚེ་མཛད་འཕྲིན་རྒྱས་པར་ཤོག་ཅེས་བརྗོད་དགོས་པ་དང་། དེའི་ཆེད་དུ་ཆིག་སྒྲིལ་དང་འབད་བརྩོན་ཀྱང་བྱེད་དགོས་པ་རེད།
(ཕྲན་གྱི་བསམ་ཚུལ་མཐུན་ཆེ་བས་འདིར་ཟུར་བཀོད་བྱས་པ་ཡིན)
སྤྱི་ཟླ་བརྒྱད་པའི་ནང་བྲིས་པའི་ཁ་བརྡའི་ནང་གི་མཆན་བུ་བཤུས།
༡༽ སྟག་སྨྱོན་ནས།
སྤྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༢༥ གི་ཆུ་ཚོད་ ༡༣ སྐར་མ་ ༡༥
ང་ཚོས་༧རྒྱལ་བ་རིན་པོའི་ཆེའི་སྒང་ལ་གནོན་ཤུགས་རྐྱང་སྤྲད་ནས་མ་བསྡད་པར། ང་ཚོའི་རང་གི་མངོན་འདོད་དང་ཐབས་ལམ་གང་ཡིན་པ་མང་མོས་ཐག་གཅོད་བྱས་རྗེས། བོད་མི་རིགས་ཀྱི་མངོན་འདོད་དང་ཐབས་ལམ་འདི་ཡིན། དེའི་ཐོག་ལ་རྒྱལ་བ་རིན་པོ་ཆེའང་མཉམ་ཕེབས་དང་མགོན་སྐྱབས་གནང་རོགས་ཞེས་ཞུ་དགོས་སྙམ། བོད་རྒྱལ་ཁབ་ཀྱི་སྣེ་ཁྲིད་པ་བོད་མི་རང་བྱེད་དགོས་པ་ལས། རང་ཉིད་ཀྱིས་ནུས་པ་དང་བསམ་ཚུལ་གང་ཡང་འདོན་མི་ཐུབ་པར། རང་ཉིད་ཕྱི་རྒྱལ་གྱི་ཆབ་སྲིད་མཉམ་ཞིབ་པ་ཞིག་དང་འདྲ་བར་༧གོང་ས་མཆོག་གི་སྐོར་ལ་བསམ་ཚུལ་རྐྱང་བཏོན་ནས་བསྡད་ན་ནོར་འཁྲུལ་རེད། དྲག་པོའི་ཐབས་ལམ་ལ་ནམ་ཡང་རྒྱབ་སྐྱོར་གནང་མི་སྲིད་པ་ལས། དེ་མིན་བོད་མི་ཚོས་མཐའ་གཅིག་དུ་བོད་རང་བཙན་ཁོ་ན་རྩོད་ཀྱི་ཡིན་ཞེས་ཐག་བཅད་ན་ཁོང་གིས་དེ་འགྲིག་གི་མ་རེད། དེ་འདྲ་ཡིན་ན་ང་རྒན་ཡོལ་ལ་ཕེབས་རྒྱུ། ངས་རོགས་པ་ཡང་གནང་མི་ཐུབ་གསུངས་མི་སྲིད།
རྒྱལ་བ་རིན་པོས་གང་གནང་བ་དེ་ཡག་ཤོས་དང་དེ་ལས་ལྷག་ཡོད་པ་མ་རེད་ཟེར་བ་ནི་རྨོངས་དད་ཀྱི་སྲིད་དོན་འཐབ་རྩོད་ཅིག་ཡིན་པས་ནོར་འཁྲུལ་ཆེ། བོད་མི་ཚོས་རང་གི་རེ་བ་ཐད་ཀར་རྒྱལ་བ་རིན་པོ་དང་རྒྱ་ནག་གཉིས་ཀར་བཤོད་ཐུང་ཀྱི་མི་འདུག་སྙམ། བོད་མི་ཚོས་རང་གི་ཐོབ་ཐང་༧རྒྱལ་རིན་པོ་ཆེ་བརྒྱུད་ནས་མ་གཏོགས་ཐད་ཀར་རྒྱ་ནག་ལ་རྩོད་ཐུབ་ཀྱི་མེད་པ་དེ་ནོར་འདུག་སྙམ། གཙོ་བོ་བོད་ནང་ན་པཎ་ཆེན་རིན་པོ་ཆེ་དང་འདྲ་བའི་བོད་མའི་དབུ་ཁྲིད་དཔའ་བོ་མེད་པའི་ཕམ་ཁ་ཆེན་པོ་ཕོག་ཡོད། མདོ་དོན་བོད་ནང་གི་དབུ་ཁྲིད་དང་ཤེས་ཡོན་པ་ཚོས་མི་རིགས་ཀྱི་དོན་དུ་གཏོང་ཕོད་ཆུང་དྲགས་འདུག་སྙམ།
བོད་ནང་གི་གྲ་བཙུན་དང་ཤེས་ཡོན་མེད་པའི་བོད་མི་མང་ཚོགས་ཀྱིས་སྲོག་བཏང་ནས་བོད་དོན་རྩོད་ཀྱི་ཡོད་ཀྱང་། དེ་ལ་ལན་བརྒྱག་མཁན་ནི་དམག་མི་གཅིག་པོ་ལས་ཡོང་གི་མེད་སྟབས་ཡང་ནས་བསྐྱར་དུ་ཕམ་འགྲོ་གི་ཡོད་པ་མཐོང་གསལ་རེད།
མདོ་དོན་བོད་ནང་གི་དབུ་ཁྲིད་དང་ཤེས་ཡོན་ཅན་ཕལ་ཆེ་བས་རྒྱ་གཞུང་ལ་བསྟུན་མཁས་བྱས་ནས་ཁུ་སིམ་སིམ་དུ་བསྡོད་པ་དང་། ཕྱིའི་བོད་མི་ཚོས་རྒྱལ་རིན་པོ་ཆེ་གཅིག་པོ་ལ་གནོན་ཤུགས་སྤྲད་ནས་བོད་རང་བཙན་ལོངས་ཤོག་ཟེར་ནས་སླ་བཅོས་ཁོ་ན་བྱེད་ཀྱི་འདུག བོད་པ་ཚོས་གོང་ས་མཆོག་ལ་ང་ཚོས་ད་བར་དུ་ཁྱེད་ལ་དད་པ་དང་རེ་བ་ཆ་ཚང་བྱས་པ་ཡིན། ཁྱེད་ལ་རྫུ་འཕྲུལ་དང་མངོན་ཤེས་སོགས་ཡོད་བསམ་ཡོད། འོན་ཀྱང་ཁྱེད་ཀྱིས་བོད་རང་བཙན་ད་དུང་ཡང་ལོན་མ་ཐུབ་པ་ཅི་རེད། ཁྱེད་བླ་མ་ཡིན་ས་མ་རེད་ད། མངོན་ཤེས་དང་རྫུ་འཕྲུལ་གྱང་རྫུན་མ་ཡིན་ས་རེད་ད་ཞེས་ཁོང་ལ་གནོན་ཤུགས་སྤྲོད་པ་ནི་བྱིས་པ་གླེན་པ་ཚོས་ལེ་བརྡ་བྱེད་སྟངས་ཙམ་རེད།
བོད་མི་རིགས་ལ་སྟོབས་ཤུགས་ཇི་ཙམ་ཆེ་ན་རྒྱལ་བ་རིན་པོ་ཆེས་བོད་དོན་ཐོག་རྫུ་འཕྲུལ་དེ་ཙམ་སྟོན་ཐུབ་པ་དང་། བོད་མི་རིགས་ནུས་མེད་ཀྱི་ཤི་བོ་ལྟ་བུར་གྱུར་ན་༧རྒྱལ་རིན་པོ་ཆེ་ལ་རྫུ་འཕྲུལ་སྟོན་རྒྱུ་མེད་པ་ཆགས་ངེས་རེད།