མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱལ་དང་བོད་བརྒྱལ།

བོད་ཀྱི་དུས་བབ།
༢༠༠༩/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

གཏམ་འཆལ་བ། མཚོ་མགོ་བ་ཨཱཅཱརྱ་པདྨ་རྡོ་རྗེ།
༄༅། ཇི་སྐད་དུ། སྤྱོད་འཇུག་ལས་རྒྱལ་སྲས་ཞི་བ་ལྷས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མིན། སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་སྟེ། ཞེས་གསུངས་དོན་བཞིན། སྤྱི་ཚོགས་ནང་མགོ་བརྒྱུས་པའི་ཉམས་མྱོང་དང༌། ཆོས་དང་འཇིག་རྟེན་གྱི་གཞུང་ལུགས་ཆེན་མོ་དག་ལ་ཐོས་བསམ་བྱས་པའི་སྤྱངས་འབྲས། སྔོན་མའི་བག་ཆགས་སད་པའི་རྗེས་དྲན་སོགས་གང་གིས་དབེན་པའི་གང་ཟག་གློ་བུར་བ་བདག་འདྲར་གོ་ལ་གཅིག་གྱུར་གྱི་བསམ་ཤུགས་ཆེ་ཞིང་རོ་མཉམ་པའི་ངང་ཚུལ་གྱི་རྒྱལ་ཁབ་དང་མི་རིགས་ལ་ཆེ་མཐོང་དང་ལ་རྒྱ་ཆུང་བའི་དེང་རབས་གསར་པའི་མི་རྣམས་ལ་ཐུགས་ཕན་གསོས་བའི་སྙན་གཏམ་གང་ཡང་ཤོད་རྒྱུ་མི་གདའ། འོན་ཀྱང་དུས་རབས་དང་རྒྱལ་ཁབ་ཀྱིས་བདག་ལ་སྨྲ་བརྗོད་ཀྱི་རང་དབང་གནང་བར་ལོངས་སུ་སྤྱོད་རྒྱུ་བྱུང་བའི་སྐལ་བཟང་གི་རྟེན་འབྲེལ་ཚིག་གསུམ་ཞུ་འདོད་བྱུང༌།

མི་རིགས་སྤྱི་དང༌། ཡང་སྒོས་རང་རེའི་བོད་མི་རིགས་ལ་མཚོན་ན་མི་རབས་གཅིག་ནས་གཅིག་ཏུ་འཕོ་འགྱུར་བྱེད་པའི་སྐབས། མི་རབས་གོང་མ་དང་ཕྱི་མིའི་དབར་རྩི་ས་སྤྲོད་རྩིས་ལེན་ཞིག་བྱེད་དགོས་པ་ནི་སྣོད་བཅུད་ཀྱི་འཇིག་རྟེན་གྲུབ་པ་ནས་ད་བར་བྱུང་ཡོད། དེ་ཡང་ལོ་རྒྱུས་ཀྱི་བྱུང་རབས་རྣམས་ལ་ཕྱི་མིག་གཅིག་བལྟས་ཚེ། བོད་མི་ཚོའི་བླང་དོར་གྱི་བློ་མིག་ཡོངས་སུ་མ་སྨིན་པའི་དུས་རབས་གོང་མ་མང་དག་ཅིག་ཏུ། ཕྱི་འབྱུང་སྤུན་ཟླ་ཚོརཚེ་འདི་ཁོ་ནའི་ཕན་བདེ་བསྒྲུབ་རྒྱུར་ཐོབ་གོ་ས་དང༌། གཡོག་མི་སེར། དཔལ་འབྱོར་ལོངས་སྤྱོད། གཞིས་ཀ་སོགས་འཇིག་རྟེན་རང་དགའ་བའི་དངོས་ཟོག་ཤ་སྟག་རྩིས་སྤྲོད་བྱས་ཏེ་འདས་པ་ནི། རིམ་གྱིས་དུས་ཀྱི་འཕོ་འགྱུརདང་སྦྲགས་བསམ་བློའི་ཆུ་ཚད་གོང་མཐོར་ཕྱིན་ཏེ་ཐོབ་གོ་ས་དང༌། གཞིས་ཀ་ཙམ་གྱི་ཕུགས་དོན་བསྒྲུབ་རེ་བྲལ་བའི་ཁར། སློབ་དཔོན་རིན་པོ་ཆེས་ཇི་སྐད་དུ། སྙིགས་མའི་དུས་ཀྱི་སེམས་ཅན་ཧད་དེ་འཆི་ཞེས་གསུངས་པ་བཞིན། ཚེ་འདིར་ཡང་ཉིན་མོ་བཟས་པས་བཅུད་མེད་པ་དང༌། མཚན་མོ་ཉལ་བས་གཉིད་མེད་པར་ཉིན་མཚན་དུས་དྲུག་དངོས་ཟོག་དེ་དག་གི་རྐྱེན་པས་འཇིག་པ་དང་རང་གཞན་ཐམས་ཅད་ཁ་ཆག་སྣ་རལ་ཁོ་ནས་འཆི་དགོས་འདུག་པས་ན། ད་ནི་འདི་དང་ཕྱི་མ་གཉིས་ལས་ཕྱི་མ་འབའ་ཞིག་གལ་ཆེ་ཞིང་དེའི་ཕན་བདེ་བསྒྲུབ་པའི་ཐབས་ཤིག་འཕྲལ་དུ་འཚོལ་དགོས་པར་དགོངས་ཤིང་སྙིང་སྟོབས་ཆེན་པོས། རང་གིས་གཅེས་པར་འཛིན་པའི་ལོངས་སྤྱོད་བློས་བཏང་གིས་ས་གནས་གང་སར་ཉུལ་ཏེ། འཛམ་བུ་གླིང་འདིའི་སྒང་ན་སྡུག་བསྔལ་གྱི་གཉེན་པོརགྲགས་པའི་ཆོས་ཀྱི་མིང་འཛིན་པ་གྲངས་ལས་འདས་པ་ཞིག་ཡོད་པའི་ཁྲོད་ནས། རང་གཞན་ཐམས་ཅད་ཀྱི་འཕྲལ་ཕུགས་ཀྱི་མངོན་འདོད་བསྒྲུབ་ཅིང་སྲིད་པའི་ཟུག་རྔུ་དྲུངས་ནས་དབྱིན་པར་ནུས་པའི་ཆོས་ཤིག་བཙལ་ཏེ་ཁ་བའི་ལྗོངས་སུ་གདན་འདྲེན་ཞུས་ཐུབ་པ་བྱུང་ཡོད། དེ་འདྲའི་ཁྱད་ནོར་དེ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་སྙིང་སྟོབས་ང་ཚོའི་མི་རབས་འདིར་ཡོད་མེད་ལ་མ་ལྟོས་པར་རྩིས་སྤྲོད་གནང་ཡོད་པ་དང༌། དོན་དངོས་ཐོག་མི་རབས་གོང་མ་ཚོས་དགོང་ཕྱི་ཉལ་དང་ནངས་སྔ་ལངས་ཀྱིས་སྐབས་དེ་དང་དེར་གོ་ལ་ཆེན་པོ་འདིའི་ཐོག་ཏུ་གང་དང་གང་ལ་མཐོང་འཇོག་བྱེད་པ་དེ་དང་དེ་ཁ་བའི་ལྗོངས་སུའང་ཆད་ལྷག་མེད་པར་བསུ་་བ་ཞུས་ཡོད་པ་ནི་གླེན་ཤིང་ལྐུགས་པའི་གྲྭར་ཞུགས་པ་ངས་ཀྱང་ངོས་འཛིན་བྱེད་ཐུབ། འོན་ཀྱང་ང་ཚོའི་མི་རབས་འདིར་ཕྱི་རབས་པ་རྣམས་ལ་རྩིས་སྤྲོད་བྱ་རྒྱུའི་ཁྱད་ནོར་ཅི་ཡོད། མི་རབས་གོང་མ་ཚོས་སྐུ་ལས་འཛེམས་མེད་ཀྱིས་རྒྱལ་བའི་བཀའ་བསྟན་ཡོངས་སུ་རྫོགས་པ་བོད་སྐད་དུ་ཚང་ལ་མ་ནོར་བར་བསྒྱུར་བ་རྣམས་ལ་ཐོས་བསམ་སྒོམ་གསུམ་གནང་མཁན་ཡང་བླ་སྤྲུལ་དང་གྲྭ་བཙུན་ཁ་ཤས་ལས་མེད་པ་དང༌། བོད་སྐད་ནང་བཞུགས་པའི་བཀའ་བསྟན་དང་དབྱིན་སྐད་ནང་ཁྱ་རེ་ཁྱོ་རེར་བསྒྱུར་བ་གཉིས་ལས་གང་ཀློག་གདམ་དགོས་བྱུང་ནའང༌། ཁྱ་རེཁྱོ་རེར་རེ་བསྒྱུར་བ་དེ་དག་ཀློག་རྒྱུར་དགའ་མོས་བྱེད་གཤིས་བརྒྱུད་ལམ་ཁྱ་རེ་ཁྱོར་རེ་ནས་གོ་བ་ཡང་ཁྱ་རེ་ཁྱོར་རེ་ཙམ་དུ་ཟད། གང་ལྟར་གོང་མ་ཚོས་རྩིས་སྤྲོད་གནང་བའི་ཁྱད་ནོར་དེ་དག་ཀྱང་མི་རབས་རྗེས་མ་རྣམས་ལ་ཆ་ཚང་བ་ཞིག་རྩིས་འབུལ་ཞུ་རྒྱུ་མེད་ཅིང༌། ཐ་ན་རང་སྐད་ལ་ཆ་མཚོན་ནའང༌། ཕྱི་ལོ་ ༡༩༧༠ དོན་གྲངས་ནས་ནར་སོན་པའི་དེང་དུས་བོད་རིགས་བྱིས་གཞོན་ཕལ་མོ་ཆེར་གྲོང་ཚིག་ཤ་སྟག་ཅིག་མ་གཏོགས་རང་སྐད་གཙང་མ་ཞིག་རྒྱག་རྒྱུའི་གདེངས་སྤོབས་མེད་པར་མ་ཟད། ང་བཟའ་ཡིན། ཁོ་བཟའ་སོང་ངམ། ང་འགྲོ་ཡིན། ང་པེ་འགྲོ་གི་ཡིན། ཁོ་པ་ནེ་བསྡད་འདུག ཁྱོད་འགྲོ་ཡིན་པས། ང་ཨ་མ་ནང་འགྲོ་ཡིན།  ང་གྲོགས་མོ་མཉམ་འགྲོ་ཡིན། ཞེས་པ་ལྟ་བུ་ཕྲད་དང་རྣམ་དབྱེ། དུས་གསུམ་སོགས་གང་ལའང་ལྟོས་པ་མེད་པར་རེད་དང་ཡིན། འདུག་ཞེས་པ་ཚིག་གྲོགས་དག་མེད་ཚེ་གཏམ་གླེང་ཐམས་ཅད་གོ་རྟོགས་མི་ཐུབ་པ་ཤ་སྟག་ཡིན། དེ་དག་ཐམས་ཅད་ཀྱི་འབྱུང་ཁུངས་གང་ཡིན་ནམ་ཞེ་ན། བྱིས་གཞོན་དེ་དག་འཚར་ལོངས་བྱུང་སའི་ཕ་མ་དང༌། སྤྱི་ཚོགས་སོགས་གང་དང་སུར་འགྲོ་སྒྲིག་བྱེད་པའི་དཀྱིལ་འཁོར་ཐམས་ཅད་དུ་སྐྱེ་བོ་ཐམས་ཅད་བཟའ་བཏུང་འབའ་ཞིག་དོན་དུ་གཉེར་བའི་བསམ་བློ་ཙམ་ལས་བོད་རྒྱལ་ཁབ་ཆེན་པོ་དང༌། མི་རིགས། ཆོས་དང་རིག་གཞུང༌། སྐད་ཡིག་སོགས་ལ་དོ་ཁུར་གང་ཡང་མི་བྱེད་པའི་ཉེར་ལེན་ཉག་ཅིག་ཡིན། དཔེར་ན། སློབ་གྲྭའི་ནང་འདོད་ཆུང་ཆོག་ཤེས་དང༌། ཡ་རབས་བཟང་སྤྱོད། ྋགོང་ས་མཆོག་གི་བཀྲ་དྲིན་ལ་བསམ་ཤེས། རང་མི་རིགས་ཀྱི་ཁྱད་ནོར་ཆོས་དང་རིག་གཞུང༌། སྐད་ཡིག་བཅས་སྲུང་སྐྱོབ་བྱེད་དགོས་པའི་སློབ་གསོ་ཇི་ཙམ་བརྒྱབས་ཀྱང༌། སློབ་གྲྭའི་གུང་གསེང་ཟླ་བ་གཉིས་དང་སློབ་གྲྭ་ཐོན་རྗེས་ཕ་མས་བོད་ཡིག་སྦྱངས་ན་ཕན་ཐོགས་མེད་པ། དབྱིན་ཇི་སྦྱངས་ན་ཕྱི་རྒྱལ་ལ་སླེབས་ཐུབ་པ། གཞུང་གི་སྲི་ཞུར་ཞུགས་ན་འཚོ་རྟེན་ཞན་པ། རང་ཉིད་ལ་ཁེ་ཕན་མེད་ན་སྒུར་སྒར་ཞུམ་ཞུམ་བྱེད་མི་དགོས་པ། རང་དོན་འགྲུབ་ན་ཆ་ལུགས་ཁྱད་མེད་སོགས་ཅ་ན་ཀའི་ལུགས་ཀྱི་བསྟན་བཅོས་ལས། རང་ཉིད་ཀྱི་དོན་དུ་རྒྱལ་ཁབ་དང༌། མི་རིགས། ཐ་ན་རང་ཁྱིམ་ཡང་བློས་གཏོང་དགོས་པའི་བཤད་སྲོལ་ལྟར། ཕྲུ་གུ་འཚར་སྐྱེས་བྱེད་པའི་གནས་སྐབས་ནས་བཟའ་བཏུང་འབའ་ཞིག་དོན་དུ་གཉེར་ཐུབ་པའི་གང་ཟག་ཅིག་བཟོ་རྒྱུའི་འབད་པ་ངང་གིས་བྱ་རྒྱུ་དེ་ནི་དེང་སང་གི་ཕ་མའི་ལས་འགན་གཙོ་བོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། བྱ་ཐབས་དེ་དག་ནི་རལ་གྲིའི་རྩེ་མོར་མར་བྱུགས་ནས་ཕྲུ་གུའི་ལྕེར་སྤྲད་པ་ལྟར་མི་ཚེ་ལྷག་མ་དེ་སྡོད་ལོང་ཉལ་ལོང་སྤྱོད་ལོང་མེད་པར་རྒྱུག་རྒྱུག་པ་སྡོད་དགོས་པ་དང༌། ཚེ་ཕྱི་མར་ཡང་ཡི་དྭགས་དང་དམྱལ་བའི་ཁམས་སུ་སྐྱེ་རུ་འཇུག་རྒྱུའི་ངན་བྱུས་བཤམས་པ་ལས་ཤ་ཚ་ཡོད་པ་ཞིག་གཏན་ནས་མིན། དེ་བཞིན་དེང་སང་འཛིན་གྲྭ་བཅུ་གཉིས་ཐོན་ཡང་ཡིག་ཕྲེང་ཁ་ཤས་འབྲི་རྒྱུའི་གདེང་ཚོད་མེད་པ་དེ་ཡང༌། སློབ་མ་དེ་དག་གིས་རྒྱུན་ལྡན་ཀློག་པར་འགྱུར་བའི་གཞུང་འབྲེལ་ཡིག་ཆ་ཁག་དང༌། རྩོམ་པ་པོའི་མིང་འཛིན་པ་རྣམས་ཀྱིས་བརྩམས་པའི་དེབ། དུས་དེབ། མགྲིན་བཟང་གཞས་པ་གཞས་མའི་གཞས་ཚིག གསར་ཤོག་སོགས་སུ་གསར་གཏོད་ཡིན་མདོག་གིས་སྔར་མ་གྲགས་པའི་དག་སྡེབ་སྣ་ཚོགས་འབྲི་བ་སོགས་བོད་ཀྱི་སྐད་ཡིག་འདི་བཞིན་ཕར་འཐེན་ཚུར་འཐེན་བྱས་པར་སོང་འབྲི་ཚུལ་མང་དུ་ཕྱིན་ཏེ་མགོ་འཐོམ་་གྱིན་ཡོད། དེ་ལས་ཀྱང་སྐྱོན་ཆ་ཆེ་བ་ནི་ཚོང་པ་འགའ་ཤས་ཀྱིས་རང་ཉིད་ཀྱི་ཚོང་ཟོག་བོད་པའི་སྤྱི་ཚོགས་ནང་རྒྱུག་པོ་ཡོང་རྒྱུར་ཚོང་རྟགས་ཀྱི་མདུན་དུ་བོད་ཡིག་འབྲི་བ། དཔེར་ན། ཀོ་ལི་གར་གཞིས་ཆགས་ནས་འདོན་པའི་སེ་པན་ཞིག་གི་ཁ་བྱང་དུ། ཤ་བརྔོས་པའི་སེ་་པན་ལ་ཤ་བསྔོས་སེ་པན་ཞེས་བརྔོས་དང་བསྔོས་ཀྱི་ཁྱད་པར་མི་ཤེས་པ་འདི་འདྲ། རང་གིས་མི་ཤེས་ན་ཚིག་མཛོད་དང༌། གྲོང་པ་ཁྱིམ་མཚེས། བོད་ཡིག་ཤེས་མཁན་སོགས་སུ་དང་གང་ཡང་བསྟེན་གཏུགས་བྱ་ས་མེད་པ་ནི་ག་ལ་སྲིད། ཅོལ་ཆུང་ཁ་ཤས་ཀྱིས་བོད་ཡིག་བྲིས་པ་ཙམ་གྱིས་ལེགས་པོ་ཡིན་པར་ངོས་འཛིན་དང་བསྔགས་བརྗོད་བྱེད་ཀྱི་ཡོད་ཀྱང༌། སློབ་མ་ཚོས་མིང་ཚིག་དང་དག་ཆ་མང་པོ་ཞིག་རྒྱུན་སྤྱོད་ཅ་དངོས་དང་གསར་ཤོག་དེ་དག་བརྒྱུད་ནས་སྦྱོང་གི་ཡོད་སྟབས། འབྲི་མཁན་དང་བསྔགས་བརྗོད་བྱེད་མཁན་ཁྱོད་འདྲས་བོད་ཕྲུག་ཚོ་དག་ནོར་གྱི་ལམ་བུར་འཁྲིད་ཅིང་ཁུངས་མེད་མ་ནིང་གི་བུ་ལྟ་བུར་བཟོ་རྒྱུའི་སྤྱོད་ཚུལ་དེར་དགའ་སྤོབས་བྱ་འོས་པའི་ཆ་གང་ཡང་མི་གདའ། དེ་བཞིན་དུ་དྷརྨཤཱལཱ་ནས་ཐོན་ཡོང་བའི་གཞུང་འབྲེལ་ཡིག་ཆ་ཁག་ལ་བལྟས་ཀྱང་ནོར་བ་རྒྱུན་འབྱམས་ཀྱི་ཐ་སྙད། དཔེར་ན། སྔ་རབས་པ་ཚོས྄་རང་ཉིདདང་ཕ་རོལ་པོ། ཕོ་དང་མོ་སོགས་སོ་སོར་བེད་སྤྱོད་གཏོང་རྒྱུའི་ཐ་སྙད་ཐ་དད་ཡོད་ཀྱང༌།  དེང་སང་རང་གཞན་དང་ཕོ་མོ་དབྱེར་མེད་ཀྱི་ཁོ་བོ་དང་ཁོ་མོ། ཁོ་དང་མོ་ཞེས་བེད་སྤྱོད་པ་དང༌། བར་དང་དབར། མ་འོངས་པ་དང་མ་འོངས། ཡོད་ན་དང་ཡོད་པས་ན། གཉིས་དང་གཉིས་པ། སོགས་ནང་ཕན་ཚུན་གྱི་གོ་བར་ཁྱད་པར་མེད་པ། སྨན་པ་དང་ལས་བྱེད་པ་ལ་སྨན་ལས། དགེ་ཕན་ཡོད་ཚུལ་ལ་དགེ་ཚུལ། དགེ་རྒན་འོས་སྦྱོང་ལ་དགེ་འོས། ཡན་ལག་སྤྱི་ལ་ཁྱབ་པའི་འགན་འཛིན་ལ་སྤྱི་འགན་ནམ་ཡན་འགན། སྨནསྤྲོད་མཁན་ལ་སྨན་སྤྲོད། འགན་འཛིན་གཞོན་པ་ལ་འགན་གཞོན། ལྷོ་ཕྱོགས་གཞིས་ཆགས་ཁག་གི་སྤྱི་ཁྱབ་འགན་འཛིན་ལ་ལྷོ་སྤྱི། བཀའ་ཤག་དང་སྤྱི་འཐུས་ལ་བཀའ་སྤྱི། མ་བྱན་གྱི་ལས་རོགས་ལ་མ་གཡོག་སོགས་ཚིག་བསྡུས་ཅན་གྱི་ཐ་སྙད་གསར་པ་དུ་མ་མངོན་རྒྱུ་ཡོད་པ་དེ་དག་དུས་ཚོད་དམ་འཛིན་རེད་ཟེར་བ་ལ་ནི། བཀའ་འཁྲོལ་སོང་ཞེས་ཚིག་གསུམ་ལས་མི་དགོས་ཀྱང་ཕ་རོལ་པས་སྤྲིངས་པའི་ཡི་གེ་གང་འཚམ་ཞིག་རང་འཇགས་བཤུ་དགོས་འདུག གཞན་ཡང་བོད་ཀྱི་བང་ཆེན་གསར་ཤོག་འདོན་ཐེངས་ ༢༠༧ པར། དཔལ་འབྲི་གུང་བཀའ་བརྒྱུད་གྲྭ་ཚང་ནས་སྤེལ་བའི་ཆོས་བརྡའི་ཁྲོད་དུ། དགེ་སྒྲུབ་ཀྱི་ཉིན་དེར་ངེས་ཕེབས་ཡོངས་པའི་གསལ་བསྒྲགས་སུ། ཞེས་ཆ་ཚང་བའི་ཡོངས་དང་ཚུར་ཡོང་གི་ཡོང་གཉིས་ནོར་ནས་བྲིས་པ། ཝཱཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་ཆོས་བརྡའི་ནང༌། བཅར་མཁན་དང་བྱ་མཁན་སོགས་རྟགས་འཇུག་གི་གོ་བ་གང་ཡང་མེད་པའི་གང་ཟག་གིས་བྲིས་པ་ལྟ་བུ་བྲིས་ཡོད། འོན་ཀྱང་ང་ནི་ཚངས་པའོ། ཚངས་པ་ནི་ཆེན་པོའོ། ཞེས་པ་ལྟར་མཁས་པ་མང་དྲགས་ཏེ་ནོར་བཅོས་དང་གསལ་བཤད་བྱ་སའི་གོ་ས་གང་ཡང་མེད། ཡང་དེ་དག་མཁས་པས་མཉམ་པར་མ་བཞག་པའི་གཏམ་ཡིན་ཚེ་མཉམ་པར་འཇོག་དགོས་པའི་དུས་ཚོད་སླེབས་པར་མ་ཟད། བོད་ཀྱི་སྐད་ཡིག་ལ་མཁས་པའི་གོ་ས་བརྙེས་པའི་མཁས་དབང་རྣམས་དབུས་བཞུགས་ཐོག་གཞུང་དང་སྤྱི་ཚོགས་གང་གིས་ཀྱང་མཐོང་འཇོག་མེད་པའི་བོད་དགེ་ང་ཚོས་ང་ནི་གསལ་བྱེད་སུམ་ཅུའི་ཡིག་འབྲུ་དང་པོ་ཡིན། ཡིག་འབྲུ་ཀ་ལ་སྒྲ་གདངས་་འགྱུར་བ་མེད་སྙམ་པའི་ངར་འཛིན་བསྐྱུར་ཏེ་རང་ནུས་གང་འཇོན་གྱིས་ཡིག་འབྲུ་རེ་རེའི་སྒྲ་གདངས་དང༌། སྔོན་རྗེས་མགོ་འདོགས་སོགས་སྦྱར་བའི་སྒྲ་གདངས། དཔེར་ན། དེང་སང་འཛིན་གྲྭབཅུ་གཉིས་ཀྱི་བསླབ་པ་མཐར་སོན་པའི་སློབ་མ་ཕལ་མོ་ཆེས། ག་དང་སྒ། གོ་དང་འགོ། ད་དང་འདའ། དག་དང་བདག དུང་དང་གདུང༌། དུག་དང་འདུག བ་དང་འབའ། བང་དང་འབང༌། དབར་དང་བར། ཛ་དང་རྫ་སོགས་སྒྲ་གདངས་་གཅིག་པར་ཀློག་བཞིན་པ་འདི་དག་དང༌། ཡིག་གཟུགས༌། དག་ཆ། སོགས་སློབ་འཁྲིད་བྱེད་ཕྱོགས་ལ་རང་གཞན་གྱི་བསམ་འཆར་སྤེལ་རེས་དང༌། འབྲི་སྲོལ་གཞན་ཞེས་པ་མང་དག་ཡོད་པ་རྣམས་ཕྱོགས་བསྡུས་ཀྱིས་གཅིག་མཚུངས་ཡོང་ཆེད་བགྲོ་གླེང་གོ་སྒྲིག་ཅིག་བྱེད་ཐུབ་ཚེ་སྐད་ཡིག་ཉམ་ཆག་འགྲོ་བའི་མྱུར་ཚད་འདིར་འགོག་རྐྱེན་ཕྲན་བུ་ཞིག་བྱེད་ཐུབ་སྙམ། ལར་ནས་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༢༥ ཉིན་ྋགོང་ས་མཆོག་གིས་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་པའི་དུས་དྲན་སྐབས་བཀའ་སློབ་བསྩལ་པ་དེ་བཞིན་དད་ལྡན་ཡོངས་ཀྱིས་མིག་ཟུམ་ཟུམ་དངམིག་ཆུ་ཁྲུལ་ཁྲུལ། སེམས་ཀྱི་ངར་ཆ་ཐམས་ཅད་གདོང་དུ་གསལ་ཞིང་བློ་འཚབ་ཆེ་མདོག་གིས་གསན་ཡོད། འོན་ཀྱང་ཡ་ང་བ་ཞིག་ལ་མཛད་སྒོ་གྲོལ་མ་ཐག་བཀའ་སློབ་ཀྱི་དྲི་མ་ཙམ་ཡང་མ་གོ་བར་སྔར་རྒྱུན་ལྟར་ལྟོ་གོས་གཏམ་གསུམ་གྱི་རྗེས་སུ་བསྙེགས་པ་ནི་ང་དང་ཁྱོད་ཀྱི་སྤྱོད་ཚུལ་དེ་ཡིན། ང་ཚོས་དྭང་ལེན་བྱེད་མིན་ཇི་ལྟར་ཡང་བདེན་པའི་དངོས་པོ་ནི། ཇི་སྲིད་བོད་ལ་བདེ་སྐྱིད་ཀྱི་ཉི་མ་མ་ཤར་བ་དེ་སྲིད་དུ་བོད་ཀྱི་ཆོས་དང༌། རིག་གཞུང༌། སྐད་ཡིག་ལ་དར་རྒུད་ཅི་བྱུང་ཐམས་ཅད་ཀྱི་འགན་དབང་ཤེས་རིག་དང་ཆོས་རིག་ལས་ཁུངས་ཀྱིས་བཞེས་མི་དགོས་སམ། གང་ལྟར་བཀའ་སློབ་ཀྱི་སྙིང་པོ་ནི་ཤེས་ཡོན་སྤྱི་དང༌། ལྷག་པར་རིགས་གཅིག་རྐང་འཛིན་གྱི་ཤེས་ཡོན་སྤྲོད་ཕྱོགས་ཐད་འཐུས་ཤོར་ཕྱིན་པའམ་བཏང་བ་དེ་ཡིན། ཡང་ཕྱོགས་གཅིག་ནས་བལྟས་ན་ང་ཚོར་རིགས་གཅིག་རྐང་འཛིན་པ་མེད་པའང་མ་ཡིན་སྟེ། Fulbright ཐོག་ནས་ Degree  དང non degree ལ་ལོ་ལྟར་མི་གྲངས་ཉི་ཤུ་རྩ་གྲངས་གཏོང་བཞིན་ཡོད་པ་དེ་དག་བོད་བསྟན་པ་ཆབ་སྲིད་ལ་ཕན་ཐོགས་ཡོད་མིན་ལ་མ་ལྟོས་པར་རིགས་གཅིག་རྐང་འཛིན་པ་ཤ་སྟག་ཆགས་བཞིན་པ་ནི་ཕྱི་གསལ་ནང་གསལ་རེད། འོ་ན་རིག་པའི་གཞུང་ལུགས་ཅི་འདྲ་ཞིག་གི་ཐོག་ཅེ་ན། རང་ཉིད་ཀྱི་ཕ་མ་རྒན་གོག་གྲོངས་པའི་དུས་སུའང་མིག་བལྟ་ལོང་མེད་པར་འབྲེལ་མེད་ཕྱི་རྒྱལ་གྱི་རྒན་གོག་ལ་ལྟ་རྟོག་བྱ་རྒྱུ། རང་ཉིད་ཟས་རགས་པ་སྤྱོད་མི་དགོས་པའི་དྲི་ཟའི་བརྟུལ་ཞུགས་བཟུང་སྟེ་ཉིན་གང་གཞན་གྱིས་སྤྱད་པའི་ལྟོ་སྣོད་འཁྲུད་རྒྱུ། རང་ཁྱིམ་ཕྱག་དར་བྱ་ཁོམ་མེད་པར་གཞན་ཁྱིམ་གཞལ་ཡས་ཁང་དུ་བསྐྲུན་རྒྱུ། གློག་བརྙན་ཇི་ཙམ་ལྟད་མོ་ཆེ་ཡང་རང་ཉིད་ལ་བལྟ་དབང་མེད་པར་གཞན་ལ་ལག་འཁྱེར་འཚོང་རྒྱུ། སྡུག་བསྔལ་ཤོད་འདོད་ཆེ་ཡང་མི་སྨྲ་ལྐུགས་པའི་གོ་ས་་འཛིན་སྟངས། ཕ་མ་བུ་ཕྲུག་རིང་དུ་གྱེས་ཏེ་གཅིག་པུར་ལུས་པའི་སྐྱོ་སྣང་གི་སྟོང་ཉིད་བསྒོམ་སྟངས། ཚོང་ཁང་དང་ཟ་ཁང་ཆེན་པོའི་མདུན་དུ་ཆུ་ཚོད་ནས་ཆུ་ཚོད་ལ་ཀྲོང་ངེར་ལོངས་རྒྱུའི་ལུས་ཤིན་སྤྱངས་བསྒྲུབ་རྒྱུ། ྋགོང་ས་མཆོག་དང་རང་གཞུང་གིས་འགྲོ་གྲོན་བཏང་བར་ངོ་ཚ་ཁྲེལ་གཞུང་ཁྱད་དུ་གསོ་སྟངས་སོགས་ཀྱི་ཐོག་ལ་རིགས་གཅིག་རྐང་འཛིན་པ་མང་པོ་འཐོན་གྱི་ཡོད་པ་དེ་དག་ནི། ཕྱི་ལོ་ ༡༩༥༩ གོང་དུ་བོད་ཁམས་ཐམས་ཅད་དུ་མི་རབས་སུས་ཀྱང་བྱས་མྱོང་མེད་པའི་ང་ཚོའི་མི་རབས་འདིའི་གསར་གཏོད་ཅིག་ཡིན། ཐོག་མའི་དམིགས་ཡུལ་ཅི་ཡིན་རུང༌། ད་ལྟའི་ཆར་ ཁྲསྤྱརྡཏཔྱདྲཐྲདྤ སློབ་ཡོན་དེ་བཞིན་ཨ་རིར་བསྐྱོད་པའི་བརྒྱུད་ལམ་བརྟན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། སློབ་ཡོན་ཞུ་སྤྲོད་སྐབས་གན་རྒྱ་རི་ལྟ་བུ་ཞིག་བཞག་ཀྱང་ཚུར་འཁོར་རྒྱུ་མེད་པ་གཉིས་ཀས་གསལ་བོར་ཤེས་བཞིན་དུ་སྤྲོད་ལེན་བྱེད་པ་ནི༌།  བློ་མཐུན་འཐབ་ཕྱོགས་གཅིག་གྱུར་དང་རང་གི་ཁ་ནས་བཤད་པའི་གཏམ་དེ་རང་གི་རྣ་བར་ཐོས་རྒྱུ་མེད་པའི་དན་རྟགས་ཤིག་ཡིན།  བོད་ཀྱི་ཆོས་དང༌། རིག་གཞུང༌། ཡ་རབས་བཟང་སྤྱོད། སྐད་ཡིག་བཅས་རི་གཟར་རྦབ་ཆུ་བཞིན་དུ་ཉིན་རེ་བཞིན་ཉམ་རྒུད་དུ་འགྲོ་གི་ཡོད་པ་དང༌། ད་དུང་ལོ་ངོ་བཅུ་ཕྲག་འགའ་ཤས་བཙན་བྱོལ་དུ་མུ་མཐུད་ལྷག་ཚེ་བོད་ཀྱི་ཁྱད་ནོར་རྣམས་རྩ་བརླག་ཏུ་འགྲོ་ངེས་ཡིན་པར་སོང༌། ང་ཚོས་རང་བཙན་སྒུག་བློས་མ་བཟོད་པར་དབུ་མའི་ལམ་གྱི་འགྲུབ་བྱ་མིང་དོན་྄མཚུངས་པའི་རང་སྲིད་རང་སྐྱོང་གི་འཐབ་རྩོད་འདི་ཉིད་འདེམས་དགོས་བྱུང་བ་ང་དང་ཁྱོད་ཀྱིས་ཤེས་གསལ་ཡིན། དེས་ནས་ྋགོང་ས་མཆོག་གི་བཀའ་སློབ་གསུང་གི་བདུད་རྩིར་མཐོང་འཇོག་དང་ངོ་ཚ་ཏིལ་འབྲུ་ཙམ་ཡོད་ན། རང་རེའི་ཁྱད་ནོར་ཆག་འཇིག་གི་སོ་མཚམས་སུ་སླེབས་པའི་དུས་འདིར་རང་ནུས་གང་ལྕོགས་ཀྱིས་ལྟ་བ་འཁྱེར་སྟངས་དང༌། བཀའ་མོལ་གནང་སྟངས། བུ་ཕྲུག་ལ་སློབ་གསོ་རྒྱག་སྟངས་སོགས་གང་ཐད་ནས་འགན་འཁྱེར་དགོས། དེ་ལྟར་མ་བྱས་ཚེ་ད་ལྟའི་ཆར་ང་ཚོའི་མི་རབས་འདི་ནི་མེད་པ་བཅུ་བདུན་གྱི་མི་རབས་ཤིག་སྟེ། ༡། དྲོ་སྐྱིད་ལྡན་པའི་ཕ་ཡུལ་ནི་ང་ཚོའི་མི་རབས་ལ་མེད། ༢། ཆོས་ཀྱི་དགུང་བློན་ཆེན་པོ་པཎ་ཆེན་སྐུ་གཟིགས་རིན་པོ་ཆེ་ནི་ང་ཚོའི་མི་རབས་ལ་མེད། ༣། རྒྱལ་ཁབ་དང་མི་རིགས་ཀྱི་ལ་རྒྱ་ནི་ང་ཚོའི་མི་རབས་ལ་མེད། ༤། རིན་ཆེན་གསེར་དངུལ་ཟངས་ལྕགས་ཕུན་སུམ་ཚོགས་པ་ནི་ང་ཚོའི་མི་རབས་ལ་མེད། ༥། རང་སྐད་གཙང་མ་ཞིག་ནི་ང་ཚོའི་མི་རབས་ལ་མེད། ༦། དྲན་པ་དང་ཤེས་བཞིན་ནི་ང་ཚོའི་མི་་རབས་ལ་མེད། ༧། ཞི་དུལ་བག་ཕེབས་ནི་ང་ཚོའི་མི་རབས་ལ་མེད། ༨། རྒན་གཞོན་གོ་རིམ་གྱི་བཟང་སྤྱོད་ནི་ང་ཚོའི་མི་རབས་ལ་མེད། ༩། ངོ་ཚ་དང་ཁྲེལ་གྱི་རྣམ་གཞག་ནི་ང་ཚོའི་མི་རབས་ལ་མེད། ༡༠། ྋགོང་ས་མཆོག་གི་བཀའ་དགོངས་བསྒྲུབ་དགོས་སྙམ་པའི་ཚོར་བ་ནི་ང་ཚོའི་མི་རབས་ལ་མེད། ༡༡། རང་ཉིད་ཀྱི་ཕ་མ་རྒན་རྒོན་གཉིས་འཆི་ཁར་ཞབས་ཕྱི་ཞུ་རྒྱུའི་དུས་ཁོམ་ནི་ང་ཚོའི་མི་རབས་ལ་མེད།  ༡༢། བླང་དོར་སྤུ་རིས་བྱེད་པའི་རྣམ་དཔྱོད་ནི་ང་ཚོའི་མི་རབས་ལ་མེད། ༡༣། ཕྱི་རྗེས་རིང་དུ་བལྟ་བའི་ལྟ་གྲུབ་ང་ཚོའི་མི་རབས་ལ་མེད། ༡༤། འཛམ་གླིང་སྤྱི་ལ་ཁྱབ་པའིགཏམ་སྙན་གྲགས་ནི་ང་ཚོའི་མི་རབས་ལ་མེད། ༡༥། སྤྱི་སེམས་དང་ལྷག་བསམ་ནི་ང་ཚོའི་མི་རབས་ལ་མེད། ༡༦། འདོད་ཆུང་ཆོག་ཤེས་ནི་ང་ཚོའི་མི་རབས་ལ་མེད། ༡༧། དཀའ་ཐུབ་བཟོད་པའི་སྙིང་སྟོབས་ནི་ང་ཚོའི་མི་རབས་ལ་མེད། དེ་ལྟ་ན་ཕྱི་ལོ་ ༡༩༥༢ ལོའི་གྲངས་གནས་བཅུ་བདུན་དེའི་དབང་གིས་ང་ཚོའི་རྒྱལ་ཁབ་དེ་བཞིན་ད་ལྟའི་བར་བརྒྱལ་ནས་སྡོད་དགོས་བྱུང་བར་མ་ཟད། ད་དུང་ཡང་ང་ཚོས་ལེགས་པོ་མ་བྱས་ཚེ་བོད་རྒྱལ་ཁབ་ཆེན་པོ་རྣམ་པར་རྒྱལ་རྒྱུའི་ཕ་རོལ་དུ་རྣམ་པར་བརྒྱལ་ཏེ་བསླངས་པ་ཡིན་ནའང་ཚོར་མེད་འདྲ་གཟུགས་ཀྱི་རང་བཞིན་ལས་མ་འདས་པ་ཞིག་ཆགས་རྒྱུའི་ཉེན་ཚབས་འདུག་གོ། །།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༧ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 4

  1. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    མཚོ་མགོ་བ་འདི་འདྲའི་ཁ་བདེ་བ་ལ། དེ་འདྲ་བཀྲ་མི་ཤེས་པ་ཤ་སྟག་གསུངས་ན་ཨེ་འགྲིགས། སྐད་ཆ་འདི་ཚོས་ང་ལ་ཡང་ཧ་ཅང་ཕོག་བྱུང་། གདམས་ངག་གི་མཆོག་མཚངས་ཐོག་ཏུ་རྒོལ་བ་ཞེས་པ་འདི་འདྲ་ཞིག་མིན་ནམ། སྔོན་གྱི་བླ་མ་ཞིག་གིས། གཏམ་འདིས་ཀུན་ལ་ཕོག་གྱུར་ཅིག །ཕོག་ནས་ཀུན་ལ་སྨན་གྱུར་ཅིག །ཅེས་པ་ཞིག་འདུག་པ་བཞིན་ད་ལྟའི་ན་གཞོན་མང་པོ་ཞིག་ལ་ཕོག་ངེས་རེད།

    Reply
  2. བསེ་རུ། says:
    ལོ་ 16 སྔོན།

    བོད་ཡིག་གི་བཀོལ་སྤྱོད་རྒྱ་ཁྱབ་ཏུ་གཏོང་དགོས་ན།
    བོད་མི་རེ་རེ་དང་ལྷག་པར་དུ་ཚོགས་སྡེ་ཁག
    དེ་མིན་གསར་འགྱུར་བརྒྱུད་ལམ་ཁག་ཡིན།
    ད་དུང་ང་ཚོས་དོ་སྣང་ཤུགས་ཆེན་བྱ་དགོས་པ་ཞིག་ནི།
    དེང་དུས་གསར་དུ་ཐོན་བཞིན་པའི་གླུ་གཞས་ཀྱི་འོད་སྡེར་ཁག་གི་ཕྱི་ངོས་དང་།
    དཔེ་དེབ་འདྲ་མིན་གྱི་རྒྱབ་ཤ།
    བོད་ཡིག་ནང་ཡོད་པའི་དྲ་རྒྱ་ཁག་ཅིག་གི་ཡིག་ནོར་ལ་བལྟས་ན།
    ང་ཚོའི་བོད་ཡིག་བེད་སྤྱོད་གཏོང་མཁན་དེ་ཚོས་དོ་སྣང་ཆུང་དྲགས་པའམ་ཡང་ན་བོད་ཡིག་ཤེས་ཚད་ཀྱིས་མ་འདང་བའི་སྐྱོན་ཆའམ་སྣང་ཚུལ་ཤུགས་ཆེན་ཞིག་ཐོན་གྱིན་འདུག་གོ།

    དེ་བས་ན་འདི་ལྟའི་གནས་ཚུལ་རྣམས་ཤེས་ཡོན་ཅན་ཚོས་ཐག་གཅོད་དང་དགེ་སྐྱོན་ཡོ་བསྲང་བྱ་དགོས་པ་ཞིག་ཡིན།།

    Reply
  3. གོང་དཀར་ངག་རྣམ། says:
    ལོ་ 16 སྔོན།

    བོད་ཀྱི་སྐད་ཡིག་ལ་དོ་སྣང་ཆེ་བའི་པད་རྡོར་ལགས།
    ངས་ཀྱང་བསམ་ཚུལ་འདི་དག་ལ་མནོ་བསམ་ཆེན་པོས་སྐད་ཆ་རེ་གཉིས་བཤད་མྱོང་ནའང། ཐམས་ཅད་ལག་ལེན་གྱིས་ཕོངས་པའི་སྣང་ཚུལ་འདིས་ང་ཚོའི་རེ་སེམས་ལ་གནོད་སྐྱོན་གཏོང་གི་མི་འདུག་གམ། རྒན་ལགས།

    Reply
  4. jamyangdakpa says:
    ལོ་ 16 སྔོན།

    very good. i support you

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese