མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།

བོད་ཀྱི་དུས་བབ།
༢༠༠༩/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

    ད་རིང་ང་ཚོས་དུས་དྲན་བྱེད་པ་འདི་ནི། བོད་མི་ཡོངས་རྫོགས་ཀྱི་ཤིན་ཏུ་རྩ་ཆེའི་དུས་ཚེས་ཤིག་ཡིན་ཏེ། བཙན་འོག་ཏུ་ཚུད་པའི་བོད་མི་མང་ནས་རང་དབང་གི་དོན་དུ་བཙན་གནོན་བྱེད་པོར་ལོ་རྒྱུས་དང་ལྡན་པའི་འཐབ་འཛིངས་བྱེད་པ་འདི་བཞིན་རྒྱལ་རབས་ཐོག་གལ་གནད་ཆེན་པོའི་ལེའུ་ཞིག་ཆགས་ཡོད། གང་ལགས་ཤེ་ན། ལོ་ངོ་དགུའི་སྔོན་གྱི་ཉི་མ་འདི་ཉིན་བོད་ཀྱི་མི་མང་ཚོས་རྒྱ་དམར་དབང་བསྒྱུར་བའི་འོག་ནས་རང་དབང་ཐོབ་ཆེད་དཔའ་མཛངས་ལྷག་པར་ཆེ་བའི་འབད་བརྩོན་ཤུགས་ཆེ་ཞིག་བྱས་ཡོད།

     རྒྱ་མིས་ནི་རྒྱུ་མཚན་ཁུངས་ལུང་གང་ཡང་མེད་པའི་གདོང་འབག་གྱོན་ཏེ། ང་ཚོའི་རྒྱལ་ཁབ་ཐོག་ཁོ་པ་ཚོའི་བདག་དབང་ཡོད་ལུགས་གསལ་བསྒྲགས་ཀྱིས་དྲག་ཤུགས་ཀྱི་སྒོ་ནས་བཙན་འཛུལ་བྱས་ཏེ་བསྡད་ཡོད་པ་དང༌། ང་ཚོས་རྒྱ་དམར་དྲག་ཤུགས་ཆེ་བར་རྒོལ་ལངས་བྱས་པའི་ཉིན་དེར་བསམ་དོན་ཇི་བཞིན་འགྲུབ་པ་མ་བྱུང་བའི་ཁར། འདིའི་རྐྱེན་གྱིས་ང་ཚོ་ཡུལ་མི་སྟོང་ཕྲག་མང་པོ་རྒྱ་དམར་ནས་སྡེབ་གསོད་བཏང་བའི་གནས་ཚུལ་ཐབས་རྡུགས་བྱུང༌། གང་ལྟར་ཡང༌། མིའི་རིགས་སུ་འདྲ་ཞིག་ཡིན་རུང༌། འགྲོ་བ་མིའི་ཆེ་མཐོང་དང༌། རྒྱལ་ཁབ་ཆེ་ཆུང་ཇི་ལྟར་ཡིན་ཡང་དེའི་རང་དབང་ལ་ཡིད་ཆེས་ཡོད་པའི་སེམས་སྟོབས་དེ་ནི་བཙན་དབང་བྱེད་པོའི་ནུས་ཤུགས་ཀྱིས་གནོན་འགོག་ནམ་ཡང་བྱེད་མི་ཐུབ། ལོ་རྒྱུས་དང་ལྡན་པའི་ཉི་མ་དེར་རྒྱ་མི་ལ་ངོ་རྒོལ་བྱས་ནས་བོད་རྒྱལ་ཁབ་ཡོངས་རྫོགས་གཅིག་སྒྲིལ་དུ་གྱུར། འཛམ་གླིང་ཐོག་ང་ཚོའི་རྒྱལ་ཁབ་རང་བཙན་མཚན་ཉིད་ཚང་བ་ཞིག་ཡིན་ཞེས་བསྐྱར་དུ་གསལ་བསྒྲགས་ཀྱང་བྱས་ཡོད། བོད་ཕྱི་ནང་གང་དུ་ཡིན་ཡང་རུང༌། ང་ཚོ་མི་རིགས་ཤིག་ཡིན་པའི་ཐོབ་ཐང་ཡོད་ཅེས་པའི་འཐབ་རྩོད་དེ་ད་དུང་ཡང་ང་ཚོས་མུ་མཐུད་དེ་བྱེད་བཞིན་པ་ཡིན།

    བོད་ནང་ལུས་པའི་ང་ཚོའི་མི་མང་ཚོས་ལུས་སེམས་གཉིས་ཀའི་ཐོག་ནས་འཐབ་འཛིངས་བྱེད་ཀྱི་ཡོད། རྒྱ་མིས་བོད་མི་མང་གི་འཐབ་འཛིངས་དེ་དྲག་ཤུགས་ཅི་རིགས་དང༌། མིང་འདོགས་སྣ་ཚོགས་ཀྱི་སྒོ་ནས་འགོག་བསྡོམས་བྱེད་ཀྱི་ཡོད་ཀྱང༌། ཁོ་པ་ཚོའི་བྱེད་ངན་དེ་ལ་གྲུབ་འབྲས་ཇི་བཞིན་མ་ཐོན་པ་ནི་རྒྱ་མི་རང་ཉིད་ནས་ཀྱང་ངོས་ལེན་བྱས་འདུག རྒྱ་མི་དམར་པོས་ས་མཚམས་ཁག་ཏུ་དམ་བསྒྲགས་ཇེ་ཆེ་ཇེ་ཆེར་བཏང་བ་ཡིན་རུང༌། བོད་མི་མང་ཚོ་ནི་རྒྱ་གར་དང་ཁྱིམ་མཚེས་ཡུལ་ཁག་ནང་ལོ་ལྟར་བཙན་བྱོལ་དུ་ཡོང་མུས་འདིས་ཀྱང་བོད་ནང་བོད་མི་མང་གི་འཐབ་འཛིངས་ལས་འགུལ་བཀག་འགོག་མ་ཐུབ་པའི་རྟགས་མཚན་གསལ་པོར་མངོན་ཡོད། ཉེ་དུས་བོད་མི་ ༥༠༠ སྐོར་ཞིག་རྒྱ་གར་ཕྱོགས་སུ་བྲོས་བྱོལ་ཡོང་སྐབས་ལམ་བར་རྐྱེན་འདས་སོང་འདུག དེ་ནི་ཁོང་ཚོས་ཐར་ཐབས་ཤིན་ཏུ་དཀའ་བའི་གནས་ཚུལ་གསལ་པོར་ཤེས་བཞིན་རང་མོས་བློ་ཐག་གཅིག་ཏུ་བཅད་དེ་ཡོང་བ་ཞིག་ཡིན་མོད། རྒྱ་དམར་གྱིས་ད་ལྟ་ཁོ་པ་ཚོས་འདི་ལྟ་བུའི་ཉེན་ཁ་ཅན་གྱི་ཐབས་ལམ་འཚོལ་བ་འདི་ནི་ཧ་ལས་ཡ་མཚན་ཆེ་བའི་གནས་ཚུལ་ཞིག་མ་ཡིན་ནམ།

    རྒྱ་དམར་གྱིས་ད་ཕན་འདས་པའི་ལོ་རེ་རེའི་ནང་བོད་ཕྲུག་སྟོང་ཕྲག་མང་པོ་ཕ་མའི་ས་ནས་བཙན་དབང་གིས་ཁ་འཕྲལ་ཏེ་རྒྱ་ནག་ཏུ་བཏང༌། ཁོང་ཚོའི་ཀླད་པ་འཁྲུ་བའི་ཐབས་ཤེས་ལུ་གུ་བརྒྱུད་དུ་བྱེད་པ་དང༌། རྒྱ་ནག་ཏུ་བཏང་བའི་བོད་རིགས་ཚང་མ་གང་དུའང་འབྲེལ་བ་བྱེད་དུ་མི་འཇུག་པ། ཁོང་ཚོས་མའོ་གི་རིང་ལུགས་དང༌། མའོ་གི་སློབ་སྟོན་ཟེར་བ་དེ་རིགས་ཤ་སྟག་སློབ་སྦྱོང་སྤྲད་ཐོག བོད་རང་གི་འཚོ་བའི་གོམས་གཤིས་ལ་དམའ་འབེབས་དང༌། སྡང་ཟུག་ཚད་མེད་པ་ཞིག་བྱེད་ཀྱི་ཡོད་འདུག ཡིན་ནའང་རྒྱ་མིའི་རེ་ངན་སྟོང་ཟད་དུ་གྱུར་ཡོད། རྒྱུ་མཚན་ཇི་ཡོད་ཅེ་ན། འདི་འདྲའི་སློབ་གསོ་ཐོབ་པའི་བོད་ཕྲུག་མང་ཆེ་བས་རྒྱ་མིས་བོད་ལ་དབང་བསྒྱུར་བྱེད་པ་དེ་ལ་ཞེ་ནས་ངོ་རྒོལ་བྱེད་ཀྱི་ཡོད་ཅིང༌། ཇི་སྲིད་འགྲོ་བ་མི་ཞེས་པའི་བསམ་བློ་གཏོང་ཐུབ་རྒྱུའི་ནུས་པ་དངོས་ཡོད་ཀྱི་བར་དང༌། ཇི་སྲིད་འཇིག་རྟེན་འདི་དྲང་བདེན་གྱི་རྗེས་སུ་འགྲོ་བའི་གནས་ཚུལ་དངོས་ཡོད་ཀྱི་བར་རྒྱ་དམར་ནས་ང་ཚོའི་བོད་ཕྲུག་ཚོའི་ཀླད་པ་འཁྲུ་བའི་ལས་འགུལ་དེ་མཐར་ཕྱིན་པ་ཞིག་རྩ་བ་ནས་ཡོང་མི་ཐུབ།

    རྒྱ་མིས་གྲངས་ཉུང་མི་རིགས་ཀྱི་རྒྱལ་ཁབ་ཁག་ལ་བཙན་འཛུལ་བྱེད་པའི་སྲིད་བྱུས་ལག་ལེན་བསྟར་བ་དེ་ནི་ཧཱན་རྒྱ་རིགས་རང་མཐོངས་རིང་ལུགས་ཤིག་ཡིན་པ་ཐག་བཅད་ཆོག་པ་ཡིན། དོན་ཐོག་ཏུ་འདི་འདྲའི་སྲིད་བྱུས་ལ་ནུས་འབྲས་ཐོན་རྒྱུ་ཕར་བཞག དེ་ལས་ལྡོག་སྟེ་མི་རིགས་སྒེར་ལངས་ལས་འགུལ་གྱི་མེ་ཆེན་ནང་དུ་སྣུམ་རྫས་བཏབ་པ་ལྟ་བུ་ཞིག་བྱུང་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་དམར་པོའི་སྒྲིག་འཛུགས་ནང་ཞུགས་པའི་བོད་མི་ན་གཞོན་ཚོ་ཡང་རང་ཡུལ་མི་མང་གི་ཕྱོགས་སུ་ལངས་ནས་རྒྱ་མིར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད།

    ང་ཚོའི་ཡུལ་དུ་མི་མང་རང་རང་གི་དད་མོས་ཡིད་ཆེས་ལྡན་པའི་ཆོས་དང་རིག་གཞུང་རྣམས་ཀྱང་རྒྱ་མིས་བཙན་གནོན་བྱེད་པའི་དམིགས་ཡུལ་ལྟེ་བ་ཞིག་ཆགས་ཡོད། རྒྱ་དམར་གྱིས་ཐོག་མར་བཙན་འཛུལ་བྱས་པ་ནས་བཟུང་དགོན་སྡེ་གཙུག་ལག་སློབ་གྲྭ་ཆེ་མོ་ཁག་དང༌། ཤེས་རིག་གི་སྒྲིག་འཛུགས་ཁག་རྩ་མེད་གཏོང་བའི་ལས་འགུལ་བཙུགས་པ་དེ་ནི། ཉེ་བའི་ལོ་ནང་རིག་གཞུང་གསར་བརྗེ་དང༌། སྲུང་དམག་དམར་པོའི་ལས་འགུལ་ཟེར་བའི་ཐོག་ནས་གདུག་རྩུབ་ཇེ་ཆེར་བཏང་སྟེ་དགོན་ཁག་དང༌། ཤེས་རིག་སྒྲིག་འཛུགས་ཁག་ནང་ལྷག་བསྡད་མཁས་པ་དང༌། དགེ་འདུན། གྲུབ་བཙུན་ཡོད་ཚད་ཕྱིར་འབུད་ཀྱིས་ས་གནས་སོ་སོའི་ཡུལ་མི་སྐྱ་བོ་ཚོ་དང་མཉམ་དུ་བོད་དང་ས་འདྲེས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ས་མཚམས་ཁག་ཏུ་དམག་གི་འགྲོ་ལམ་བཟོ་བའི་ལས་རྩོལ་ནང་བཙན་འཇུག་བྱས་ཡོད་པ་དང༌། ཁྱིམ་མཚེས་ཡུལ་ཁག་གི་ཞི་བདེར་འཇིགས་སྣང་ཆེན་པོ་བཟོས་ཡོད་པ་མ་ཟད། ང་ཚོ་བོད་རྒྱལ་ཁབ་དེ་ནི་དེང་སང་རྒྱ་དམར་གྱི་དམག་གི་རྟེན་གཞི་ལྟེ་བ་ཞིག་ཏུ་གྱུར་ཡོད་པ་རེད།

    ༡༩༦༦ ལོ་ནས་བཟུང་བོད་ནང་འགྱུར་བ་ཆེན་པོ་བྱུང་ཡོད་པ་སྟེ། རྒྱ་དམར་ནས་བོད་མི་མང་ལ་བཙན་གནོན་དང༌། གནོད་འཚེ་མུ་མཐུད་བྱེད་ཀྱི་ཡོད་པའི་ཐོག རྒྱ་མི་ཁོ་ཚོ་རང་ཉིད་ནང་ཁུལ་ལའང་ནང་འཁྲུག་རྒྱུན་དུ་ཡོད་མུས་རེད། བོད་རང་སྐྱོང་ལྗོངས་ལྷན་ཁང་ནང་མི་མང་ནས་འདེམས་བསྐོས་ཟེར་བའི་འཐུས་མི་ ༣༠༡ ཡོད་པ་ཚང་མ་ལས་འཁུར་ཕྱིར་འཐེན་བྱས་ཏེ་བོད་ཐོག་རྒྱ་མིས་ལག་ལེན་བསྟར་བའི་སྲིད་བྱུས་དེ་ནི་ད་ཆ་ཕྱོགས་གང་ས་ནས་ཁུངས་མ་འཁྱོལ་བའི་ར་སྤྲོད་གསལ་པོ་ཐོན་ཡོད། དེ་བཞིན་བོད་རིགས་ལས་བྱེད་པའི་མིང་ཙམ་ཡང་གླེང་ཐོན་གོ་འཚོར་ཡོད་པ་མ་རེད། རྒྱ་ནག་ལ་ལོ་མང་སློབ་སྦྱོང་བྱས་པའི་བོད་མི་ཚོར་ས་གནས་མི་རིགས་རིང་ལུགས་འདུག་ཅེས་སྐྱོན་བཙུགས་ནས། བཙན་དབང་ངལ་རྩོལ་རྭ་བའི་ནང་བསྐྱར་དུ་སློབ་གསོ་བྱེད་དགོས་ཞེས་བཏང་འདུག སྔ་ལོ་ཟླ་ ༩ ནས་བཟུང་ཆབ་སྲིད་ཀྱི་ལས་དོན་ཚང་མ་རྒྱ་དམག་གིས་འཛིན་སྐྱོང་བྱས་ཏེ་དེང་སང་བོད་ཡོངས་རྫོགས་རྒྱ་དམར་དབང་བསྒྱུར་དྲག་པོ་ཁོ་ནས་བཙན་བཟུང་བྱེད་པ་དང༌། ཞི་བའི་མི་ཚོར་ཆབ་སྲིད་འཛིན་སྐྱོང་གི་མིང་ཙམ་ཡང་ཡོད་པ་མ་རེད།

    རྒྱ་དམར་གྱི་འོག་ནས་ཐར་བའི་ང་ཚོ་སྐལ་ལྡན་མི་མང་ཚོས་རྒྱལ་གཅེས་རང་རིགས་བོད་མི་ཧ་ཅང་མང་པོས་དེ་རིང་གི་ཉིན་དེར་རང་སྲོག་བཏང་བའི་གཟི་བརྗིད་ཅན་གྱི་ལས་འགན་ཆེན་པོ་འདི་སྒྲུབ་ཐབས་བྱེད་དགོས་པ་སྟེ། ཚང་མས་དུས་གཏན་དུ་བློ་རྩེ་གཅིག་ཏུ་སྒྲིམ་བཞིན་རང་དབང་ལྡན་པའི་བོད་དུ་ལོག་རྒྱུའི་གྲ་སྒྲིག་འབད་བརྩོན་ཆེ་བསྐྱེད་བྱེད་བཞིན་པ་ཡིན། དཔེར་ན། བོད་ཕྲུག་ཚོ་མ་འོངས་པའི་རང་དབང་རང་བཙན་བོད་ཀྱི་གཞི་རྩ་ལྟ་བུ་ཡིན་པར་ལྟ་སྐྱོང་ཐོག་ནས། ཁོང་ཚོར་ཕྱོགས་གཅིག་ནས་རང་གི་རིག་གཞུང་དང༌། ཆོས་དད། གོམས་གཤིས་བཟང་པོའི་རྩ་བ་གཏིང་ཟབ་འཛུགས་པ་དང༌། ཕྱོགས་གཞན་ནས་དེང་རབས་ཡར་ཐོན་གྱི་ཤེས་ཡོན་དང༌། འཛམ་གླིང་གི་རིག་གཞུང་ཤེས་ཡོན་མཐོ་ཚད་ཀྱིས་ཕྱུག་པ་ཞིག་ཡོང་བར་བྱེད་པ་སོགས་བསམ་བློ་དང༌། སྤྱོད་བཟང་གཉིས་ཀ་ནས་ཡར་རྒྱས་འགྲོ་ཐུབ་པའི་གོ་སྐབས་བཟང་པོ་སྤྲོད་ཀྱི་ཡོད། ཁོང་ཚོ་གནས་སྟངས་འདི་ཐོག་ནས་འཚར་ལོངས་བྱུང་བ་ཡིན་ན། རྗེས་སུ་བོད་ཀྱི་ཆབ་འབངས་ཤེས་ནུས་ཅན་ཞིག་ཡོང་རྒྱུ་མ་ཟད། རང་གི་རྒྱལ་ཁབ་དང་འགྲོ་བ་མིའི་རིགས་ལ་ལེགས་ཆའི་ཞབས་འདེགས་ཞུ་མཁན་ཞིག་ཀྱང་འབྱུང་ཐུབ་པ་ཡིན།

    དེ་འབྲེལ་བོད་ནས་བཙན་བྱོལ་དུ་ཐར་བ་མི་མང་བརྒྱད་ཁྲི་ལྔ་སྟོང་གི་ནང་ནས་རྒྱ་གར་དང༌། འབྲུག འབྲས་ལྗོངས། སུད་སི་བཅས་སུ་ཁྱོན་བསྡོམས་བོད་མི་ ༢༠༠༤༠ སྐོར་ཞིག་ཞིང་ལས་དང༌། འབྲོག་ལས། བཟོ་ལས། ལག་ཤེས་བཟོ་གྲྭ་ཁག་ཏུ་གཞིས་ཆགས་བྱས་དང་བྱེད་བཞིན་པ་ཡིན་ཞིང༌། འདི་དག་ནི་གཙོ་ཆེ་བ་རྒྱ་གར་གཞུང་གིས་དབུས་གོང་གསལ་ཡུལ་ཁག་སོ་སོའི་གཞུང་དང༌། རོགས་རམ་ཚོགས་པ་ཁག་ནས་གཏོང་ཕོད་ཆེ་བའི་རོགས་རམ་མ་བྱུང་བ་ཡིན་ན་འདི་འདྲ་ལག་ལེན་འཁེལ་ཐབས་མེད། དེས་ན་སྐབས་འདིར་ངོས་ནས་བོད་མི་མང་ཡོངས་ཀྱི་ཚབ་དང༌། རང་ངོས་སྒེར་བཅས་ནས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ད་དུང་གཞིས་ཆགས་བྱེད་དགོས་ངེས་བོད་མི་གྲངས་ ༢༠༠༠༠ ཙམ་ཞིག་ཡོད་པར་བརྟེན་ང་ཚོས་ད་བར་དཀའ་ངལ་ལ་མ་འཛེམས་པའི་ལས་དོན་ཇི་བྱས་འདི་ཐོག་མུ་མཐུད་ཡར་རྒྱས་རྒྱ་ཆེར་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ་ནི་ང་ཚོ་རང་ཉིད་ལ་རག་ལུས་པ་ཞིག་ཡིན། ང་ཚོས་ཤུགས་སྣོན་བརྒྱབ་ཐུབ་པ་ཡིན་ན། སྦྱིན་བདག་རྒྱ་གར་གྱིས་མཚོན་པའི་རང་རེ་གནས་སྡོད་ཡུལ་ཁག་གི་རྩ་བའི་ཡར་རྒྱས་ལའང་ཕན་ནུས་ཐོན་པ་ཡོང་རྒྱུ་མ་ཟད། ང་ཚོ་བོད་དུ་ལོག་རྒྱུའི་ཉི་མ་མ་ཤར་གྱི་བར་དུ་ང་ཚོས་བོད་མིན་པའི་རྒྱལ་ཁབ་ཅིག་ནང་བོད་ཀྱི་རིག་གཞུང་ངོ་མ་དེ་རྩ་འཛུགས་ཐུབ་པ་ཡོང་རྒྱུ།

    རང་ཡུལ་བོད་རྒྱལ་ཁབ་ཏུ་ཕྱིར་ལོག་བྱ་རྒྱུ་དེ་ང་ཚོའི་རེ་བ་གཙོ་བོ་ཡིན། རེབ་ཆེན་པོ་དེ་ང་ཚོས་རྒྱུན་དུ་སྙིང་ལ་བཅང་ནས། དེའི་དོན་དུ་དུས་དང་རྣམ་པ་ཀུན་ཏུ་དཀའ་སྤྱད་འབད་བརྩོན་བྱེད་དགོས་པ་ཡིན། མཉམ་སྦྲེལ་རྒྱལ་ཚོགས་ནང་རྒྱལ་ཁབ་མང་པོས་ང་ཚོའི་བོད་དོན་ཐོག་རྒྱབ་སྐྱོར་གནང་ཡོད་ལ། དེ་བཞིན་རྒྱ་མིས་བོད་དུ་བཙན་འཛུལ་བྱས་པར་སྐྱོན་འཛུགས་ཀྱང་གནང་ཡོད། ང་ཚོས་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། མཉམ་སྦྲེལ་རྒྱལ་ཚོགས་ནས་ཡིན་ཡང་རུང༌། དེ་མིན་གཞན་དག་གང་ནས་ཡིན་ཡང་ང་ཚོས་རྒྱབ་སྐྱོར་གཙང་མ་ཡོང་རྒྱུར་མུ་མཐུད་དེ་རེ་བ་ཞུ་གི་ཡོད།

    རྒྱ་དམར་གྱིས་བོད་དུ་བཙན་འཛུལ་བྱས་པ་དེ་ནི། ཨེ་ཤ་ཡ་གླིང་ཆེན་ལ་འཇིགས་ཉེན་ཆེན་པོ་བཟོས་པ་སྨོས་ཅི། ང་ཚོ་བོད་དང་ས་འདྲེས་ཁྱིམ་མཚེས་ཡུལ་ཁག་ལ་ཉེན་ཁ་ལྷག་པར་ཆེ་བ་ཡིན་ངེས་ང་ཚོས་རྟག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། འདི་ལྟ་བུའི་གནས་ཚུལ་གྱི་འོག་དང༌། འགྲོ་བ་མིའི་རིགས་ཀྱི་སྣང་ཚུལ་གྱི་ཐོག་ནས་ཡིན་ཡང་རུང༌། སྙིང་པོ་དྲང་བདེན་གྱི་གནད་དོན་ལ་རྒྱབ་སྐྱོར་གནང་དགོས་པ་ཡིན་ཚེ། ང་ཚོས་རྒྱ་གར་གཞུང་ལ་སྲིད་དོན་རྒྱབ་སྐྱོར་ཤུགས་ཆེར་གཏོང་གནང་ཞེས་སླར་ཡང་འབོད་བསྐུལ་ཞུ་རྒྱུ། ཡང་ང་ཚོས་རྒྱ་གར་ཁོ་ནའི་འབོད་བསྐུལ་ལ་བརྟེན་ནས་བོད་དོན་ཕན་འབྲས་ཡོང་བའི་ནུས་ཤུགས་ཐོན་ཐུབ་རྒྱུར་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་གར་ནི་ཨེ་ཤ་ཡའི་ནང་གལ་གནད་ཅན་གྱི་གནས་སྟངས་ཤིག་ཐོག་གནས་ཡོད་པ་དང༌། དེ་བཞིན་རྒྱ་གར་ནི་བོད་དང་རིག་གཞུང༌། ཡུལ་ལུང་ས་འདྲེས་ཕྱོགས་གང་སའི་འབྲེལ་བ་དམ་ཟབ་ཡོད་པའི་ཐོག བོད་མི་སྟོང་ཕྲག་མང་པོ་རང་ཡུལ་ནས་བཙན་བྱོལ་དུ་ཡོང་དགོས་ལ་རོགས་རམ་གནང་བ་འདི་ལྟར་ལ་སོང༌། ཇི་སྲིད་མིའི་རང་དབང་ལ་ཡིད་ཆེས་བྱས་པ་དེ་སྲིད་དུ་བདེན་དོན་ལ་རྒྱབ་སྐྱོར་གནང་རྒྱུར་ང་ཚོས་ཡིད་ཆེས་ཞུ་བཞིན་ཡོད། ང་ཚོ་བོད་མི་ཚོས་དོན་གནད་འདི་ཐོག་འཁུར་བརྩོན་ཆེ་བསྐྱེད་དགོས་པ་དང༌། ང་ཚོས་རྒྱུད་འཛིན་གྱི་ལས་འགན་དེ་རྒྱ་གར་ནང་འགྲུབ་ཐུབ་པའི་ཆེད་དུ་མུ་མཐུད་འབད་བརྩོན་བྱ་རྒྱུར་སེམས་ཐག་གཙང་མར་བཅད་ཡོད། མཆོག་གསུམ་ཐུགས་རྗེས་འགྲོ་བ་མ་ལུས་པར་བདེ་སྐྱིད་འབྱུང་བའི་སྨོན་ལམ་བཅས།།     །།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༥ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༦ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༦ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese