མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།

བོད་ཀྱི་དུས་བབ།
༢༠༠༩/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

    ད་ཉིན་གསུམ་བཅུའི་དུས་དྲན་ཐེངས་བཞི་བཅུ་པའི་སྐབས་འདིར། ངོས་ནས་བོད་ཕྱི་ནང་དུ་ཡོད་པའི་རང་རིགས་སྤུན་ཟླ་རྣམས་དང༌། དེ་བཞིན་འཛམ་གླིང་གིས་ཁུལ་གང་སར་ཡོད་པའི་ང་ཚོའི་གྲོགས་པོ་ཁག ང་ཚོར་རྒྱབ་སྐྱོར་གནང་མཁན་བཅས་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན།

    ང་ཚོ་བཙན་བྱོལ་བར་གྱུར་ཏེ་མི་ལོ་བཞི་བཅུ་འགྲོ་གི་ཡོད་ཅིང༌། དེའི་རིང་བོད་ཕྱི་ནང་གཉིས་ཀའི་ཐོག་ནས་ང་ཚོའི་རང་དབང་གི་དོན་དུ་འཐབ་རྩོད་བྱས་ཡོད། མི་གཅིག་གི་མི་ཚེའི་ནང་ལོ་བཞི་བཅུ་ཟེར་བ་འདི་དུས་ཡུན་ཐུང་ཐུང་ཞིག་མིན། དེའི་རིང་བོད་ནང་གི་སྤུན་ཟླ་ཆེས་མང་དང༌། ༡༩༥༩ ལོར་བོད་ཡུལ་བཞག་སྟེ་བཙན་བྱོལ་ལ་ཡོང་མཁན་གྱི་བོད་མི་མང་པོ་ཞིག་འདས་གྲོངས་སོང་སྟེ། དེང་སྐབས་བོད་ཕྱི་ནང་གཉིས་ཀར་མི་རབས་གཉིས་པ་དང༌། གསུམ་པའི་ན་གཞོན་ཚོས་ལྷག་བསམ་སྙིང་སྟོབས་ཆེན་པོའི་སྒོ་ནས་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ལས་འགན་འཁུར་བཞིན་ཡོད། མི་ལོ་བཞི་བཅུའི་རིང་ང་ཚོ་བཙན་བྱོལ་བ་རྣམས་ནས་སྤྱི་ཚོགས་ལམ་ལུགས་མང་གཙོའི་ཕྱོགས་སུ་གོམ་པ་ཆེན་པོ་སྤོས་པའི་ཐོག ཤེས་ཡོན་སློབ་སྦྱོང་དང༌། རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱས་པར་རྒྱལ་སྤྱིའི་ཐོག་ནས་གདེང་འཇོག་ཆེན་པོ་ཐོབ་ཡོད། གྲུབ་འབྲས་དེ་དག་ནི་བོད་མི་ཚོ་ནས་སྙིང་སྟོབས་ཆེན་པོས་འབད་བརྩོན་བྱས་པ་ལ། རྒྱལ་སྤྱིའི་ཚོགས་སྡེ་མང་པོ་ཞིག་དང༌། སྒེར་ཁག་གིས་རོགས་རམ་གནང་བ་དང༌། ལྷག་པར་རྒྱ་གར་གྱི་སྲིད་བློན་ནེ་ཧ་རུས་བོད་མི་ཚོ་རྒྱ་གར་ནང་བཙན་བྱོལ་དུ་བསྡད་འཐུས་ཞལ་བཞེས་ཐོག བོད་མིའི་སློབ་སྦྱོང་དང༌། གཞིས་ཆགས་ཀྱི་འཆར་གཞི་གཏན་འབེབས་གནང་བ་ནས་བཟུང་རྒྱ་གར་གཞུང་དང༌། མི་མང་གིས་སྣེ་ལེན་མཐུན་འགྱུར་ཧ་ཅང་ཡག་པོ་གནང་བ་བཅས་ལས་བྱུང་བ་ཡིན་པས་ང་ཚོས་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད།

    འདས་པའི་མི་ལོ་བཞི་བཅུའི་རིང་རྒྱ་ནག་གཞུང་གིས་བོད་ལ་རང་འདོད་ལྟར་དབང་སྒྱུར་བྱས་ཡོད་ཅིང༌། པཎ་ཆེན་རིན་པོ་ཆེ་སྐུ་གོང་མས་ ༡༩༦༢ ལོར་ཕྱོགས་བསྡོམས་གནང་བའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་ནང་རྒྱ་མིས་བོད་ནང་གདུག་རྩུབ་བཙན་དབང་ཇི་ལྟར་བྱས་པའི་ལོ་རྒྱུས་རྣམས་གསལ་པོར་འཁོད་ཡོད་པ་དང༌། དེ་རྗེས་རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་སྐབས་གཏོར་བཤིག་དང༌། མི་མང་གིས་སྡུག་བསྔལ་ཇི་ལྟར་མྱངས་པ་ཡོངས་གྲགས་ལྟར་བློ་ཕམ་ཡིད་སྐྱོའི་རང་བཞིན་ལས་མ་མཆིས་པས་ཞིབ་གསལ་བརྗོད་འདོད་མེད། ༡༩༨༩ ལོར་པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་ཉེར་གནང་བའི་ཡོངས་ཁྱབ་གསུང་བཤད་ནང༌། བོད་ཡར་རྒྱས་བཏང་ནས་ཐོབ་པའི་ཁེ་ཕན་ལས། གཏོར་བཤིག་བཏང་བ་དང༌། བོད་མིས་དཀའ་སྡུག་མྱངས་པའི་གྱོང་གུན་ཆེ་བ་བྱུང་ལུགས་གསལ་པོ་གསུངས་ཡོད།

    ད་ཕན་བོད་ནང་སྤྱིར་ན་དཔལ་འབྱོར་འཛུགས་སྐྲུན་ཡར་རྒྱས་ཕྲན་བུ་ཕྱིན་ཡོད། འོན་ཀྱང་ལོ་རྒྱུས་དང༌། ཆོས་དང་རིག་གཞུང༌། སྐད་ཡིག ཡུལ་སྲོལ་གོམས་གཤིས། ས་བབས་གནས་སྟངས་སོགས་གང་ཅིའི་ཐད་བོད་རྒྱ་གཉིས་མི་འདྲ་བའི་དབང་གིས་ཕན་ཚུན་ལྟ་སྤྱོད་མི་མཐུན་པ་དང༌། བློ་འདོད་མ་ཁེངས་པ། ཡིད་ཆེས་མེད་པ་བཅས་ཀྱི་གཞི་རྩའི་དཀའ་ངལ་ཆེན་པོ་ཞིག་ད་ལྟའང་ཡོད་མུས་ཡིན། བོད་མིའི་ཕྱོགས་ནས་མི་མཐུན་པའི་རྣམ་འགྱུར་ཅུང་ཟད་ཐོན་མ་ཐག་རྒྱའི་དབང་འཛིན་པ་ཚོས་དེ་འཕྲལ་དྲག་རྩུབ་བཙན་གནོན་གྱིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེན་གཏོང་གི་ཡོད། བོད་ཀྱི་རིག་གཞུང་དང༌། མི་རིགས་ཀྱི་ངོ་བོ་གཅེས་སྲུང་བྱེད་པའི་བྱ་སྤྱོད་བཀག་འགོག་བྱེད་པ་དེ་ནི་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བའི་དམིགས་བསལ་གྱི་བྱེད་སྟངས་ཤིག་ཡིན། དེ་ནི་མི་རིགས་དང༌། རིག་གཞུང་དབྱེ་འབྱེད་མཐོང་ཆུང་བྱས་པ་ལས་བྱུང་བ་ཞིག་དང༌། དཀའ་རྙོག་འདིའི་ངོ་བོ་ཤིན་ཏུ་གཏིང་ཟབ་ཡོད་པའི་རྟགས་མཚན་ཞིག་ཀྱང་ཡིན།

    རྒྱའི་དབང་འཛིན་པ་ཚོས་བོད་མིས་མི་འདོད་པའི་རྣམ་འགྱུར་བསྟན་པ་འདིའི་འབྱུང་རྩ་བོད་ཀྱི་ཆོས་དང་རིག་གཞུང་ལ་ཐུག་པར་ངོས་འཛིན་བྱས་ཏེ་བོད་མི་རིགས་ཀྱི་ངོ་བོ་དང༌། རིག་གཞུང་གི་སྙིང་པོ་རྣམས་ཉམས་དམས་རྩ་བརླག་ཏུ་གཏོང་རྒྱུའི་དམིགས་ཡུལ་བཟུང་སྟེ་འབད་བརྩོན་བྱེད་བཞིན་འདུག བོད་བཅིངས་འགྲོལ་བཏང་ལུགས་བཤད་དེ་མི་ལོ་ལྔ་བཅུ་སོང་ཡང༌། བོད་ཀྱི་རྩོད་རྙོག་གསོན་ཤུགས་ཆེན་པོར་གནས་ཏེ་ད་དུང་ཡང་དཀའ་ངལ་སེལ་ཐུབ་མེད། བོད་དང་རྒྱ་ནག་གཉིས་ཀར་ཕན་ཐོགས་གཏན་ནས་མེད་པའི་ད་ལྟའི་ལམ་ཕྱོགས་འདི་གའི་ཐོག་མུ་མཐུད་ཕྱིན་ན་བོད་མིའི་དཀའ་ངལ་སེལ་མི་ཐུབ་ལ། རྒྱ་ཕྱོགས་ལ་ཡང་བརྟན་ལྷིང་དང་ཆིག་སྒྲིལ་འབྱུང་མི་ཐུབ་ཅིང༌། རྒྱལ་སྤྱིའི་ནང་རྒྱ་ནག་གི་མིང་མཐོང་ལ་ཡང་གནོད་རྐྱེན་ཡོང་ངེས་ཡིན། བོད་རྒྱའི་དཀའ་རྙོག་སེལ་ཐབས་ནི་འགན་ཁུར་བླངས་ཏེ་རྒྱུ་མཚན་ལྡན་པའི་གྲོས་མོལ་བྱ་རྒྱུ་ལས་ཐབས་ལམ་གཞན་མེད།

    དངོས་དོན་དེ་ལ་བསྟུན་ཏེ། ལོ་རབས་བདུན་ཅུའི་འགོ་སྟོད་དུ་ངོས་ནས་གཞུང་ཞབས་རྒན་གྲས་འགའ་ཞིག་དང་གོ་བསྡུར་ཐོག་དབུ་མའི་ལམ་ཕྱོགས་ཀྱི་དོན་ཚན་གཙོ་ཆེ་བ་ཁག་གཏན་འབེབས་བྱས་ཤིང༌། དེའི་ནང་བོད་རང་བཙན་དང༌། ཁ་བྲལ་མིན་པར་རྒྱ་ནག་མི་མང་སྲིད་གཞུང་གི་ནང་ཁོངས་སུ་སྡོད་རྒྱུ་དང༌། བོད་མི་རིགས་ལའང་གཞི་རྩའི་ཐོབ་ཐང་ཁག་དང༌། རང་དབང་ཆ་ཚང་ཡོད་པ་བཅས་ཀྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཡོད་པར་ཡིད་ཆེས་བྱས་ཡོད། ངོས་ནས་བྱམས་སྙིང་རྗེ་དང༌། འཚེ་མེད་ཞི་བའི་ལམ་གྱི་རྨང་གཞིར་གྱུར་པའི་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་ཡོང་ཐབས་བྱ་རྒྱུ་གལ་གནད་ཆེན་པོར་ངོས་འཛིན་བྱེད་ཀྱི་ཡོད་ཅིང༌། དེ་ལྟ་བུའི་རིག་གཞུང་འདི་ནི་དེང་གི་དུས་རབས་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་སྟབས། མི་ཉམས་གོང་སྤེལ་བྱེད་འོས་ངེས་ཡིན། ༡༩༧༨ ལོའི་ལོ་མཇུག་ཏུ་ཏེང་ཞའོ་ཕིང་གིས་ང་ཚོར་འབྲེལ་བའི་ཐོག་གྲོས་མོལ་བྱེད་རྒྱུའི་རྣམ་འགྱུར་བསྟན་མ་ཐག་ངོས་ནས་དེ་འཕྲལ་བརྡ་ལན་བྱས་པ་ཡིན།

    འོན་ཀྱང་དོན་དངོས་ཐོག་རྒྱ་ནག་དང༌། ང་ཚོའི་བར་གྱི་འབྲེལ་ལམ་དེར་འགྱུར་བ་འདྲ་མིན་སྣ་ཚོགས་ཤིག་བྱུང་ཡོད། བློ་ཕམ་པ་ཞིག་ལ། ངོས་ནས་འབད་བརྩོན་ཇི་ལྟར་བྱས་ཀྱང་རྒྱ་ནག་གི་འགོ་ཁྲིད་ཚོའི་ངོས་ནས་ཆབ་སྲིད་ཀྱི་སྙིང་སྟོབས་མ་ལྡངས་པ་ལྟ་བུས་བདག་སྤྲོད་ཇི་བཞིན་མ་བྱས་པར་བརྟེན། ༡༩༩༣ ལོའི་ཕྱི་ཟླ་ ༨ པར་ང་ཚོའི་བར་གཞུང་འབྲེལ་གྱི་འབྲེལ་བ་མཚམས་ཆད་པ་དང༌། དེ་རྗེས་མི་སྒེར་པ་དང༌། ཕྱེད་གཞུང་འབྲེལ་གྱི་འབྲེལ་ལམ་འགའ་ཤས་བྱུང་ཞིང༌། འདས་པའི་ལོ་ཕྱེད་གཉིས་ཙམ་རིང་འབྲེལ་ལམ་གཅིག་ལ་ངེས་གཏན་དང་དོན་ཕན་གྱི་རྣམ་པ་ཅུང་ཟད་ཐོན་ཞིང༌། སྲིད་འཛིན་ཅང་ཙེ་མིན་རང་ཉིད་ནས་ཀྱང་བོད་དོན་ཐོག་དོ་སྣང་གནང་གི་ཡོད་པའི་མངོན་རྟགས་གསལ་པོ་བྱུང༌།

    སྔ་ལོ་ཕྱི་ཟླ་ ༦ པའི་ནང་ཨ་རིའི་སྲིད་འཛིན་པེ་ཅིང་དུ་ཕེབས་སྐབས་ཅང་ཙེ་མིན་གྱིས་བོད་དོན་ཐོག་གླེང་མོལ་རྒྱུན་རིང་གནང་ཞིང༌། སྲིད་འཛིན་རྣམ་གཉིས་ནས་གསར་འགོད་པ་མཇལ་འཕྲད་སྐབས་སུ་ཅང་ཙེ་མིན་གྱིས་བོད་དོན་སྐོར་གྲོས་མོལ་འགོ་འཛུགས་མ་བྱས་གོང་ཏཱ་ལའི་བླ་མས་དོན་ཚན་གཉིས་ལ་ཡོངས་བསྒྲགས་གསལ་བཤད་དགོས་ཚུལ་གསུངས་ཡོད། ང་ཚོའི་ངོས་ནས་དེ་དོན་གསལ་བཤད་བྱ་རྒྱུ་དང༌། དེ་ཡང་ཕྱི་ལ་ཡོངས་བསྒྲགས་མ་བྱས་གོང་ནང་དོན་གོ་བསྡུར་བྱེད་འདོད་ཡོད་ལུགས་གསལ་པོར་བརྗོད་དེ་བརྡ་ལན་བཟང་པོ་ཞིག་ཡོང་རེ་བྱས་ཀྱང་བརྡ་ལན་གང་ཡང་མ་བྱུང༌། རྒྱུ་རྐྱེན་གང་ཡང་མེད་པར་སྔ་ལོའི་སྟོན་མཇུག་ནས་བཟུང་རྒྱ་ཕྱོགས་ནས་བོད་རྒྱའི་གྲོས་མོལ་དང༌། ངོས་ལ་ལྟ་སྟངས་ཐད་མངོན་གསལ་དུ་མཁྲེགས་བཟུང་གི་རྣམ་འགྱུར་ཇེ་སྡུག་ཏུ་བཏང་སོང་ཞིང༌། གློ་བུར་གྱི་འགྱུར་བ་དེ་དང་འབྲེལ་བར་བོད་ནང་སླར་ཡང་གདུག་རྩུབ་དྲག་ཤུགས་ཆེ་རུ་བཏང་བ་བཅས་ད་ལྟ་ང་ཚོ་དང་རྒྱ་ནག་གཞུང་བར་འབྲེལ་བའི་གནས་སྟངས་འདི་འདྲ་ཞིག་ཏུ་གནས་ཡོད།

    འདས་པའི་ལོ་བཅུ་ཕྲག་འགའ་ཤས་ཀྱི་ཉམས་མྱོང་ལ་གཞིགས་ན། གཞུང་འབྲེལ་གསལ་བསྒྲགས་ཡིག་ཆ་དང༌། གཏམ་བཤད་འདྲ་ཆགས་པོ་ཡོད་ཀྱང༌། ཆབ་སྲིད་འཁྲབ་སྟོན་གྱི་རྣམ་འགྱུར་མཁས་པོ་གཅིག་པུས་མི་མང་གི་སྡུག་བསྔལ་ཆུང་དུ་གཏོང་མི་ཐུབ་ལ། མདུན་དུ་ལྷགས་པའི་དཀའ་ངལ་ཡང་སེལ་མི་ཐུབ། བཙན་དབང་དྲག་ཤུགས་ཀྱིས་མིའི་ལུས་ལ་དབང་སྒྱུར་ཐུབ་ན་ཡང༌། མིའི་བསམ་བློའི་འགྱུར་བ་ནི་རྒྱུ་མཚན་ལྡན་ཞིང་དྲང་བདེན་ཁོ་ནས་མ་གཏོགས་འབྱུང་མི་ཐུབ་པ་གསལ་པོ་ཡིན། འོ་ན་གང་བྱེད་དགོས་ཟེར་ན༑ ཆབ་སྲིད་ཀྱི་སེམས་ཤུགས་ལ་བརྟེན་ནས་རྒྱང་རིང་གི་ཁེ་ཕན་ལ་བསམ་གཞིགས་ཀྱིས་དཀའ་གནད་ཀྱི་རྩ་བར་གཏུགས་ཐོག་མི་མང་ལ་འདོད་པ་ཁེངས་པའི་ཁེ་ཕན་ཞིག་ཡོད་པ་བྱས་ནས་དཀའ་ངལ་སེལ་ཐུབ་པ་བྱེད་དགོས། དེ་ལྟར་གཉིས་མོས་ཀྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐུབ་པ་བྱུང་མཚམས་ལོ་ཤས་གོང་དུ་བརྗོད་ཟིན་པ་ལྟར། ངོས་ནས་བོད་ཀྱི་ཆབ་སྲིད་འགན་ཁུར་མཚམས་འཇོག་རྒྱུ་ཡིན།

    བོད་རྒྱའི་དཀའ་རྙོག་འདི་ནི་ལྟ་བ་འདྲ་མིན་དང༌། སྤྱི་ཚོགས་ཀྱི་ལམ་ལུགས་འདྲ་མིན་ལས་བྱུང་བ་ཞིག་གམ། ཡང་ན་གོམས་གཤིས་རྙིང་པ་དང༌། གསར་བརྗེའི་བར་གྱི་འགལ་བས་བྱུང་བ་ཞིག་མིན་ལ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཅིག་པུ་ཡང་མིན། དེ་ནི་དུས་རབས་མང་པོའི་གོང་ནས་ཡོད་པའི་རྒྱལ་རབས་ལོ་རྒྱུས་དང༌། རིག་གཞུང༌། མི་རིགས་ཀྱི་ངོ་བོ་བཅས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་འབྲེལ་བའི་གནད་དོན་དཀའ་རྙོག་གཏིང་ཟབ་ཅན་ཞིག་ཡིན། ༡༩༧༨ ལོའི་ལོ་མཇུག་གི་དུས་སྐབས་བཞིན་དཀའ་རྙོག་ཚབས་ཆེ་འདི་དག་ངོ་ཐུག་གྲོས་མོལ་བྱས་ཏེ་སེལ་ཐབས་བྱེད་དགོས་པ་དང༌། ཐོག་མར་བོད་རྒྱ་བར་ཡིད་ཆེས་བརླག་པའི་ཚོར་སྣང་མེད་པ་བཟོ་དགོས། དེ་ནི་ཉིན་གཅིག་ལ་བཟོ་ཐུབ་པ་ཞིག་མིན་པས་ཕན་ཚུན་ངོ་འཕྲད་ཐོག་ལྷག་བསམ་རྣམ་དག་ངང་གྲོས་མོལ་བྱས་ཏེ་སེལ་ཐབས་བྱེད་དགོས།

    ངོས་ཀྱི་མཐོང་ཚུལ་ལྟར་ན། རྒྱ་ནག་གི་འགོ་ཁྲིད་པ་ཚོ་དོགས་པ་རྣམ་རྟོག་ཤིན་ཏུ་ཆེ་བའི་དབང་གིས་ངོས་ནས་ལྷག་བསམ་རྣམ་དག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང༌། གནད་དོན་གཞན་དག་སྐོར་བསམ་ཚུལ་རིམ་བརྗོད་རྣམས་དང་ལེན་བྱ་རྒྱུར་འགོག་རྐྱེན་བཟོ་གི་འདུག དཔེ་མཚོན་གསལ་ཤོས་ཤིག་ལ། བོད་ས་མཐོའི་ཁོར་ཡུག་འགྱུར་རྐྱེན་ཆེ་བས་ཁུལ་དེའི་བྱ་གཞག་ལ་ཡིད་གཟབ་དགོས་པའི་འབོད་སྐུལ་ལོ་མང་གོང་ནས་རིམ་པར་བྱས་ཡོད། དེ་ཡང་བོད་གཅིག་པུའི་ཁེ་ཕན་ཆེད་མིན་ཏེ། བོད་ནང་ཁོར་ཡུག་གི་གནས་སྟངས་འགྱུར་ལྡོག་ཆེན་པོ་བྱུང་ན་རྒྱ་ནག་གི་ཡུལ་གྲུ་མང་པོ་དང༌། ཉེ་འཁོར་རྒྱལ་ཁབ་གཞན་དག་ལ་ཡང་གནོད་སྐྱོན་ཡོང་རྒྱུར་བརྟེན་འབོད་སྐུལ་དེ་ལྟར་བྱས་པ་ཡིན། འོན་ཀྱང་བློ་ཕམ་པ་ཞིག་ལ་སྔ་ལོ་རྒྱ་ནག་ནང་ཁུལ་ཆུ་ལོག་ཆེན་པོ་མ་བྱུང་བར་རྒྱ་ནག་གི་འགོ་ཁྲིད་ཚོས་གནད་དོན་དེ་ལ་དོ་སྣང་བྱས་མ་སོང༌། ད་ཆ་བོད་ཀྱི་ས་ཁུལ་ཁག་ལ་ཤིང་ནགས་གཅོད་བྲེགས་མཚམས་འཇོག་དགོས་པའི་བཀའ་ཁྱབ་བཏང་བ་ལ་དགའ་བསུ་ཞུ་རྒྱུ་དང༌། ད་དུང་ཡང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་དུ་ལས་དོན་ཁག་མང་བསྒྲུབ་རྒྱུའི་རེ་བ་ཡོད། ངོས་ནས་བོད་དོན་གྱི་དཀའ་རྙོག་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱ་རྒྱུ་འདི་ལ་འགྱུར་བ་གང་ཡང་མེད་ཅིང༌། རང་བཙན་ཡང་རྩོད་ཀྱི་མེད།

    ངའི་རེ་བ་ནིབོད་རྒྱའི་གྲོས་མོལ་གང་མགྱོགས་འགོ་འཛུགས་ཐུབ་པ་ཞིག་དང༌། བོད་མི་རིགས་ལ་རང་སྲིད་རང་སྐྱོང་གི་ཐོབ་དབང་ཚད་ལྡན་ཡོད་པའི་ཐོག་ནས་ཆོས་དང༌། རིག་གཞུང༌། སྐད་ཡིག སྤྱི་ཚོགས་ཀྱི་དཔལ་འབྱོར་སོགས་ཡར་རྒྱས་གཏོང་ཐུབ་པ་དགོས་རྒྱུ་འདི་ཡིན། དབུ་མའི་ལམ་ཕྱོགས་འདི་ལ་བརྟེན་ནས་རྒྱ་ནག་མི་མང་སྲིད་གཞུང་ནང་བརྟན་ལྷིང་ཆིག་སྒྲིལ་ཡོང་རྒྱུ་དང༌། བོད་མི་རིགས་ལ་ཡང་ཞི་བདེ་དང༌། མིའི་ཐོབ་ཐང་ལྡན་པའི་སྒོ་ནས་མི་ཚེ་སྐྱེལ་རྒྱུའི་གོ་སྐབས་ཡོང་བ་བྱ་རྒྱུར་ཕན་ཐོགས་ཡོང་བའི་ཡིད་ཆེས་ཡོད། རྒྱ་ཕྱོགས་ནས་དྲང་བདེན་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་བ་ཡིན་ན། ངོས་ལ་བོད་རྒྱ་ཆེའི་མི་མང་གིས་ཡིད་ཆེས་བློས་འགེལ་བྱེད་པའི་གོ་སྐབས་འདི་བཟུང་སྟེ་བོད་རྒྱ་ཁ་བྲལ་དུ་མི་འགྲོ་བའི་འབོད་སྐུལ་བྱེད་ཐུབ།

    ངོས་རང་བོད་མི་མང་གི་མགྲིན་ཚབ་པ་རང་དབང་ཅན་ཞིག་ཡིན་པའི་ཆ་ནས་བོད་ཀྱི་དཀའ་རྙོག་སེལ་བའི་ཐབས་ཤེས་སྒོ་གང་ས་ནས་བྱས་པ་ལ་སྲིད་གཞུང་ཁག་དང༌། གྲོས་ཚོགས་ཁག་མང༌། གཞུང་འབྲེལ་ཡིན་མིན་ཚོགས་པ་ཁག གཞན་ཡང་སྤྱིར་བཏང་མི་མང་ཁག་བཅས་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་བ་དང༌། ལྷག་པར་ཨ་རིའི་སྲིད་འཛིན་ཁི་ལིན་ཊོན་དང་ཁོང་གི་སྲིད་གཞུང་ནས་བོད་རྒྱའི་རྩོད་རྙོག་གྲོས་མོལ་གྱི་ལམ་ནས་འགྲིགས་ཐབས་ལ་ཐུགས་ཁུར་ཆེ་བཞེས་གནང་བར་མ་ཟད། ཨ་རིའི་གྲོས་ཚོགས་གོང་འོག་གི་སྲིད་དོན་ཚོགས་པ་ཁག་ཚང་མས་ཀྱང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མུས་བཅས་ཀྱིས་ང་ཚོའི་བློ་སྟོབས་འཕེལ་བསྐྱེད་ཆེན་པོ་བྱུང་བས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    བོད་མིའི་དཀའ་སྡུག་མྱོང་ཚུལ་དང༌། ང་ཚོས་འཚེ་མེད་ཞི་བའི་སྒོ་ནས་རང་དབང་འཐབ་རྩོད་བྱེད་པ་འདིས་འཛམ་གླིང་གང་སར་དྲང་བདེན་རྩ་ཆེར་འཛིན་མཁན་མང་པོར་སེམས་འགུལ་ཆེན་པོ་ཐེབས་ཡོད། འདས་པའི་ལོའི་ནང་རྒྱལ་སྤྱིའི་ཐོག་བོད་དོན་ལ་དོ་སྣང་བྱེད་པའི་གནས་ཚུལ་ནི་སྔར་བྱུང་མྱོང་མེད་པའི་ཚད་མཐོར་སོན་པ་དང༌། དེང་སང་བོད་དོན་ཐོག་གདུང་སེམས་མཉམ་བསྐྱེད་བྱེད་མཁན་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་དང༌། སྲིད་གཞུང་དང་གྲོས་ཚོགས་ཁག་ཙམ་མ་ཡིན་པར། གཙུག་ལག་སློབ་གཉེར་ཁང་ཆེ་ཁག་དང༌། སྤྱིར་བཏང་གི་སློབ་གྲྭ་ཁག ཆོས་ལུགས་དང༌། སྤྱི་ཚོགས་ནང་གི་ཚོགས་སྡེ་འདྲ་མིན་ཁག སྒྱུ་རྩལ་མཁན་དང༌། ཚོང་རིགས་མི་སྣ། སྤྱིར་བཏང་གི་མི་མང་བཅས་ནས་རྒྱབ་སྐྱོར་དང༌། གདུང་སེམས་མཉམ་བསྐྱེད་བྱེད་བཞིན་ཡོད། རྒྱ་ཆེའི་མི་མང་ནས་བོད་དོན་ལ་སེམས་འཁུར་ཤུགས་ཆེ་བྱས་པའི་དབང་གིས་སྲིད་གཞུང་དང༌། གྲོས་ཚོགས་ཁག་མང་གིས་རྒྱ་ནག་གཞུང་དང་གྲོས་མོལ་བྱེད་སྐབས་བོད་ཀྱི་སྐོར་གླེང་མོལ་བྱ་རྒྱུ་གནད་དོན་གལ་ཆེའི་གྲས་སུ་འཇོག་གི་ཡོད།

    འགྲོ་བ་མིའི་ཐོབ་ཐང་དང༌། མང་གཙོའི་ལས་འགུལ་སྤེལ་མཁན་རྒྱ་རིགས་ཀྱི་སྤུན་ཟླ་ཕོ་མོ་ཚོ་དང༌། རྒྱ་རིགས་ནང་ཆོས་ལ་དད་ཅན། སྤྱིར་བཏང་ཕྱིར་སྡོད་རྒྱ་རིགས། ཐེ་ཝན་མི་མང་བཅས་པ་དང་ང་ཚོའི་བར་གྱི་འབྲེལ་བ་ཇེ་ཟབ་དང་རྒྱ་ཆེར་སོང་ཡོད། རྒྱ་རིགས་སྤུན་ཟླ་ཕོ་མོའི་ནང་ནས་ང་ཚོར་རྒྱབ་སྐྱོར་དང༌། གདུང་སེམས་མཉམ་བསྐྱེད་བྱུང་བ་འདིས་ང་ཚོའི་སེམས་ཤུགས་དང་རེ་བ་ཇེ་ཆེར་སོང༌། ལྷག་པར་རྒྱ་ནག་ནང་གནས་འཁོད་རྒྱ་རིགས་སྙིང་སྟོབས་ཅན་ཚོས་རྒྱ་ནག་གཞུང་ལ་འབོད་སྐུལ་དང༌། བསམ་འཆར་ཡོངས་བསྒྲགས་བྱས་ཏེ་རྒྱ་ནག་གཞུང་གིས་བོད་དོན་ཐོག་འཛིན་པའིསྲིད་བྱུས་འདི་དག་སྒྱུར་བཅོས་གཏོང་དགོས་པའི་འབོད་སྐུལ་བྱས་པ་ནས་
ངོས་རང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང༌།

    ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་དོན་སྐོར་མཁྲེགས་བཟུང་བྱེད་ཀྱི་ཡོད་ན་ཡང༌། དེང་སང་རྒྱལ་སྤྱིའི་ཐོག་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་གནས་བབ་ནི་སྔར་དང་མི་འདྲ་བའི་བཟང་པོ་ཡོད་པར་བརྟེན། བོད་རྒྱ་བར་དོན་ཕན་ལྡན་པའི་གྲོས་མོལ་ཡོང་བའི་དུས་སྐབས་བཟང་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱལ་སྤྱིའི་ནང་ང་ཚོར་རྒྱབ་སྐྱོར་གནང་མཁན་སྲིད་གཞུང་དང༌། གྲོས་ཚོགས་ཁག མི་མང་བཅས་ཚང་མར་སྔར་ལྷག་སེམས་ཤུགས་དང་སྙིང་སྟོབས་བསྐྱེད་དེ་རྒྱབ་སྐྱོར་མུ་མཐུད་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། འདི་ལྟ་བུའི་རྒྱལ་སྤྱིའི་སེམས་ཁུར་དང༌། རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་ནི་ང་ཚོར་ཤིན་ཏུ་དགོས་གལ་ཆེན་པོ་ཡིན་ཞིང༌། རྒྱལ་སྤྱིའི་རྣམ་འགྱུར་དེ་ལ་བརྟེན་ནས་རྒྱ་ནག་གི་དཔོན་རིགས་རྣམས་ལ་བོད་ཀྱི་གནད་དོན་འདི་དཀའ་རྙོག་ཛ་དྲག་ཅན་ཞིག་ཡིན་པ་དང༌། གལ་གནད་ཆེན་པོར་བཟུང་སྟེ་འོས་འཚམས་ཀྱི་སེལ་ཐབས་བྱེད་དགོས་པའི་འགུལ་ཤུགས་སྐུལ་བརྡ་ཞིག་ཏུ་འགྱུར་ངེས་ཡིན། ད་ཕན་བོད་རང་དབང་གི་ཆེད་ལུས་སྲོག་དོར་བའི་དཔལ་བོ་ཕོ་མོ་རྣམས་ལ་གུས་འདུད་དང༌། བོད་ནང་གི་དཀའ་སྡུག་མྱུར་དུ་སེལ་ཐུབ་པའི་སྨོན་ལམ་བཅས།།   །།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese