མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སེམས་ཁྲལ་ཐོལ་པ། ཟླ་བ་ཚེ་རིང་།

བོད་ཀྱི་དུས་བབ།
༢༠༠༩/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཕ་རི་སིའི་གྲོང་དཀྱིལ་དུ་ཡོད་པའི་ STAR BUCKS-COFFEE  ནི་ང་རང་འགྲོ་བར་དགའ་ཤོས་ཀྱི་ཚིག་ཇ་ཁང་དེ་ཡིན། ནམ་རྒྱུན་གཟའ་མཇུག་དང་ཁོམ་སྐབས་རེ་ཡོད་དུས་བོད་པ་གྲོགས་པོ་ཚོ་མཉམ་དུ་འདིར་ཡོང་གི་ཡོད་ལ། མཚམས་ལ་ལར་དུས་ཆད་ལྟར་བོད་ལ་དགའ་མཁན་ནམ། བོད་ཡིག་སྦྱོང་མཁན། ནང་ཆོས་ལ་དད་མཁན། དེ་བཞིན་བོད་ཀྱི་རྩོམ་རིག་དང་། རིག་གནས། ཆབ་སྲིད། ལོ་རྒྱུས་སོགས་ལ་ཉམས་ཞིབ་གནང་མཁན་གྱི་ངོ་ཤེས་མགོ་སེར་ཚོ་མཉམ་དུ་ཡང་འདིར་ཡོང་གི་ཡོད། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ནང་མི་མ་གཏོགས་བོད་སྐད་བཤད་ས་མེད་པའི་གནས་ཡུལ་འདིར། ཇ་ཁང་ནང་ཚིག་ཇ་འཐུང་ཞོར་མགོ་སེར་ཚོ་མཉམ་དུ་བོད་སྐད་ནང་གླེང་གཞི་འདྲ་མིན་ཐོག་ཁ་བརྡ་བྱེད་པའམ། ཐ་ན་ཁོ་ཚོའི་ལྷན་དུ་བོད་ཀྱི་རྣམ་དབྱེ་དང་ཚིག་ཕྲད་སྐོར་ལ་ཁ་རྩད་ཚིག་རྩོད་རེ་བྱེད་པ་དེ་ང་ལ་མཚོན་ན་སྐྱིད་ཅིག་ཡིན་ཞིང་། འདི་དེང་གི་ཆར་ངས་ཕྱི་ལོགས་ནས་བོད་ཀྱི་ཁོར་ཡུག་གཉེར་སྟངས་ཤིག་ཡིན་ཞེས་བཤད་ཀྱང་མི་ཆོག་པ་མེད།

ཧྥུ་རན་སོ་བ་སི་ནི་ངའི་ངོ་ཤེས་མགོ་སེར་ཚོའི་གྲས་ཀྱི་གཅིག་ཡིན། ཁོ་མོ་བོད་ཀྱི་དེང་རབས་རྩོམ་རིག་གི་འབུམ་རམས་པ་དང་ཕ་རི་སིའི་མཐོ་སློབ་ཅིག་གི་བོད་ཡིག་དགེ་རྒན་ཡིན། དེང་སྐབས་ཁོ་མོས་བོད་ཀྱི་བུད་མེད་རྩོམ་པ་པོའི་སྐོར་ལ་ཉམས་ཞིབ་གནང་གིན་འདུག་ལ། ལོ་ལྟར་ཆེད་དུ་བོད་ནང་དུ་ཕེབས་བཞིན་འདུག ཉེ་སྔོན་ཁོ་མོ་བོད་ནས་ཕྱིར་ལོག་ཕེབས་ཙམ་ཡིན་ཞིང་། དུས་ཆད་ལྟར་དེ་རིང་ངེད་གཉིས་ཡང་བསྐྱར་ཚིག་ཇ་ཁང་འདིའི་ནང་འཛོམས་པ་ཡིན། ནམ་རྒྱུན་ངེད་གཉིས་ཀྱི་ཁ་བརྡ་ཕལ་ཆེར་བོད་ཀྱི་སྐོར་ཡིན་མོད། དེ་རིང་ཕན་ཚུན་འཚམས་འདྲི་དང་འབྲེལ་བའི་སྤྱིར་བཏང་གི་སྐད་ཆ་འགའ་ལས་ཁ་བརྡ་གཙོ་བོ་འབྲུག་པའི་སྐོར་ཆགས།

ཁོ་མོས་བོད་ནས་ཕྱིར་ལོག་སྐབས་འབྲུག་བརྒྱུད་ནས་ཡོང་བ་ཡིན་ཞིང་། དེར་འཚོགས་པའི་རྒྱལ་སྤྱིའི་ཨེ་ཤ་ཡའི་གསོ་རིག་ཚོགས་འདུ་ལ་ཟུར་ཉན་དུ་སོང་བ་དང་། འབྲུག་གི་སྐད་ཡིག་ལེགས་བཅོས་ལས་གཞི་དང་འབྲེལ་བའི་ཚོགས་འདུ་འགར་ཞུགས་པ་མ་ཟད། འབྲུག་གི་མཐོ་རིམ་མི་སྣ་འགར་ཡང་ཐུག་འཕྲད་བྱུང་བས་འབྲུག་ཡུལ་ལ་འགྲོ་ཐེངས་དང་པོ་ཡིན་པའི་ཆ་ནས་གྲུབ་འབྲས་ཡིད་ཚིམས་པ་ཞིག་བྱུང་སོང་ཟེར། ཁོ་མོས་འདི་ལྟར་འབྲུག་ཡུལ་དུ་སོང་བའི་མཐོང་ཐོས་རྣམས་བཤད་ཞོར་ང་ལ་འབྲུག་ཡུལ་དུ་སོང་མྱོང་མིན་དང་། འབྲུག་ལ་ལྟ་སྣང་དང་མཐོང་ཚུལ་གང་ཡོད་སྐོར་དྲིས་སོང་། འབྲུག- – –  ང་ལ་མཚོན་ན་ཞེ་གཏིང་ནས་སེམས་ཐག་ཉེ་བའི་ཡུལ་གྲུ་ཞིག་ལས་དམིགས་བསལ་གྱི་ཆ་རྒྱུས་གང་ཡང་མེད། འབྲུག་པའི་སྐོར་གང་ཤེས་ཚང་མ་རྣ་ཐོས་ཙམ་ལས་ད་བར་དུ་འབྲེལ་ཡོད་ཀྱི་དེབ་ཅིག་ཕར་བཞག རྩོམ་ཡིག་ཐུང་ཐུང་ཞིག་ཀྱང་བཀླག་མྱོང་མེད། ཁོ་མོའི་དྲི་བ་རྣམས་ལ་གུས་མེད་ཀྱི་རྣམ་པ་མི་ཐོན་ཆེད། ངས་དྲ་བསྔོག་བྱས་མྱོང་བའི་འབྲུག་རྒྱལ་ཡོངས་དཔེ་མཛོད་ཁང་གི་དྲ་ངོས་ལས་མཐོང་བའི་སྣང་ཚུལ་འགའ་ཁོ་མོར་བཤད་པ་ཡིན། དེ་ཡང་གཙོ་བོ་སྐད་ཡིག་སྐོར་ནས་བཤད་པ་ཡིན། དྲ་ངོས་དེར་བཀོད་པའི་དཔེ་མཛོད་ཁང་གི་ངོ་སྤྲོད་དང་། ལས་འཆར། དེབ་བྱང་། ལས་བྱེད་ངོ་སྤྲོད་སོགས་སྡེ་ཚན་གང་ཡིན་ཡང་། མིང་ཚིག་ཁ་ཤས་དང་བརྡ་སྤྲོད་འགྲོ་སྟངས་ཅུང་མི་འདྲ་བ་ཙམ་ལས་བོད་ཡིག་དང་ཁྱད་པར་ཆེར་མེད་ཐོག བོད་ཡིག་ཤེས་མཁན་ཞིག་གིས་དྲ་ངོས་དེའི་སྡེ་ཚན་ཚང་མའི་ནང་དོན་གོ་མི་ཐུབ་པའི་དཀའ་ངལ་མི་འདུག་ལ། ལྷག་པར་དུ་མི་མིང་དང་འཕྲུལ་རིགས་ཐད་ཀྱི་ལས་འཆར་ནང་ཡོད་པའི་ཚིག་གསར་དེ་ཚོ་དེང་སང་བོད་ནང་གསར་དུ་བེད་སྤྱོད་བྱེད་པའི་མིང་ཚིག་གྲས་ཡིན་སྟབས། འབྲུག་གིས་བོད་ཡིག་དང་ཐག་ཇེ་ཉེ་ལ་གཏོང་ཐབས་གནང་གི་ཡོད་པའི་ཚོར་སྣང་བྱུང་ཚུལ་བརྗོད་པ་ཡིན། ངས་རང་གི་མཐོང་སྣང་འདི་དག་བཤད་སྐབས་ཁོ་མོས་ཅུང་མཚར་སྣང་དང་བཅས་ཉན་འདུག་ལ། མཇུག་ཏུ་ཁོ་མོས་༼  འ་ལེ། རེད་པས། བྱས་ན་ངེད་གཉིས་ཀྱི་མཐོང་ཚུལ་རྦད་དེ་ལོག་ག་རེད།༽ ཅེས་ཟེར་ཞིང་། ཧ་ཅང་གདེང་སྤོབས་དང་བཅས་ཁོ་མོའི་མཐོང་ཚུལ་ཁག་བཤད་མགོ་བརྩམས་སོང་།

ཁོ་མོས་བཤད་དོན། དེང་སྐབས་འབྲུག་གིས་དངོས་ཤུགས་བརྒྱུད་གསུམ་ནས་ཆོས་དང་རིག་གཞུང་། སྐད་ཡིག་སོགས་བོད་ལས་ལོག་གར་དབྱེ་ཐབས་ལ་འབད་ཀྱིན་འདུག  དཔེར་ན། ཐེངས་འདིའི་གསོ་རིག་ཚོགས་འདུའི་ཐོག་འབྲུག་གི་སྨན་པ་ཚོས་བོད་ཀྱི་གསོ་བ་རིག་པ་ལ་འབྲུག་གི་གསོ་བ་རིག་པ་ཞེས་ཡང་ཡང་བརྗོད་ཀྱིན་འདུག་ལ། རིག་གཞུང་བགྲོ་གླེང་གཞན་ཞིག་གི་སྟེང་ངའི་གྲོགས་པོ་ཕྱི་གླིང་བ་ཞིག་གིས་གཏམ་བཤད་གནང་སྐབས་རྒྱུན་ལྡན་ལྟར་དབྱིན་སྐད་ཀྱི་ Tibetan Buddhsim ( བོད་ཀྱི་ནང་ཆོས་) ཞེས་ཐེངས་འགར་བརྗོད་པར། འབྲུག་གི་མཁས་པ་ཞིག་གིས་བོད་ཀྱི་ནང་ཆོས་ཟེར་ན་ག་རེ་རེད། དེ་ལ་ཧི་མ་ལ་ཡའི་ནང་ཆོས་ཟེར་ན་མ་འགྲིག་པ་ག་རེ་ཡོད་པ་རེད། མ་གཞི་ང་ཚོ་མིང་ཚིག་དེ་རིགས་ལ་དགའ་བོ་མེད་ཅེས་མི་འདོད་པའི་རྣམ་འགྱུར་དང་བཅས་བཤད་སོང་། ཡང་འབྲུག་ཡུལ་ནང་རིག་རྩལ་དར་ཤུགས་ཆེ་ཤོས་ནི་གློག་བརྙན་དང་མདའ་རྩེད། རྐང་རྩེད་སྤོ་ལོ་གསུམ་རེད། འབྲུག་གི་ཤེས་རིག་ལས་ཁུངས་ཀྱིས་རྒྱལ་ཁབ་གཞན་ལྟར་འདི་དག་ལ་བདུན་རེའི་བརྙན་དེབ་བམ། ཉིན་རེའི་ཚགས་པར་གང་རུང་འདོན་འཆར་གྱིས་ང་ཚོ་ཁ་ཤས་ལས་གཞི་སྒྲིག་པར་སྐད་བཏང་སོང་།  དབྱིན་སྐད་ཀྱི་ Foot ball ཞེས་པ་འདི་ང་ཚོས་རྐང་རྩེད་སྤོ་ལོ་ཞེས་བསྒྱུར་ན་ལེགས་ཚུལ་གྱི་བསམ་ཚུལ་འདོན་སྐབས། འབྲུག་གི་མཁས་པ་ཚོས་དེ་བོད་སྐད་ཡིན་ཤུགས་ཆེ་དྲགས་འདུག་ཟེར་ནས་ངོས་ལེན་བྱས་མ་སོང་། ཐ་མ་དེར་༼ རྐང་རིལ་ ༽ལྟ་བུའི་ཚིག་གསར་ཞིག་བཟོ་རྒྱུའི་གྲོས་ཐོག་ཏུ་འཇོག་དགོས་བྱུང་། གཞན་ང་སྡོད་སའི་གནས་ཚང་ནི་འབྲུག་ཡུལ་གྱི་སྐུ་དྲག་གམ་མཐོ་རིམ་མི་སྣ་ཞིག་རེད། ཁོང་གི་ཁྱིམ་འཚེས་ནི་འབྲུག་གི་ཕྱི་སྲིད་བློན་ཆེན་རེད། ཉིན་ཞིག་ཕྱི་སྲིད་བློན་ཆེན་གྱིས་ང་ཚོ་དགོང་ཟས་ལ་མགྲོན་འབོད་གནང་བ་ལྟར་བཅར་བ་ཡིན། ངའི་གནས་ཚང་གིས་ང་ལ་དགོང་ཟས་སྐབས་དབྱིན་སྐད་ལས་བོད་སྐད་མ་བཤད་ན་ལེགས་ཚུལ་དང་། བོད་སྐད་བཤད་ན་ཕྱི་སྲིད་བློན་ཆེན་ཐུགས་དགྱེས་པོ་ཡོང་གི་མ་རེད་ཟེར། ད་དུང་འབྲུག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཡུལ་ལུང་གང་མང་ནང་འབྲུག་གི་རིག་གཞུང་འགྲེམ་སྟོན་ཚུགས་ཀི་ཡོད་ལ། འདི་ལོའི་ལོ་མཇུག་ཏུ་རྒྱལ་ས་ཕ་རིའི་སིར་འགྲེམ་སྟོན་ཐེངས་གཉིས་བྱེད་འཆར་འདུག་ཟེར། ཁོ་མོའི་ཁ་བརྡ་དེ་དག་ལ་ཉན་གྱིན་ཉན་གྱིན་ང་ལ་བཤད་མི་ཤེས་པའི་ཚོར་བ་ཞིག་བྱུང་ཞིང་། དེ་དང་མཉམ་དུ་ང་ལ་འབྲུག་ཟེར་དུས་ཧ་ཅང་ཐག་རིང་ཐག་རིང་ཞིག་ཡིན་པའི་སྣང་བ་སྐྱེས།

ཕྱིར་ནང་དུ་ལོག་རྗེས་ངས་དེ་རིང་གི་ཁོ་མོའི་ཁ་བརྡ་དེ་དག་ལ་ཡང་བསྐྱར་བསམ་བློ་གཏོང་དགོས་བྱུང་། ཕྱི་ལོ་ ༡༩༧༤ ལོར་འབྲུག་གཞུང་གིས་རྒྱལ་ལོ་དོན་གྲུབ་གཙོས་བའི་བོད་མི་འགའ་ཤས་སམ། ཆིག་སྒྲིལ་ཚོགས་པས་འབྲུག་གི་སྲིད་དབང་མགོ་རྟིང་སློག་རྩིས་བྱས་པར་བསྙད་དེ།  འབྲུག་ཏུ་གནས་སྡོད་བོད་མི་གང་འཚམ་འཛིན་བཟུང་བྱས་ཤིང་རྐྱེན་འདས་སུ་བཏང་བ་མ་ཟད། བོད་མི་རྣམས་འབྲུག་པར་བསྒྱུར་ཐབས་བྱས་པ་དེས་བོད་འབྲུག་བར་གྱི་ལོ་རྒྱུས་ཀྱི་མཛའ་འབྲེལ་ལ་འགལ་རྐྱེན་བཟོས་ཤིང་། ད་བར་དུ་ལོ་རྒྱུས་ཀྱི་འབྲེལ་བ་དེ་བསྐྱར་གསོ་ཐུབ་མེད། དེ་ལྟ་ནའང་ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་ཐོག་འབྲུག་ནི་རང་བཙན་རྒྱལ་ཁབ་ཅིག་དང་། བོད་ནི་རྒྱ་ནག་གི་ཆ་ཤས་སམ་བཙན་བྱོལ་བ་ཆགས་ཡོད། གནས་བབ་འདི་མཐར་ཐུག་དེ་ཡིན། འོན་ཀྱང་འབྲུག་གིས་ཅིའི་ཕྱིར་འགུལ་བསྐྱོད་གསར་པ་འདི་རྩོམ་གི་ཡོད་དམ། དེང་སྐབས་རྒྱ་ནག་གིས་ཀྲུང་གོའི་བོད་ལྗོངས་དང་། ཀྲུང་གོའི་བོད་ཀྱི་རིག་གནས་སྒྱུ་རྩལ། ཀྲུང་གོའོ་བོད་བརྒྱུད་ནང་བསྟན། ཀྲུང་གོའི་བོད་ཀྱི་གསོ་བ་རིག་པ་སོགས་བོད་ཀྱི་རིག་དངོས་ཆེ་ཕྲ་ཚང་མའི་མགོར་ཀྲུང་གོ་རེ་བཏགས་ནས་བདག་གིར་འཛིན་གྱིན་ཡོད་ལ། ཕྱོགས་གཞན་ནས་རྒྱལ་སྤྱིའི་ཉམས་ཞིབ་པ་ཁག་ཅིག་གིས་བོད་ཅེས་པ་ཧི་མ་ལ་ཡའི་རིག་དངོས་ཀྱི་སྤྱི་མིང་དང་། ཡང་འགའ་རེས་བོད་ལ་ཆབ་སྲིད་ཀྱི་བོད་དང་རིག་གཞུང་གི་བོད་སོགས་བྱེ་བྲག་དང་དུམ་བུར་བགོ་གི་ཡོད། འབྲུག་གི་འགུལ་བསྐྱོད་གསར་པ་འདི་ཡང་སྙིང་བདག་འཛིན་ནམ། སྤྱི་སྙོམས། དུམ་བུར་གཏོང་བའི་བྱེད་ཐབས་འདི་དག་གི་ནང་འདུས་ཡོད་དམ། ཡང་ན་བདུན་ཅུ་དོན་བཞི་ལོའི་ལོ་རྒྱུས་ཀྱི་སྙིང་ནད་དེ་རྩོད་ཀྱིན་ཡོད། འོན་ན་དེ་ལས་གཞན་གང་གིས་ཡིན་ནམ། མི་རིགས་ཤིག་གི་ཆབ་སྲིད་ཀྱི་གནས་བབ་བརླག་རྗེས་རང་གི་ཤ་གསེང་ལ་ཐིམ་པའི་རིག་དངོས་ཀྱང་འདི་ལྟར་བརླག་དགོས་པ་ཡིན་ནམ། ང་ལ་དོགས་པ་ཞིག་སྐྱེས་ཤིང་། དོགས་པ་དེར་མཐུད་ནས་སེམས་ཁྲལ་ལངས་བྱུང་།

ཧྥུ་རན་སོ་བ་སི་ལགས་ཀྱིས་བཤད་པ་ལྟར་ན། རྒྱ་ནག་གི་ཚོང་བ་ཞིག་གིས་སྦྱིན་བདག་བྱས་ཏེ་འབྲུག་ཡུལ་ནང་སངས་རྒྱས་ཀྱི་སྐུ་བརྙན་ཆེ་ཤོས་དེ་བཞེངས་འཆར་འདུག་ཟེར་ལ། ལས་གཞི་དེར་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་མེད་དགོང་ཟས་སྐབས་འབྲུག་གི་ཕྱི་སྲིད་བློན་ཆེན་ལ་བཀའ་འདྲི་ཞུས་སྐབས། ཁོས་ཚང་མ་ནང་བ་སངས་རྒྱས་པའི་རྗེས་འཇུག་ཡིན་པས་དེ་འདྲའི་དོགས་པ་ཡོང་དགོས་དོན་ཡོད་པ་མ་རེད་ཅེས་ལན་གནང་སོང་ཟེར།  དེ་རིང་བོད་དང་སང་ཉིན་གྱི་འབྲུག གསུང་ལན་དེས་ང་ལ་སེམས་ཁྲལ་ཐོལ་བ་ཞིག་བསླངས་སོང་།

མཆན། 25

  1. ཀླུ་མཁར་བྱམས། says:
    ལོ་ 13 སྔོན།

    ལངས་ཕྱོགས་ཅན་གྱི་ཟིན་ཐོ་འདི་བཞིན། ད་ཆ་རྒྱབ་ལྗོངས་ཅན་དང་རྒྱུ་མཚན་ཅན་གྱི་ཕྱོགས་སུ་འཕེལ་བཞིན་པ་སྤྲོ་བས་བརྟས། སྤྱིར་ན་འབྲུག་ཡུལ་ལབ་དུས། དང་ཐོག་འབྲུག་པ་བཀའ་བརྒྱུད་ཀྱི་གྲུབ་མཐའི་མིང་ཞིག་གིས་ལྷོ་མོན་འབྲས་མོ་ལྗོངས་ཀྱི་ས་མིང་བྱེ་བྲག་པ་ཞིག་གི་ཚབ་བྱས་པ་ལས། དེ་སྔོན་གནས་འདིར་འབྲུག་པ་ཟེར་བའི་རིགས་རྒྱུད་ཡན་གར་བ་ཞིག་ཡོད་པའི་གོ་དོན་མིན་མོད། རིམ་བཞིན་ཡུལ་མིང་མི་ལ་བཏགས་པ་དང་འབྲེལ་འབྲུག་པ་ཟེར་བའི་མིང་ཚིག་འདི་བྱུང་བ་རེད། དེ་ལྟར་ཕྱིན་པའི་རྐྱེན་གྱིས་ང་ཚོར་དེ་རིང་བོད་པ་དང་འབྲུག་པ་གཉིས་ཁ་གཏད་དུ་བཞགས་ཏེ་བརྗོད་དགོས་པའི་གནས་སྟངས་འདི་ཤར་སོང༌།

    ད་ཆ་བོད་འབྲུག་བར་གྱི་འགལ་འབྲེལ་གླེང་དགོས་ཕྱིན། བོད་ཟེར་བའི་ཕྱོགས་དེས་ཀྱང་གནའ་དེང་གཉིས་ཆར་འབྲུག་འབོད་པའི་ཡུལ་འདིར་བདེན་ཅན་ཞིག་བྱས་མེད་ཚོད་རེད། ཁྱད་པར་དུ་འབྲུག་པ་ཚང་ལ་སྡུག་ཡོང་ནས་མགོ་བོད་ལ་བཏེགས་པའི་ཉིན་མོར། ལྷ་སའི་སྡེ་བ་གཞུང་གིས་ག་གོར་བཤད་ནས་ཁ་ཡོད་ལག་ཡོད་ཀྱི་རོགས་སྐྱོར་གང་ཡང་ཐུབ་མེད་པ་ལོ་རྒྱུས་ངོས་ན་གསལ་ལམ་མེར་འདུག དེ་བས་ཕྱིས་སུ་འབྲུག་པ་ཚོས་རྒྱལ་ཁབ་འདྲ་བོ་ཞིག་བཙུགས་དུས་བོད་རྒན་ཚོ་དེར་མ་དགའ་ན་སྡུག་གྱོང་རེད། ཡང་གཅིག་བཤད་ན་སྡེ་ཚོས་འཇོན་བཞག་པ་རེད། ད་དུང་བོད་རྒན་ཚོའི་མགོར་སྡུག་ཡོང་དུས་སྡེ་འབྲུག་པ་ཚང་གིས་དེང་ཐོག་གང་ཐུབ་ཐུབ་བྱས་འདུག་པ་དེར་ང་ཚོར་ངོ་སོ་ཞིག་ཡོད་ན་ཆོག་གི་པ། ཨ་རོགས་ཚོ།
    ཡང་ལོ་རྒྱུས་ཅིག་གི་ངོས་ནས་བཤད་ན། འབྲུག་པས་བོད་པ་འགའ་ལ་ཐུབ་ཚོད་བཏང་པ་དེར་ཞེ་དྲག་ཧང་སངས་རྒྱུ་མི་འདུག དེའི་གོང་ཙམ་ཞིག་ལ་བོད་དགེ་སོག་གཞུང་གིས་སྡེ་འབྲུག་པ་ཚང་གི་སྡེ་དཔོན་དྲག་གྲས་བརྒྱ་སྐོར་ཞིག་སྡེབ་གསོད་བཏང་འདུག འོ་ན་དེ་ལ་ག་རེ་བཤད་ག
    ད་བོད་ཀྱི་ཤེས་རིག་འབྲུག་རྒན་ཚོས་ཁ་བསྒྱུར་བྱེད་ཀྱི་ཡོད་མེད་དང༌། བྱ་ཐུབ་མིན་གྱི་གནད་དོན་འདི་རེད། ཟླ་བ་ཚེ་རིང་གིས་བཤད་པ་ལྟར། རྒྱ་དམར་གཞུང་གིས་བོད་ཀྱི་བྱ་དངོས་ཡོད་ཚད་མགོར་ཀྲུང་གོའི་ཅིག་ཅིག་ཉིག་ཉིག་ལབ་ནས་ཧམ་ཐོབ་རྒྱག་བཞིན་པའི་ཁར། སོག་པོ་དང༌། བལ་བོ་སོགས་བོད་ཀྱི་ཤེས་རིག་དང་འབྲེལ་བ་ཡོད་མཁན་ཚང་མས་ཤེས་རིག་འདིར་ཚོང་རྫས་ཀྱི་རིན་ཐང་ཙམ་པོ་ཞིག་ཡོད་པ་རྟོགས་ཡོད་ལ། བལ་ཡུལ་ལ་མཚོན་ན་ཡུལ་སྐོར་ཐོན་རྫས་ཀྱི་བརྒྱ་ཆ་བརྒྱད་ཅུ་བོད་ཀྱི་རིག་དངོས་རྐྱང་ཡིན་མོད། ཁོ་ཚོས་དེ་ལ་བོད་མིང་མ་བཏགས་པར་ནང་པའི་ཅིག་ཅིག་ཡིན་རབས་ཟེར། དེར་བལྟས་ན་འབྲུག་པ་ཚོར་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་བོད་པའི་ཤེས་རིག་བཙོང་ནས་ཁ་གསོ་རྒྱུའི་ཐོབ་ཐང་ཡོད་དང་ཡོད། མ་ཟད་ད་དུང་ཁོང་ཚོས་བོད་ཀྱི་ཤེས་རིག་འབྲུག་པའི་ངོར་ཁ་བསྒྱུར་བྱ་ཐུབ་པ་ཡིན་ན་ང་དེར་དགའ་བསུ་ལས་མེད་ཀྱང༌། དེ་ད་ཧ་ལམ་ཁག་པོ་མིན་འགྲོ
    ཡང་རྒྱལ་བ་རིན་པོ་ཆེ་འབྲུག་ལ་ཕེབས་ཐུབ་ན་ཟེར་བ་འདི་རེད། མ་གཞི་ང་ཚོས་བླ་རྒན་འདི་ལྟར་ཆབ་སྲིད་ཀྱི་ལག་ཆ་བྱས་པ་མང་སྐྱོན་མེད་ན་ཉུང་སྐྱོན་མེད་མོད། སྤྱིར་བོད་འབྲུག་གཉིས་ཁ་ཁར་འགྲོ་དོན་གཙོ་བོ་འབྲུག་པ་བཀའ་བརྒྱུད་དང༌། དགེ་ལྡན་ཞ་སེར་གཞུང་གཉིས་མ་མཐུན་པ་ནས་བྱུང་བ་འདི་ཁྱོད་ཚོས་ཤེས་དགོས་ལ། དེ་བས་འབྲུག་གི་ནང་དགེ་ལུགས་པའི་བླ་རྒན་ཚོར་ད་བར་གདུལ་བྱ་མེད་པ་གོ་མ་སོང་ངམ།
    མཐའ་དོན། བོད་འབྲུག་གཉིས་བར་འཆམ་འཐུན་མཉམ་གནས་ཤིག་འབྱུང་འདོད་ན། ཕྱོགས་ཉིས་ཆ་ནས་ལོ་རྒྱུས་ཀྱི་ཤ་འཁོན་ཙག་ཙིག་དང༌། གྲུབ་མཐའ་ཕན་ཚུན་བར་གྱི་འཐེན་འཁེར་དོར་ནས་ཤ་དང་རུས་པའི་བརྩེ་དུང་རང་གི་ཐོག་འགྲོ་ཐུབ་ན་ངས་ནི་རེ་བ་ཞིག་མཐོང་གི དེ་དུས་བོད་ཀྱི་ཤེས་རིག་འབྲུག་པའི་ཡིན་ན་མི་སྐྱོན་ལ། བོད་པས་སླར་ཡང་འབྲུག་པའི་ཤེས་རིག་བསྐྱར་དཔར་བརྒྱག་དགོས་ཀྱང་འཕྱི་མེད། གང་ལྟར་ང་འབྲུག་ལ་དགའ། ཁྱད་པར་དུ་ཤ་རྩ་དུང་ལས་དཀར་པའི་ཨ་ཅེ་འབྲུག་མོ་ཚོར་དགའ།།

    Reply
  2. ཟླ་བ་ཚེ་རིང་། says:
    ལོ་ 13 སྔོན།

    རི་དམ་ལུང་གི་བུས་བཤད་པ་ལྟར་གོང་ས་མཆོག་འབྲུག་ཏུ་ཆིབས་བསྒྱུར་བསྐྱང་རྒྱུ་དེ་གནད་འགག་རེད། ངའི་བསམ་པར་འབྲུག་དང་བལ་བོས་བོད་ཐོག་སྲིོད་བྱུས་འཛིན་སྟངས་ལ་འདྲ་ས་འདུག བོད་འབྲུག་བར་གྱི་འབྲེལ་བ་སླར་གསོ་ཐད་གསར་བརྗེ་སྐྱབས་གཙོ་བས་དྲ་གྲོགས་ཚོས་དགོངས་ཚུལ་གསུངས་རྒྱུ་གལ་ཆེན་རེད་འདོད། ལུང་རིགས་ཀྱིས་བཤད་པ་ལྟར་འཇུ་བསྟན་སྐྱོང་ལགས་ཉེ་ཆར་འབྲུག་ནས་ཕེབས་ཙམ་དང་། ད་ལྟའི་འབྲུག་སྐོར་གསལ་བཤད་ཅིག་གནང་ཐུབ་ན་ལེགས་པར་འདོད། ད་དུང་བདེ་ཆེན་སྒྲོལ་མས་ཀྱང་འདིའི་ཐད་ཆ་ཤས་བཞེས་རྒྱུ་ལ་རེ་བ་བརྒྱབས་ནས་བསྡད་ཡོད།

    Reply
  3. ཟླ་བ་ཚེ་རིང་། says:
    ལོ་ 13 སྔོན།

    གསར་བརྗེ་སྐྱབས་ལ་གསལ་བཤད་ཅིག་བྱེད་ན་འདོད། ཁྱོས་མཆན་བུ་རྣམས་ལ་བལྟས་རྗེས་ངས་རང་གི་ལག་སྣེ་ན་ཡོད་པའི་སྟག་ལྷ་བའི་མི་ཚེ་བྱུང་བ་ལ་བལྟས་པ་ཡིན། ཁྱོད་བདེན་པ་འདུག་ལ། གསལ་བོ་དང་ཞིབ་ཚགས་ཀྱང་འདུག ངས་རང་གི་རྩོམ་ཡིག་ནང་བཤད་པ་བཞིན། འབྲུག་དང་བོད་འབྲུག་བར་གྱི་དོན་རྐྱེན་གང་ལའང་རྒྱུས་མངའ་མེད་པས་རང་གི་ལངས་ཕྱོགས་ངོས་ནས་བཤད་པ་ཡིན། ངས་དེ་ལྟར་ངོས་འཛིན་བྱེད་དོན་ཡང་ལངས་ཕྱོགས་ཙམ་བཟུང་བ་ཡིན། མ་གཞི་བོད་འབྲུག་གཉིས་བར་གྱི་དོན་རྐྱེན་གཅིག་བུ་མ་རེད། རྒྱ་ནག་གིས་ད་ལྟ་བཤད་བཞིན་པའི་ཀྲུང་གོའི་བོད་ཀྱི་ཅིག་ཅིག་དང་ཉིགཉིག་ཅེས་པ་ཡང་ད་ལྟའི་བོད་གཞུང་གི་སྲིད་བྱུས་འཛིན་སྟངས་ཀྱི་ངོས་ནས་བཤད་ན་འགྲིག་འདུག་འདོད་ལ། དེ་བཞིན་རྒྱལ་སྤྱིའི་ཉམས་ཞིབ་པ་ཚོ་ནང་བཞིན་བོད་ཅེས་པ་ཧི་མ་ལ་ཡའི་སྤྱི་མིང་ངམ། བོད་ལ་ཆབ་སྲིད་དང་རིག་གཞུང་གི་བོད་དུ་ཕྱེས་པའང་གནས་ལུགས་དང་རྒྱུ་མཚན། རྒྱབ་ལྗོངས། དུས་མཚམས་བཅས་ཀྱི་ཐད་ནས་ཁུངས་གཏུགས་ས་དང་། གཞི་བཅོལ་ས། རིག་པའི་གཞུང་ལུགས་དང་མཐུན་པ་ཞིག་རེད་འདོད། འོན་ཀྱང་བོད་རྒྱའི་གནད་དོན་ཐག་མ་ཆོད་ཀྱི་བར་དང་། ང་ཚོས་ལངས་ཕྱོགས་ཀྱི་ངོས་ནས་བསམ་ན་དེ་འདྲ་ཞིག་མ་རེད་འདོད། དེར་བརྟེན་ངས་རྩོམ་ཡིག་འབྲི་སྐབས་རྒྱུས་མངའ་མེད་པའི་རིགས་ལངས་ཕྱོགས་ལ་བསྟུན་པ་ཡིན། མ་གཞི་ང་ཉམས་ཞིབ་དེ་འདྲ་གང་ཡང་མ་རེད། འདི་གསལ་བཤད་ཙམ་ཡིན

    Reply
  4. རུ་དམ་ལུང་གི་བུ། says:
    ལོ་ 13 སྔོན།

    བོད་འབྲུག་བར་དཀའ་བརྙོག་སེལ་ཐབས་ཀྱི་བྱ་འགུལ་ཁ་ཤས་སྤེལ་དགོས་ཀྱི་རེད། མ་ཚད་གོང་ས་མཆོག་འབྲུག་ཡུལ་ལ་གཅིག་ཕེབས་ཐུབ་ན་བཟང་གི་འདོད།

    Reply
  5. རུ་དམ་ལུང་གི་བུ། says:
    ལོ་ 13 སྔོན།

    བོད་འབྲུག་བར་དཀའ་བརྙོག་སེལ་ཐབས་ཀྱི་བྱ་འགུལ་ཁ་ཤས་སྤེལ་དགོས་ཀྱི་རེད། མ་ཚད་གོང་ས་མཆོག་འབྲུག་ཡུལ་ལ་གཅིག་ཕེབས་ཐུབ་ན་བཟང་གི་འདོད།

    Reply
  6. ཨ་ལ་ལ says:
    ལོ་ 13 སྔོན།

    དྲ་གྲོགས་ཚོ། ད་མང་པོ་མ་བཤད། འབྲུག་པ་ལ་རེ་བའང་མ་རྒྱག འབྲུག་པའི་ངོས་ནས་ང་ཚོ་ལ་ཅི་ཡང་ཕན་ནི་མ་རེད། གང་ཞེ་ན། ཁོང་ཚོ་ད་སྐབས་བོད་པ་མིན་ཟེར་བའི་དུས་ཚོད་ཅིག་ལ་སླེབས་འདུག་ག ཨ་ཁུ་འབྲུག་པ་ལ་བཟོ་ལྟ་དང་སྤུས་ཀ་ཞིག་ག་ནས་ཡོད།

    Reply
  7. གསར་བརྗེ་སྐྱབས། says:
    ལོ་ 13 སྔོན།

    ༤༽ འབྲུག་བོད་དོན་རྐྱེན་སྐོར་ལ་ད་སྔ་ཡབ་གཞིས་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་དང་། བཀའ་ཟུར་བདེ་གྲོང་དབང་འདུད་རྡོ་རྗེའི་མི་ཚེ་བྱུང་བ་ནང་རོབ་ཙམ་བཀོད་ཡོད། ཁོང་གཉིས་ཀྱི་དེབ་གཉིས་ཞིབ་བསྡུར་བྱས་སྐབས་དོན་རྐྱེན་སྐོར་ལ་ཁོང་གཉིས་འབྲུག་ཏུ་ཕེབས་པའི་སྐབས་ཀྱི་བྱུང་རབས་ལས། དོན་རྐྱེན་བྱིངས་ཀྱི་འབྱུང་རྩ་དང་། འཕེལ་རིམ། འབྲེལ་གཏུགས། བོད་ཕྱོགས་ཀྱི་བདེན་གསལ་དྲིལ་བསྒྲགས་གང་བྱས་སྐོར་ཤོག་ངོས་བཅུ་བདུན་ལས་མང་པ་ཡོད་པ་གཅིག་མཚུངས་ཡིན་པ་མ་ཟད། ཚིག་འགྲོས་ཀྱང་གཅིག་པ་གཅིག་རྐྱང་ཆགས་ཡོད། ལྷག་པར་དུ་བཀའ་ཟུར་བདེ་གྲོང་གིས་མི་ཚེའི་བྱུང་བ་ནང་༼ ད་ཆ་འབྲུག་གཞུང་གི་མཚན་ཤས་བཟོ་གཞིར་བསམ་ཡིག་ཆ་འགྲེམས་སྤེལ་སོགས་གང་ཡང་གནང་མེད། འོན་ཀྱང་མི་ཚེའི་ལོ་རྒྱུས་གཞན་ཞིག་ནང་གསལ། རང་གཞུང་དབུ་ལས་སྦྲེལ་པོ་ས་གནས་སུ་བསྐྱོད་ཀྱང་དོན་འབྲས་སོན་མིན་བྲིས་པ་དེ་དང་། སྐབས་དེའི་འགལ་ཟླ་ཡོང་སྟངས། འབྲུག་པས་བོད་མིར་སྡུག་སྦྱོང་ཇི་ལྟར་བཏང་སོགས་མཁྱེན་རྟོགས་ཡོང་རེས་ཡིག་ཚོགས་ལ་མ་འཛེམས་པར་གསལ་བོར་བྲིས་ན་༽ ཞེས་བཀོད་པ་འདི་དག་གིས་ཅི་ཞིག་མཚོན་གྱི་ཡོད་དམ། ཁོང་རྣམ་གཉིས་ཀྱིས་གང་བྲིས་གཅིག་ཁུངས་གཅིག་ལ་བརྟེན་པའམ། དེ་ཡང་གཞུང་གི་སྲིད་བྱུས་གཞི་བཅོལ་བྱས་པ་མཚོན་པ་མ་ཡིན་ནམ།

    དེ་རིང་དུས་ཚོད་ཀྱི་དབང་གིས་འདི་ཙམ་ཡིན། དྲ་གྲོགས་ཚོས་འདིའི་སྐོར་གླེང་སློང་ཐུབ་ན་དགེ་མཚན་ཆེ་སྙམ།

    Reply
  8. གསར་བརྗེ་སྐྱབས། says:
    ལོ་ 13 སྔོན།

    ༣༽ འབྲུག་གི་བོད་མིའི་གཞིས་ཆགས་དཀར་བྱེ་དང་བོད་སྒར་གཉིས་ནི་ཕྱི་ལོ་ 1961 ལོིར་རྒྱ་གར་གཞུང་གིས་བོད་མི་བཞི་སྟོང་འབྲུག་ནང་ཉར་སྡོད་དགོས་པའི་བཀའ་མོལ་གནང་སྟེ་བཙུགས་པ་ཞིག་སྟེ། སྐབས་དེར་རྒྱ་གར་ཕྱི་ལས་དྲུང་གཞོན་པི་ཨིན་ཀའུ་དང་། འབྲུག་གི་སྲིད་བློན་འཇིགས་མེད་རྡོ་རྗེ། བོད་གཞུང་སྐུ་ཚབ་ཕྲེང་རིང་རིག་འཛིན་རྣམ་རྒྱལ་བཅས་ལྷན་ཚོགས་གནང་ནས་འབྲུག་གཞུང་གིས་བོད་མི་གཞིས་ཆགས་ཆེད་ས་ཆ་གནང་རྒྱུ། འཛུགས་སྐྲུན་གྱི་དགོས་དངུལ་ཚང་མ་རྒྱ་གར་གཞུང་ནས་གཏོང་རྒྱུ། གཞིས་ཆགས་འཛིན་སྐྱོང་དང་འཛུགས་སྐྲུན་ཚང་མ་བོད་ཕྱོགས་ནས་བྱེད་རྒྱུའི་གྲོས་དོན་གཏན་འབེབས་ལྟར་བཙུགས་པ་ཡིན་ཞིང་། འབྲུག་སྡོད་བོད་མིའི་དོན་གཅོད་མི་འགྲོ་ཡང་འབྲུག་གཞུང་གིས་དམིགས་འཛུགས་གནང་བ་ལྟར་ཕྲེང་རིང་བ་དང་ལྷ་སྡིང་སྲས་གཉིས་ངོ་བཅར་བྱས་ཡོད། དོན་རྐྱེན་མ་བྱུང་བར་གཞིས་ཆགས་དེ་གཉིས་ནང་བོད་མི་སུམ་སྟོང་ལྔ་བརྒྱ་ཙམ་ཡོད། འདི་འདྲའི་ཆོད་དོན་གཏན་འབེབས་ལྟར་བཙུགས་པའི་གཞིས་ཆགས་གཉིས་བུད་མེད་གཉིས་ཀྱི་སྒེར་འཁོན་ཙམ་ལ་རྐྱེན་བྱས་ནས་དོན་རྐྱེན་ནང་ལྷུང་བ་ནི་བོད་ཕྱོགས་ཀྱི་གསལ་བཤད་དག་མ་ཞིག་ཨེ་ཡིན་འདོད།

    Reply
  9. གསར་བརྗེ་སྐྱབས། says:
    ལོ་ 13 སྔོན།

    ༢༽ བོད་གཞུང་གིས་དོན་རྐྱེན་དེ་འབྲུག་གི་རྒྱལ་མོ་ཨ་ཤེ་སྐལ་བཟང་དང་། འབྲུག་རྒྱལ་ཞིང་གཤེགས་ཀྱི་ཟུར་བསྟེན་བོད་མོ་དབྱངས་སྐྱིད་གཉིས་བར་གྱི་སྒེར་གྱི་འཁོན་སེམས་རྐྱེན་རྩ་བྱས་ནས་བོད་མི་རྣམས་ལ་ནག་མེད་ཉེས་འཛུགས་བྱས་པ་ཡིན་ཚུལ་དྲིལ་བསྒྲགས་བྱས་ཡོད་ལ། ད་ལྟའི་ཆར་སྲིད་བྱུས་འཛིན་སྟངས་དེར་འགྱུར་བ་གཏང་མེད། འོན་ཀྱང་། ཕྱི་ལོ་ 1974 ལོའི་ 10 ཚེས་29 ཉིན་འབྲུག་གཞུང་གིས་རྩོད་རྙོག་དེ་སྐོར་ལ་༼ དྲང་བདེན་འགྲེལ་བཤད། ༽ཅེས་པའི་དེབ་ཆུང་ཞིག་འགྲེམས་སྤེལ་བྱས་ནས། ཆིག་སྒྲིལ་ཚོགས་པས་འབྲུག་གཞུང་མགོ་རྟིང་སློག་རྒྱུ་དང་། དབྱངས་སྐྱིད་ཀྱི་བུ་རྒྱལ་ཁྲིར་འགོད་རྒྱུ། རྒྱལ་ལོ་དོན་གྲུབ་དང་དབྱངས་སྐྱིད་ཀྱི་ཕ་ཀ་གཉིས་བུ་བསོད་ནམས་སྟོབས་རྒྱལ། བློ་བཟང་ཡེ་ཤེས་སོགས་ནང་གྲོས་ཀྱིས་ཆེད་དུ་གོ་ལག་རང་འགྲིག་དམག་མི་སུམ་བརྒྱ་གཏོང་རྒྱུ་དང་། བཀྲ་ཤིས་ཆོས་རྫོང་མེར་བསྲེགས་གཏོང་རྒྱུ་སྐོར་གྱི་ཡིག་ཆ་རྟགས་འབྱར་ཡོད་ལུགས་བཤད་ཡོད་ལ། ཁྲིམས་ཞིབ་སྐབས་དོན་རྐྱེན་དེར་འབྲེལ་ཡོད་བོད་མི་འགས་དེ་དོན་ངོས་ལེན་བྱས་ཚུལ་བཤད་ཡོད།

    Reply
  10. གསར་བརྗེ་སྐྱབས། says:
    ལོ་ 13 སྔོན།

    རྩོམ་ཡིག་འདི་ལ་བསམ་ཚུལ་ཁག་ཅིག་འབུལ་འདོད་བྱུང་། ཟླ་བ་ཚེ་རིང་ལགས་ཀྱིས་ 1974 ལོར་བྱུང་བའི་བོད་འབྲུག་བར་གྱི་རྩོད་རྙོག་དེ་བོད་མི་འགའ་ཤས་སམ། ཆོལ་གསུམ་ཆིག་སྒྲིལ་ཚོགས་པར་འབྲུག་གཞུང་གིས་བསྙད་འདོགས་བྱས་པར་ངོས་འཛིན་གནང་འདུག བྱུང་རབས་དངོས་ལ་བལྟ་སྐབས་བསྙད་འདོགས་གཅིག་བུ་མིན་པར་བོད་མིའི་ངོས་ནས་བྱས་ཉེས་བྱུང་ཡོད་པ་གསལ་བོ་རེད་འདོད། གཤམ་ལ་དེ་སྐོར་ཚིག་ཁ་ཤས་ཤིག་ཞུ།
    ༡༽ ཕྱི་ལོ་1974 ལོའི་ཟླ་ 3 ཚེས་ 5 ཉིན། འབྲུག་རྒྱལ་བོ་འཇིགས་མེད་སེང་གེ་དབང་ཕྱུག་གི་བཀའ་འབྲེལ་ལྟར། འབྲུག་སྡོད་བོད་གཞུང་དོན་གཅོད་བླ་ཕྱག་ལྷ་སྡིང་སྲས་བསོད་ནམས་དཔལ་འབྱོར་དང་། གཞིས་འགོ་དགའ་བྱང་ཞལ་ཟུར་ངག་དབང་མཐར་ཕྱིན། དོན་གཅོད་ལས་དྲུང་ལྷོ་བྲག་མཁར་ཆུ་ངེས་དོན་ཤེས་རབ། ལྷོ་ཁ་བ་ཕུན་ཚོགས། ཕག་རི་བ་བཀྲ་ཤིས་དོན་གྲུབ་སོགས་ཚུད་པའི་བོད་མི་ཉི་ཤུ་རྩ་གྲངས་ཤིག་དང་། འབྲུག་པ་འགའ་བཅས་ཁྱོན་བསྡོམས་མི་གྲངས་སུམ་ཅུ་སོ་བརྒྱད་ལ་འབྲུག་གི་སྲིད་དབང་མགོ་རྟིང་སློག་པའི་ངན་བྱུས་ཡོད་ཚུལ་གྱི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱས། རིམ་པས་འབྲུག་གཞུང་གིས་འབྲུག་སྡོད་བོད་མི་རྣམས་ཕྱིར་བོད་དུ་སློག་རྒྱུ་དང་། བྱེད་གཏེ་འགའ་སྲོག་ཐོག་ཏུ་གཏོང་རྒྱུ། ཡང་ན་བོད་མི་རྣམས་སྐྲ་གཏུབ་ལས་བསྒྱུར་གྱིས་འབྲུག་གི་མི་སེར་བྱེད་རྒྱུ། འབྲུག་སྡོད་བོད་མིའི་བུ་ཕྲུག་རྣམས་རྒྱ་གར་ནང་སློབ་གྲྭ་འགྲིམས་བཞིན་པ་རྣམས་ཡེ་ཤུ་སློབ་གྲྭ་ལས་བོད་ཀྱི་སློབ་གྲྭར་འགྲོ་མ་ཆོག་པ་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱས་ཡོད།

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 13 སྔོན།

    ཁ་སང་འཇུ་བསྟན་སྐྱོང་འབྲུག་ཡུལ་ནས་ཕྱིར་ངྷ་སར་ཡོང་ཡོད་ཅེས་ཁ་པར་བསླེབས་སོང་། ཁོང་འབྲུག་ཡུལ་ལ་རྒྱུས་ཆེ་བས་མང་ཙམ་བཤད་རྒྱུ་ཡོད་སྲིད།

    Reply
  12. བཀྲ་ཤིས་རྒྱ་མཚོ says:
    ལོ་ 13 སྔོན།

    ཟླ་བ་ཚེ་རིང་ལགས་བདེ་མོ་ཡིན་ནམ།
    དེ་རིང་བོད་འབྲུག་གི་སྲུབ་ཀ་ཞིག་ནས་མཇལ་བས་སྤྲོ་བ་སྐྱེས།
    ཡང་ཡང་ཕེབས་པར་རེ་སྒུག་བྱེད།

    ནམ་མཁའ་བསྟན་འཛིན་ལགས་ ཁྱོད་ལ་རྐུན་མའི་ཆོ་ལོ་ཞིག་དགོས་དོན་མེད་པས་གོང་གི་ཚིག་བཅད་དེའི་ཡོང་ཁུངས་གསལ་བཤད་རེ་བྱས་ན་ཡག་རྒྱུ་རེད ། ཐུགས་རྒྱལ་མ་བཞེངས།

    Reply
  13. ནམ་མཁའ་བསྟན་འཛིན། says:
    ལོ་ 13 སྔོན།

    འབྱོར་ཚེ་ཉེ་བའི་དྲུང་ན་ཞུད་ཞུད་དུ་འགྲོ་ཞིང་།།
    རྒུད་ཚེ་རིང་བོའི་ས་ནས་མཛུབ་ཀེར་གྱིས་འཕྱ་བ།།
    དྲིན་བྱས་དྲིན་དུ་མི་གོ་གྲོགས་ངན་གྱི་གཤིས་ལ།།
    བསམ་ཞིང་ངུ་མ་དགོད་ཀྱི་སྣང་བ་ཞིག་ཤར་སོང་།

    Reply
  14. jamyang says:
    ལོ་ 13 སྔོན།

    Gangthuk la,Go to http://www.lobsangmonlam.org and install monlam bodyid sumpa in your computer.I am sure you can type tibetan font.I have same problem and am working on it.best of luck.

    Reply
  15. Gangthuk says:
    ལོ་ 13 སྔོན།

    dear net friends, first i would like to say sorry for writting in english because i dont have tibetan programe, if you have any idea to write in tibetan then i appreciate to you. i think dawa tserings extra worry is without reason worry. actually i am a pure khamtuk, but i was born and rise in bhutan, i knew very well about bhutanese peoples and government politic, i wish if i have a tibetan programe i will explain everything. like all of bhutanese or tibetan culture and religious. like druki sowa rigpa, druki yegi, druki key, druki choe, druki rigshung. why they are using like that? because of china. its not for making difirent far from tibetan. thats all now. thanks every one

    Reply
  16. ནད་པ says:
    ལོ་ 13 སྔོན།

    གནའ་རབས་བོད་བཙན་པོའི་དུས་སྐབས་སུ་འབྲུག་ཡུལ་འདི་བོད་ཀྱི་རྒྱལ་ཕྲན་སྙོན་མེད་ཅིག་ཡིན་པ་ལོ་རྒྱུས་དང་། སྐད་ཡིག ཆོས་ལུགས། ཤེས་རིག གྱོན་ཆས། གོམས་གཤིས། ལུགས་སྲོལ་སོགས་སྤྱི་ཡོངས་ནས་དཔྱད་ཞིབ་བྱས་ན་ངེས་རྙེད་ཐུབ་ངེས་ཡིན།

    བོད་བཙན་པོའི་སྐབས་སུ་བོད་ཀྱི་ཆ་ཤས་སུ་གྱུར་པའི་ས་པོངས་ཀྱི་མིང་ཚིག་པ་ཡིག་ཅན་འདི་དག་བེད་སྤྱད་ཡོད་པ་སྟེ། དཔེར་ན། འབྲུག་པ། མོན་པ། ཤར་པ། རྟ་དམག་པ། གཉེན་ཞང་པ། ལ་དགས་པ། གློ་པ། སྟོད་པ། དབུས་པ། གཙང་པ། ལྷོ་པ་སོགས་ཀྱིས་མཚོན་ནས་བོད་ཀྱི་ས་ཁོངས་འཁྲུལ་མེད་ཅིག་ཡིན་པ་ཤེས་ཐུབ།
    བོད་བཙན་པོའི་དུས་རབས་ཤིག་བསྐྱརགསོ་ཐུབ་ཚེ་སྔར་གྱི་ཆོས་རྒྱལ་ཚོའི་དགོངས་བཞེད་ལྟར་འདས་པའི་ལོ་རྒྱུས་ལ་ཕྱིར་མིག་ཞིག་བལྟ་རྒྱུ་དེ་མ་འོངས་པར་ལྷག་ཡོད་པ་རེད།

    Reply
  17. གཡག་རིན་པོ་ཆེ། says:
    ལོ་ 13 སྔོན།

    ཨ་ཁུ་འབྲུག་པ་ཁག་མེད།་ལུག་སྤྱང་ཀིས་གསོད་སྐབས་རྭ་རྒན་ཞིག་གིས་དཔུང་རོགས་ག་ལ་བྱེད་ཐུབ།་་་

    Reply
  18. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 13 སྔོན།

    འཚིག་ཇ་མང་བོ་མ་འཐུང་། སྙིང་ནད་བཟོ་ངེས་ཡིན། དེ་ལས་ཇ་རེ་འཐུང་ནས་ལྷོད་ལྷོད་ཅིག་གནང་ན་རླུང་ཁམས་གཙང་མར་གྱུར་ནས་རིག་པ་ཡང་གསལ་དུ་འགྲོ་ངེས་ཡིན། དེ་དུས་སྐད་ཆ་བཤད་པ་དེ་དག་ཡང་གནད་དུ་འཁེལ་ངེས་ཡིན།

    ང་རང་ལ་སྔོན་ཆད་འབྲུག་པའི་ཕོ་གསར་མཐོ་སློབ་འདོན་བཞིན་པ་ཁ་ཤས་དང་འཕྲད་མྱོང་ཡོད་ལ། ཁོང་ཚོས་བོད་དང་འབྲུག་པ་གཅིག་པ་གཅིག་རེད། རིག་གཞུང་གཅིག གོམ་གཤིས་གཅིག སྐད་ཡིག་གཅིག་རེད་ཟེར་གྱི་འདུག དེས་ན་གཞོན་ཐོག་ཤེས་ཡོན་པ་དང་གཞུང་འཛིན་སྐྱོང་བྱེད་མཁན་གྱི་མི་སྣའི་བར་དུ་འགལ་ཟླའི་བསམ་ཚུལ་ཡོད་པ་རེད་དམ།

    Reply
  19. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 13 སྔོན།

    འདིའི་འཕྲོ་ནས་མཁས་དབང་མཁར་རྨེ་བསམ་གཏན་ལགས་དང་མཉམ་དུ་ཚིག་ཇ་ཞིག་འཐུང་དང་། ཁོང་ཡང་འབྲུག་ཡུལ་ལ་རྐང་པ་ཟུག་བསྡད་ཡོད་སྟབས། ཁྱོད་ཀྱི་ཟིན་བྲིས་འདིར་སྣོན་པ་མི་འདྲ་བ་ཞིག་རག་སྲིད།

    ནམ་རྒྱུན་ཕ་རེ་སིའི་གྲོང་དཀྱིལ་གྱི་འཚིག་ཇ་དེ་འཐུང་དུས་ཟིན་བྲིས་རེ་དྲུད་ནས་ཡོང་རྒྱུ་མ་བརྗེད།

    ཟ་ལེ་རྒྱལ་གྱིས་འཚིག་ཇ་དེ་འཐུང་གི་མི་འདུག་གམ།

    Reply
  20. blackman says:
    ལོ་ 13 སྔོན།

    ཕྱི་རྒྱལ་ལ་སོང་བའི་མི་དག་སྒོར་མོའི་ལོ་ཟླའི་ལྗིད་ཤུགས་མ་ཐེག་པར་རྒས་འགྲོ་མོད། དགེན་ཟླ་དཀར་རྒས་མི་་འདུག གསོག་སྒར་སློབ་གྲྭ་་ན་ང་ཚོའི་དགེ་རྒན་ཡིན་དུས་ཀྱི་ན་ཚོད་དང་གཅིག་པ་རེད་འདུག ཞོགས་དུང་གི་རྩོམ་ཡིག་ཁག་དཔྱད་ཞིབ་བྱས་པའི་དུས་ཚིགས་དེ་དྲན་ན་ང་ཚོའི་འཛིན་གྲྭ་དེ་ཅུང་སྣང་བ་མཐོ་བའི་གྲས་ཡིན། དེ་དུས་ནས་བསམ་བློ་ལ་ངར་ཆུ་བླུགས་མཁན་གྱི་གཙོ་བོ་དགེན་ཁྱེད་རེད་ད།

    Reply
  21. blackman says:
    ལོ་ 13 སྔོན།

    དགེན་ཟླ་དཀར་ལགས་ཀྱིས་ནམ་རྒྱུན་ལྗིད་ཏིག་ཏིག་གི་བརྗོད་གཞི་རེ་ཁུར་ནས་སླེབ་ཡོང་་གི། དངོས་གནས་རྒས་མི་འདུག

    Reply
  22. བདེ་ཆེན་སྒྲོལ་མ། says:
    ལོ་ 13 སྔོན།

    རྒན་ཟླ་བ་ལགས་ནས་མི་ཁོམ་པའི་གནས་དེ་ན་ད་དུང་རྩོམ་པ་པོ་ཞིག་གི་སྐྱེས་པ་བཞེས་ཡོད་པ་སློབ་བུ་ངེད་རང་དགའ་ནས་ཡོད།
    ཕྱི་གླིང་གི་བུ་མོ་དེའི་ཁ་གཅོད་སྤྱད་ཀྱི་འབྲུག་སྐོར་གྱི་རྒྱུ་ཆ་འདྲ་དགོས་ཚེ་ངེད་ལ་འབྲེལ་བ་བྱོས་དང་ངས་ཁྱོད་ལ་མཁོ་སྤྲོད་བྱས་ཆོག

    འབྲུག་གི་སྐོར་ནས་བཤད་རྒྱུ་གཅིག་ཡོད། ཨ་ཁུ་ཀླུ་སྨྱོན་གྱིས་མང་ཙམ་ཉམ་འཇོག་བྱོས།
    འདང་དགོང་ངས་འབྲུག་གི་མུ་ཏིག་འཁྲི་ཤིང་ཟེར་བའི་གློག་བརྙན་རྒྱལ་སྤྱིའི་ཅིག་ཅིག་གི་བྱ་དགའ་ཐོབ་ཉེ་བ་ཞིག་ལ་བལྟས་ཡིན། དངོས་གནས་བྲོ་བ་ཆེན་པོ་འདུག སྒྲུང་གི་བརྗོད་བྱ་དང་ཡུལ་གྱི་ཁོར་ཡུག དཔེ་མི་སྲིད་པའི་ཡག་པོ་བྱུང་འདུག ཨ་ཁུ་ཁ་བས་འདི་ལ་ཐེངས་གཅིག་གཟིགས་ཐུབ་ཚེ་ཡང་བསྐྱར་མིག་ཆུ་ཐེངས་གཅིག་ཤོར་ས་རེད་བསམ་སོང༌། སྐད་འདི་སུས་གོ་ན་ཨ་ཁུ་ཁ་བར་བཤད་རོགས། འདི་ཙམ་ཞུ།

    Reply
  23. ཁ་བ་དཀར་པོ། says:
    ལོ་ 13 སྔོན།

    འབྲུག་མོ་ནམ་མཁའི་ལྷ་རེད། གཅིན་པ་གཏོང་སྟངས་ཟོག་རེད། འདིས་ལན་ཡོངས་སུ་རྫོགས་པ་ཞིག་མཚོན་ཐུབ་པའི་སྨོན་ལམ་འདེབས།

    Reply
  24. བསེ་རུ། says:
    ལོ་ 13 སྔོན།

    སྐུ་ཉིད་ཀྱིས་ཚིག་ཇ་ཞིག་མཆོད་ཞོར་དུ་དོན་ལྡན་གྱི་གླེང་མོལ་ཞིག་གནང་འདུག
    ད་དུང་ང་ཚོས་གླེང་མོལ་གྱི་ཁྲོད་ནས་གཏན་ཚིགས་ཀྱི་གོང་བུ་རྣམས་ཕྱོགས་གཅིག་ཏུ་སྤུངས་དགོས་འདུག

    སྤྲིན་དཀར་གྱི་འདབ་མ།
    ད་དུང་ས་མཐའི་མཁའ་དབྱིངས་ན་ལྡིང་གིན་ཡོད།

    Reply
  25. རྭ་ལོ། says:
    ལོ་ 13 སྔོན།

    འབྲུག་པ་ཚོས་ད་སྐབས་བོད་པ་ཚོར་མཛེ་ནད་ཅན་ཞིག་ལ་འཛེམས་པ་ལྟར་གཡོལ་བཞིན་པ་འདིའི་རྒྱུ་མཚན་གཙོ་བོ་ནི། འབྲུག་པ་བོད་ཀྱི་ཆ་ཤས་སུ་བསྒྲུབ་བ་དང་། བོད་རྒྱ་ནག་གི་ཆ་ཤས་སུ་བསྒྲུབ་སྟེ། མཐར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་འབྲེལ་ས་ཁུལ་ཡོངས་རྫོགས་རྒྱ་ནག་གི་ལག་ལ་ཤོར་བར་སྐྲག་པ་རེད། ཁོ་ཚོར་ཁག་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist