རྡོ་སྦིས་བློ་བཟང་ཡོན་ཏན་གྱིས།
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསར་འགྱུར་མེ་ལོང་སྟེང་བཀོད་པའི་འཇིག་རྟེན་རིལ་མོའམ་ཟླུམ་པོ་ཟེར་བའི་རྩོམ་ཐུང་འདི་ནི་བོད་ཀྱི་གཞོན་སྐྱེས་གཡམ་ལ་རྒྱུགས་པ་དག་གི་ཁྲོད་དུ་སྙན་གྲགས་ཆེ་ཞིང་། དགེ་ཆོས་དང་ཚན་རིག་གི་སྐོར་གླེང་སྐབས་ཁོ་ཚོས་གཟི་བརྗིད་ཆེན་པོས་རྩོམ་འདི་དྲངས་ཏེ། དགེ་ཆོས་ནི་སྔོན་གྱི་མཁས་བ་རྣམས་དང་མི་འདྲ་བར་མིག་རྒྱ་རིང་པོ་དང་།་ཚན་རིག་ལ་མཁས་བ་ཡིན་པ་སོགས་སྒྲུབ་བཞིན་འདུག་ཅིང་། ཕྱི་རྒྱལ་གྱི་མཁས་བ་འགའ་ཤས་ཀྱིས་ཀྱང་རི་བོང་ཅལ་གྱི་རྗེས་སུ་འབྲངས་ཏེ། དགེ་ཆོས་མ་བྱུང་བའི་སྔོན་དུ་བོད་མི་རྣམས་ཀྱིས་སའི་གོ་ལ་ལེབ་ལེབ་ཡིན་པར་འདོད་ཅེས་བོད་མི་རྣམས་ལ་འཕྱ་སྨོད་གཏོང་བྱེད་ཤིག་ཏུ་གྱུར་ཡོད་པ་རེད། དེ་བཞིན་ཉེ་ལམ་ཕྲན་གྱིས་ཕྱི་རྒྱལ་དུ་ཡོད་པའི་བོད་ཀྱི་དྲ་རྒྱ་ཁ་བརྡ་ཟེར་བ་ཞིག་གི་སྟེང་དུ་དགེ་ཆོས་དང་འབྲེལ་བའི་འཆན་འགའ་ཤས་བཏབ་པ་ལ་བོད་ཕྱི་ནང་གཉིས་སུ་གྲགས་འགུལ་མི་ཉུང་བ་ཤིག་བཟོས་ཡོད་པར་མངོན་ཞིང་། ་སྤྱིར་དང་སྒེར་གྱིས་ལམ་ནས་ཕྲན་ལ་ཡི་གེ་མང་པོ་དང་།་་ངོ་་ཤེས་འགས་ཤས་ཀྱིས་ཁ་པར་སོགས་་བཏང་ཏེ། བསྟོད་བསྔགས་དང་། ཟུར་ཟ། མཐོང་ཆུང་སོགས་ཀྱི་སྐད་ཆ་མང་པོ་ཤིག་བཤད་སོང་། སྤྱིར་བཏང་་ཨུ་ཚུགས་དང་ཕྲག་དོག་གིས་བཀང་བའི་མཁས་བར་བྱ་འདོད་པ་དེ་དག་ལ། ཇི་ལྟར་ངན་སྐྱུགས་ཁྲོན་པ་སུ་ཡིས་སློགས་ཞེས་གསུངས་ཡོད་པ་བཞིན་ལན་འདེབས་པ་དང་་རྗེས་སུ་མཇུག་པར་ཅི་ཡང་མི་སྤྲོ་མོད། ཡང་མང་ཤོས་ཤིག་གིས་ངེད་ཀྱིས་བཤད་པའི་གཏམ་དེ་རྣམས་བདེན་པ་ཨེ་ཡིན་སྙམ་པ་དང་། ལྷག་པར་ཏུ་དགེ་ཆོས་ཀྱིས་བྲིས་བའི་ས་གོ་ལ་རིལ་མོའམ་ཟླུམ་པོ་ཟེར་བའི་རྩོམ་ཐུང་དེ་བསྐུར་ཡོང་ནས་འདི་ཚན་རིག་གི་གཞུང་མ་ཡིན་ནམ་ཞེས་དྲི་བ་བཏོན་པ་དང་། ཁ་ཅིག་གི་དགེ་ཆོས་ནི་བོད་དུ་སའི་གོ་ལ་རིལ་རིལ་ཞེས་བཤད་མཁན་དང་པོ་རེད་ཟེར་བ་དང་། ཁ་ཅིག་གིས་དགེ་ཆོས་ཀྱི་སྔོན་དུ་བོད་དུ་སའི་གོ་ལ་རིལ་རིལ་ཟེར་ཡིན་མཁན་མེད་ཟེར་བ་དང་། ཁ་ཅིག་གིས་ཁྱེད་དངོས་གནས་དགེ་ཆོས་ལ་མི་དགའ་བ་ཞིག་རེད་ཅེས་དང་། ཡང་ཁ་ཅིག་གིས་ང་ཚོ་བོད་པ་རྣམས་ཀྱིས་ཀྱང་སྔོན་གྱི་ཡོ་རོབ་གླིང་གི་ཡེ་ཤུའི་ཆོས་ཀྱི་བདག་པོ་ལྟར་དགེ་ཆོས་ཀྱི་ས་གོ་ལ་རིལ་རིལ་ཡིན་ཞེས་བཤད་པ་ལ་གསོན་བསྲེགས་མ་བཏང་ཡང་དོན་མེད་དུ་ཁྲིམས་ཆད་ཕོག་ཏེ་་ལོ་གསུམ་གྱི་བཙོན་ཏུ་སྡོད་དགོས་བྱུང་བ་རེད་སོགས་གཏམ་འདྲ་མིན་་བཤད་བཞིན་འདུག་པ་ཐོས་སོ་། ཡང་དེ་བས་མི་བསམ་ཤེས་ཅན་འགའ་ཤས་ཀྱིས་ཕྲན་ལ་དགེ་ཆོས་ཀྱི་སའི་གོ་ལ་རིལ་རིལ་ཡིན་ཟེར་བའི་རྩོམ་འདི་ལ་དགོངས་ཚུལ་ཤིག་གསུངས་དང་ཞེས་བཤད་བྱུང་བས་།ཕྲན་གྱིས་མི་དེ་དག་གི་རེ་བ་སྐོང་བ་དང་རྣམ་དཔྱོད་ཅན་དག་ལ་ཕན་པ་རེ་ཐོགས་ན་སྙམ་པའི་ཀུན་སློང་ཤིག་གིས་དགེ་ཆོས་ཀྱིས་བྲིས་བའི་རྩོམ་ཐུང་དེ་ལ་དཔྱད་གཏམ་འདི་བརྗོད་པར་བྱའོ། དེ་ཡང་ཐོག་མར་དགེ་ཆོས་ཀྱིས་༼སྔོན་ཕྱི་གླིང་ཡོ་རོབ་ཀྱི་ཡུལ་རྣམས་ན་ཡང་མ་བརྟག་པའི་སེམས་ཀྱི་འཆར་ཚུལ་བཞིན་འཇིག་རྟེན་འདི་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལབ། རིལ་མོ་ཡིན་ཞེས་སྨྲ་མཁན་ཅིག་ཀྱང་མེད། ཡུལ་སོ་སོའི་ཆོས་ལུགས་རྙིང་པ་ཐམས་ཅད་ན་ཡང༌། འཇིག་རྟེན་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལས།རིལ་རིལ་ཡིན་བྱ་བ་ཡེ་མེད། དེའི་ཕྱིར་དང་པོར་རིག་པ་ཅན་འགའ་ཞིག་གིས་རིལ་རིལ་ཡིན་སྨྲས་ཚེ། གསོན་པོར་མེ་ལ་བསྲེགས་པ་སོགས་གཏམ་དེ་མི་འཕེལ་བའི་ཐབས་ཁོ་ན་བྱས།འོན་ཀྱང་མཐར་རིགས་པ་བདེན་པའི་གཟི་བརྗིད་མ་བཟོད་བར་ཐམས་ཅད་ཀྱིས་རིལ་རིལ་དུ་ཡིད་ཆེས་པ་འདི་བྱུང༌། ཞེས་གསུང་འདུག་མོད། འདི་ཡང་་དགེ་ཆོས་ཀྱི་ཚན་རིག་ལས་འཕྲོས་བའི་བསྟན་བཅོས་་གཞན་དག་དང་འདྲ་བར་ཧམ་བཤད་དང། མ་ཤེས་་ཤེས་ཁུལ་བྱས་བའི་འཆལ་གཏམ་་ཤིག་ལ་ཚིག་རྒྱན་ཡག་པོ་འགས་རྒྱན་ཏེ་་བོད་མི་གཅམ་བུ་རྣམས་ལ་བསླུ་བྲིད་གཏོང་བྱེད་དུ་བྲིས་བ་་ཤིག་ལས། ཚན་རིག་གི་གཞི་རྩ་ཡོད་པ་དང་། ལོ་རྒྱུས་ལ་དྲང་བཤད་བྱས་པའི་རྩོམ་ཤིག་མ་ཡིན་།་ཅི་ཕྱིར་ཞེ་། སྔོན་ནས་བཟུང་ཏེ་ཕྱི་གླིང་ཡོ་རོབ་རྣམས་ལ་འཇིག་རྟེན་འདི་རིལ་རིལ་ཡིན་པའི་འདོད་པའི་ལྟ་བ་དར་ཡོད་པ་ལས་ལེབ་ལེབ་ཡིན་ཞེས་འདོད་མཁན་་ཤིན་ཏུ་་ཉུང་ཉུང་ཡིན་ཞིང་། ཡེ་ཤུ་གཙོ་བྱས་བའི་ཡོ་རོབ་ཀྱི་ཆོས་ལུགས་རྙིང་པ་ཕལ་ཆེར་གྱིས་སའི་གོ་ལ་ནི་རིལ་རིལ་་ཡིན་ཞེས་འདོད་པ་ལས་ལེབ་ལེབ་ཡིན་ཞེས་འདོད་མཁན་ཉུང་ལ། དེ་བས་རིག་པ་ཅན་འགའ་ཞིག་གིས་སའི་གོ་ལ་རིལ་རིལ་ཡིན་ཞེས་སྨྲས་ཚེ། དེ་ལ་མི་འདོད་མཁན་ཕལ་་ཆེར་མེད་ལ། ད་བར་ཏུ་ཡོ་རོབ་གླིང་དུ་སའི་གོ་ལ་རིལ་རིལ་ཡིན་ཞེས་ལབ་ནས་གསོན་པོར་མེ་ལ་བསྲེགས་པ་ཤིག་ཡོ་རོབ་ཀྱི་ལོ་རྒྱུས་གང་གི་ནང་དུ་ཡང་མེད།
དེ་ཡང་ཡོ་རོབ་གླིང་ཏུ་སའི་གོ་ལ་རིལ་རིལ་ཡིན་ཟེར་བ་བའི་ལྟ་གྲུབ་འདི་བདག་ཅག་གི་སྟོན་པ་མ་སྐྱེས་བའི་ལོ་བརྒྱ་ཙམ་གྱི་སྔོན་ནས་དར་ཡོད། སྟོན་པ་མ་འཁྲུངས་བའི་ལོ་བརྒྱ་ཙམ་ཤིག་གི་ནང་དུ་ཐོག་མར་ཕ་ས་གོ་ར་ས Pythagoras (སྤྱི་ལོ་སྔོན་གྱི570-c. 495 ) ཟེར་བའི་རྟོག་གེ་སྨྲ་བ་ཞིག་གིས། འཇིག་རྟེན་ནི་ཐོག་མཇུག་སོགས་ཅི་ཡང་མེད་པས་བདེ་བ་དང་སྙོམས་པར་བྱ་བའི་གཞི་ཡིན་ཞིང་། བདེ་བ་དང་སྙོམས་པའི་ཁྱབ་པའི་དབྱིབས་ནི་རིལ་རིལ་ཡིན་པས་སའི་གོ་ལ་དང་གཞན་གྱི་གོ་ལ་རྣམས་ཀྱི་དབྱིབས་ནི་་རིལ་རིལ་ཡིན་ཞེས་སའི་གོ་ལ་རིལ་རིལ་ཡིན་པའི་་གྲུབ་མཐའི་ལུགས་བཏོན། དེའི་རྗེས་གྷི་རིག་གི་སློབ་དཔོན་ཆེན་པོ་ཕོ་ལ་ཐོ་ Plato (སྤྱི་ལོ་སྔོན་གྱི་428/427 348/347 ) ཟེར་བའི་མཁས་བ་དེ་དེང་དུས་ཀྱི་ཡི་ཏ་ལིའི་ལྷོ་ཕྱོགས་སུ་ཕེབས་ཏེ། ཕ་ས་གོ་རའི་རྩིས་ཀྱི་རྣམ་བཞག་སློབ་གཉེར་བྱས་པ་དང་། ཁོས་ཀྱང་སའི་གོ་ལ་རིལ་རིལ་ཡིན་པ་ལས་ལེབ་ལེབ་ཡིན་པའི་ལྟ་བ་བཏོན་མེད། དེའི་རྗེས་ཨིས་ཏོལ་ Aristotle (སྤྱི་ལོ་སྔོན་གྱི384 BCE – 322 ) ཟེར་བ་དེས་ཡང་་སའི་གོ་ལ་རིལ་རིལ་ཡིན་་པའི་སྒྱུབ་བྱེད་མང་པོ་་བཏང་། ཁོང་གིས་སའི་གོ་ལ་རིལ་རིལ་ཡིན་པའི་སྒྲུབ་བྱེད་རྣལ་མ་ཅིག་་ནི། དཔེར་ན་གྲུ་ཤིག་རྒྱ་མཚོ་འགྲམ་ནས་ཕར་མཚོ་ནང་དུ་བཏང་ན་རིམ་གྱི་གྲུ་མཚོ་ནང་དུ་ཕར་་སོང་བ་ན་མཐར་གྲུའི་རྩེ་མོ་ཙམ་ལས་མཐོང་བར་མི་འགྱུར་ཅིང་། དེ་ནི་སའི་གོ་ལ་རིལ་རིལ་ཡིན་པའི་སྒྲུབ་བྱེད་ཡིན་ཞེས་དགེ་ཆོས་ཀྱིས་ཀྱང་སློབ་དཔོན་འདིའི་སྐོར་མགོ་མ་ཚོས་བ་ཤིག་བཤད་ཡོད་པ་ཕྲན་གྱིས་འཛམ་གླིང་རྒྱས་ཀྱི་དོགས་སློང་ནང་དུ་བཀོད་ཡོད། དེའི་རྗེས་་གྷི་རིག་གིམཁས་བ་ཆེནཔོ། ཨ་རོ་ཐ་སོ་ནིས Erotesthens (སྤྱི་ལོ་སྔོན་གྱི 276 ནས་ 194 )ཟེར་བའིརྟོག་གེ་སྨྲ་བ་དེ་སའི་གོ་ལ་འདི་རིལ་རིལ་ཡིན་པའི་སྒྲུབ་བྱེད་དང་། སའི་གོ་ལའི་ཕྱིའི་སྐོར་ཚད་ཀྱི་རྣམ་བཞག་གསལ་བོ་ཨང་གྲངས་དང་བཅས་བཀོད་ཐུབ་པ་བྱུང་ཡོད་།་།་སྐྱེས་ཆེན་དམ་པ་འདི་བདག་ཅག་གི་སྟོན་པ་འཁྲུངས་བའི་ལོ་ཉིས་བརྒྱ་ཙམ་གྱི་རྗེས་སུ་གྷི་རིག་ནས་སྐུ་འཁྲུངས། ཁོ་ནི་སྐད་གྲགས་ཅན་གྱི་ཨཻ་རྗིབ་ཀྱི་ཨེ་ལེག་ཟན་དར་་དཔེ་མཛོད་ཁང་གི་དཔེ་གཉེར་བ་་གཙོ་བོ་དེ་གྱུར་ཡོད། དཔེ་མཛོད་ཆེན་མོ་འདི་ནི་དམག་དཔོན་ཆེན་མོ་ཨེ་ལེག་ཟན་དར་རྒྱ་གར་ནས་རང་གི་རྒྱལ་ས་མ་སར་རྡོ་ནེ་ལ་འགྲོ་དུས་།་ད་ཟིག་ཏུ་འདས་་ཤིང་། ཁོང་གི་བློན་པོ་རྣམས་རྒྱལ་སྲས་གཉིས་ཀྱི་ནང་ནས་སུ་་ཞིག་རྒྱལ་སྲིད་དུ་བསྐོ་བ་ཁ་མ་མཆམས་པར་མཐར་དམག་དཔོན་་ཤིག་གིས་ཨེ་རྗིབ་ཀྱི་གྲོང་ཁྱེར་ཅིག་ལ་་ཨེ་ལག་ཟན་དར་ཞེས་བཏགས་ནས་རང་གི་རྒྱལ་ཁབ་དུ་བྱས།་་དེ་ལ་དཔེ་མཛོད་ཁང་ཆེན་པོ་འཛམ་གླིང་དུ་དཀོན་པ་ཤིག་རྒྱབ་ནས་མིང་ལ་ཨེ་ལེག་ཟན་དར་་དཔེ་མཛོད་ཁང་ཞེས་བཏགས། དུས་སྐབས་དེ་རྒྱ་གར་དུ་ཆོས་རྒྱལ་མྱ་ངན་མེད་ཀྱི་དུས་དང་མཉམ་པས་ཡུལ་དེར་ཆོས་ཀྱི་ཕོ་ཉ་མངགས་ཚུལ་དང་རྒྱལ་བོ་དེའི་མིང་དང་བཅས་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐབས་སུ་བཞེངས་བའི་རྡོ་རིང་ལ་བྲིས་ཡོད་པ་དགེ་ཆོས་ཀྱིས་ཀྱང་གཏམ་རྒྱུད་གསེར་ཐང་དུ་བཀོད་་ཡོད་པ་དེ་བཞིན་རེད། ཕྱི་ལོ་སྔོན་གྱི༢༤༠་ཙམ་ལ་ཁོས་ཨེ་རྗིབ་ཀྱི་ས་ཚིགས་གཉིས་ལ་བརྟེན་ནས་སའི་གོ་ལའི་རིལ་རིལ་ཡིན་པའི་ཚད་གཞལ་བ་རེད། ལོ་༢༥༥་ཙམ་ལ་ཁོས་སའི་གོ་ལ་རིལ་རིལ་ཡིན་ཚུལ་གྱི་གོ་ལའི་ཁ་བྱང་ཤིག་ཀྱང་་ཐོག་མར་བཞེངས་བ་དང་། དེ་མིན་ཁོང་ནི་འཛམ་གླིང་གི་ས་ཁྲ་ཐོག་མར་བཟོ་མཁན་དུ་ཡང་གྲགས། ཨ་རོ་ཐ་སོ་ནིས་་གྷི་རིག་གི་མཁས་བ་ཆེན་པོ་ཨར་གི་མི་ཏའིArchimedes of Syracuse (སྤྱི་ལོ་སྔོན་གྱི 287 BC – c. 212 BC་དང་གྲོགས་པོ་ཡིན་པ་བཤད་ཅིང་། བཙན་པོ་ཚང་་གིས་སྟོན་པ་འདིའི་མིང་ཨར་གི་མི་ཏ་ཞེས་རྣམ་ཐར་ཉུང་ཙམ་བཀོད་ཏེ་ནུབ་ཀྱི་མཁས་བ་ཐམས་ཅད་ཀྱི་མཁས་བ་་ཞེས་བསྟོད་བསྔགས་བྱས་ཡོད་པ་ཡང་དོན་ལ་གནས་བ་ཤིག་ཡིན།
དེའི་རྗེས་རིམ་བཞིན་་ཡོ་རོབ་པའི་རྒྱལ་ཁམས་ཡོངས་རྫོགས་ཡེ་ཤུའི་ཆོས་་སུ་བསྒྱུར་ནས་ཡེ་ཤུའི་ཆོས་བ་རྣམས་ཀྱིས་རོམ་གྱི་ཆོས་བརྒྱུད་ཟེར་བ་དེ་འཛུགས། ཡེ་ཤུ་ཆོས་ལུགས་པས་རྣམས་ཀྱིས་ཀྱང Ptolemaeus་Claudius ཕུ་ཐུ་ལེབ་མིན་ཁུ་ལུ་རྡི་ཟེར་བའི་བརྩམས་པའི་རྩིས་ཀྱི་བསྟན་བཅོས་ཀྱི་གཞུང་ལུགས་ཆེན་མོ་ཨ་མི་ལ་རྒྱ་སི་ཐུ་ Almagest (ཕྱི་ལོ་147 ནམ 148) ཟེར་་ལ་གཞིར་བཙུགས་ཏེ། ལོ་ཐོ་དང་། ཉི་འཛིན་ཟླ་འཛིན། བཟའ་སྐར་འཕྲོད་སྤྱོར་སོགས་བརྩིས་བ་དང་། རྩིས་ཀྱི་བསྟན་བཅོས་འདི་ནང་དུ།་སའི་གོ་ལ་ནི་སྐར་ཁྱིམ་ཐམས་ཅད་ཀྱི་དཀྱིལ་དུ་ཡོད་པ་དང་་ཉི་ཟླ་སྐར་གསུམ་ཐམས་ཅད་སའི་གོ་ལ་སྐོར་ཅིང་འཁོར་བར་འདོད་པའི་གྲུབ་མཐའ་ཡིན་པས།་་འདིའི་ནང་དུའང་་ཕྱིའི་གོ་ལ་རྣམས་ནི་ཟླུམ་པོའམ་རིལ་རིལ་ཡིན་པ་ལས་ལེབ་ལེབ་ཡིན་པའི་འདོད་ཚུལ་མེད། གྲུབ་མཐའ་འདི་ལ་ཕྱིས་་སུ་ནུབ་གྱི་ཚན་རིག་གི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་བཞི་རུ་འབོད་པའི་ནང་གི་ཐོག་མར་་ཕོ་ལ་ཤའི་ཡེ་ཤུ་ཆོས་ཀྱི་གྲྭ་བ་ནི་ཁུ་ལེ་སུ་ཁོ་་ཕུ་ནི་ཁུ་Nicolaus Copernicus ( 1473 – 1543)ཟེར་བ་དེས་དོགས་གཞིར་བཟུང་ཏེ། ཉི་མ་ནི་སྐར་མ་ཐམས་ཅད་ཀྱི་དབུས་སམ། སའི་གོ་ལ་སོགས་སྐར་མ་ཐམས་ཅད་ཉི་མ་ལ་སྐོར་་བ་རྒྱག་བཞིན་པའི་གྲུབ་མཐའ་བཏོན། དེ་ནས་རིམ་གྱི་ཚན་རིག་དར་བའི་མགོ་བརྩམས་ཤིང་། དེ་དུས་བོད་དུ་རྒྱལ་བ་དགེ་འདུན་རྒྱ་མཚོའི་དུས་རེད། ཁོ་་ཕུ་ནི་ཁུ་ཡི་རྗེས་སུ་ཇོ་ཧེ་ནི་སུ་ཁ་ཕི་ལེ་ Johannes Kepler ( 1571 – 1630དང་།་ཀ་ལི་ལེ་ཨོ་་Galileo Galilei ( 1564– 1642) དང་སྐུ་ཞབས་ཨ་ཟེར་གི་ཉིག་ཏོན་ Sir Isaac Newton ( 1642 – 20 March 1727]) རྣམས་ནས་རིམ་གྱིས་ཉི་མ་ནི་སྐར་ཁྱིམ་་ཡོངས་ཀྱི་དཀྱིལ་དུ་ཡོད་པའི་ལྟ་བ་འདི་དར་་ཤིང་རྒྱས་བར་བྱས་ཏེ། ཚན་རིག་གི་ལྟ་བའི་གཞུང་མགོ་ཚུགས། ་དེ་ཡང་ཐོག་མར་ཁོ་ཕུ་ནི་ཁུ་ཡིས་ཉི་མ་སྐར་ཁྱིམ་ཐམས་ཅད་ཀྱི་ལྟེ་བ་ཡིན་པའི་གྲུབ་མཐའ་བཏོན་སྐབས། ཁོས་སའི་གོ་ལ་ཉི་མར་སྐོར་བ་རྒྱག་བཞིན་པ་དང་། སའི་གོ་ལར་སྤྱི་འཁོར་དང་། རང་འཁོར་གཉིས་ཡོད་པའི་ལྟ་བ་ཤིག་བཏོན་པ་ལས་སའི་གོ་ལ་རང་ནི་རིལ་རིལ་ཡིན་པའི་ལྟ་བ་གསར་ཏུ་བཏོན་མེད་།་དེ་བཞིན་རིམ་གྱིས་ཁ་ཕི་ལེས་སའི་གོ་ལ་་ཉི་མར་ཕྱི་འཁོར་ཇི་ལྟར་བྱ་ཚུལ་གྱི་སྐོར་ཨང་རྩིས་ལམ་ནས་བཏོན་སྐབས་་དང། ཀ་ལི་ལེ་ཨོ་ཡིས་ལྟ་བ་དེ་དག་ལ་རྒྱབ་སྐྱོར་བྱས་བའི་གཞུང་ལུགས་བརྩམས་པ་དང་།་་ཉིག་ཏོན་གྱིས་འཐེན་ཤུགས་ཀྱི་ལྟ་བ་བཏོན་པ་དེ་དག་ཀྱང་་ཉི་མ་སྐར་ཁྱིམ་ཐམས་ཅད་ཀྱི་དབུས་སུ་ཡིན་པས་སྒྲུབ་བྱེད་་གཏོང་བ་ཡིན་པ་ཡེ་ཤུ་ཆོས་ཚོགས་ཀྱི་ཕུ་ཐུ་ལེབ་མིན་གྱི་སའི་གོ་ལ་དབུས་སུ་ཡོད་པའི་ལྟ་བ་དང་འགལ་བ་བྱུང་ཡོད་མོད། རྩོད་རྙོག་དེ་དག་ནི་སའི་གོ་ལ་ལམ། ཡང་ན་་ཉི་མ་སྐར་ཁྱིམ་ཐམས་ཅད་ཀྱི་ལྟེ་བ་ཡིན་པའི་རྩོད་པ་ཤིག་ལས། སའི་གོ་ལ་རིལ་རིལ་དང་ལེབ་ལེབ་ཀྱི་རྩོད་པ་མིན་།་་ཀ་ལི་ལེ་ཨོ་ལ་ཡེ་ཤུ་ཆོས་ཀྱི་ཁྲིམས་ཆད་ཕོག་པ་དང་གཞན་ཚན་རིག་པ་འགའ་ཤས་་མེ་ལ་བསྲེགས་གཏོང་དགོས་བ་ཡང་སའི་གོ་ལ་རིལ་རིལ་དང་ལེབ་ལེབ་ཀྱི་རྩོད་པ་མ་ཡིན་པར། སའི་གོ་ལ་དང་། ཉི་མ་གཉིས་ཀྱི་གང་ཤིག་སྐར་ཁྱིམ་ཡོངས་ཀྱི་དཀྱིལ་དུ་ཡོད་མེད་ཀྱི་རྩོད་པ་དེ་ཡིན། འདི་ལྟར་ཤེས་ན་་དགེ་ཆོས་ཀྱིས་སྔོན་་ཕྱི་་གླིང་ཡོ་རོབ་ཀྱི་འཇིག་རྟེན་འདི་ལེབ་ལེབ་ཡིན་ཟེར་བ་་ཤ་སྟག་དང་། རིལ་མོ་ཡིན་ཞེས་སྨྲ་མཁན་གཅིག་ཀྱང་མེད་ཟེར་བ། རིལ་རིལ་ཡིན་ཞེས་སྨྲས་ཚེ་གསོན་པོ་མེ་ལ་བསྲེགས་པ་སོགས་སྨྲས་བ། དགེ་ཆོས་་རང་གིས་ཡོ་རོབ་ཀྱི་ཚན་རིག་གི་ལོ་རྒྱུས་མ་ཤེས་པར་།་བོད་མི་རྣམས་ལ་མགོ་སྐོར་བའི་སྐད་ཆ་ཡིན་པ་ལས། ཚན་རིག་དང་ལོ་རྒྱུས་ཀྱི་ཁུངས་ལུང་ཅི་ཡང་མེད་།
ཡང་དགེ་ཆོས་ཀྱིས་”འོན་ཀྱང་རང་རེ་བོད་དུ་ནི་ད་དུང་ཡང་མིན་པའི་ཕྱོགས་ལ་ཨུ་ཚུགས་བྱེད།ཁ་ཤས་ཕྱི་གླིང་པ་གྲུ་བཏང་ནས་རྒྱ་མཚོའི་ནང་དུ་མགོ་འཁོར་པ་ཡིན་སོགས་བྱིས་པ་སེམས་མེད་ཀྱི་གཏམ་སྨྲ།བློ་ལྔན་དགའ་རེས་ཁོང་དུ་ཆུད་ཀྱང་གཞན་གྱིས་ཁ་ཟེར་བ་ལ་འཇིག་ནས་ཁ་ནས་བཤད་མི་ནུས་པར་སྡོད་པ་ཡང་མཐོང༌། ཡོ་རོབ་ཀྱི་མཁས་པ་རྒྱུ་མཚན་མངོན་སུམ་མ་མཐོང་པར་གང་ལ་ཡང་ཡིད་མི་ཆེས་པའི་མགོ་ཁྲེགས་མཐར་ཐུག་དེ་དག་གིས་ཀྱང་མིན་པའི་ཕྱོགས་ལ་སྡོད་མ་ནུས་པར་ཁས་བླངས་ཚར་ན།རང་རེའི་ཨུ་ཚུགས་འདིས་མཁའ་མི་འཁྱོལ་བ་སྨྲ་མ་དགོས།སངས་རྒྱས་ཀྱིས་ལེབ་ལེབ་དུ་གསུངས་པའི་ཕྱིར་བྱ་བ་འདིས་ནི་གཞན་སྡེ་ལུང་ཁས་མི་ལེན་པ་ལ་གནོད་པ་ཁབ་རྩེ་རྩམ་ཡང་མི་འཁྱོལ་བར་མ་ཟད། རང་སྡེ་ལུང་ཁས་ལེན་པ་ལ་ཡང༌། སངས་རྒྱས་ཀྱི་མདོ་ཕལ་ཆེར་སེམས་ཅན་གྱི་བསམ་པ་དང་མཐུན་པར་གསུངས་པས།འདི་ཡང་དྲང་དོན་དང་ངེས་དོན་གང་ཡིན་མི་ཤེས།སྟོང་ཉིད་དང་ཐར་པའི་ལམ་རིམ་ལྟ་བུའི་དོན་ཆེན་པོ་དག་ཀྱང་སེམས་ཅན་གྱི་བསམ་པ་བཞིན་དྲང་དོན་གྱི་སྒོ་སྣ་ཚོགས་སུ་གསུངས་ན་ཡང་སྣོད་བཅུད་ཀྱི་རྣམ་བཞག་འདི་འདྲ་ལ་སྨྲས་ཅི་དགོས།སངས་རྒྱས་ཞལ་བཞུགས་དུས་དགེ་སློབ་རྣམས་ཀྱི་ཟས་ཟ་སྟངས་ཡུལ་དུས་དང་མི་མཐུན་པ་ཁྱིམ་པ་རྣམས་ཀྱི་སེམས་ལ་མི་འགྲོ་བ་ཕྲན་བུ་རེ་བྱུང་བ་ལ་ཡང༌། དེ་འདྲ་མི་རུང་ཞེས་ཁྲིམས་བཅའ་བར་མཛད་ན།དེ་དུས་འཇིག་རྟེན་ཐམས་ཅད་ལས་ལེབ་ལེབ་ཡིན་ཞེས་རླུང་ལྟར་གྲགས་པས།སངས་རྒྱས་ཀྱིས་རིལ་རིལ་ཞེས་གསུང་ཀྱང་སུའི་རྣ་བར་འགྲོ།ནན་གྱིས་གསུང་ཀྱང་ངོན་ཅི་ཡང་མོད་རྫུ་འཕྲུལ་ཀྱིས་དངོས་སུ་བསྟན་ན་ཡང༌། དེང་སང་སྐྱེས་བོ་ཚོས་ཡང་ཁྲག་ཁྲིག་གིས་མངོན་གསུམ་དུ་གྱུར་བའི་སྐབས་སུ་ཡང༌། ད་དུང་རང་རེས་ཁོང་ཚོ་མགོ་འཁོར་བ་ཡིན་ཞེས་སྨྲ་བ་ལྟར། གོ་ཏ་མའི་མིག་འཕྲུལ་ཡིན་བྱ་བ་ལས་ཡིད་ཆེས་བ་མི་འོང་ངེས། དེ་ན་རང་རེ་ཀུན་གྱིས་ཡི་གེ་ལས་མཐོང་པའི་འཇིག་རྟེན་དེ་ལས་མིག་གིས་མཐོང་པའི་འཇིག་རྟེན་འདི་ལ་ཡིད་ཆེས་ན་ལེགས་སོ།།”
ཞེས་་ཀ་ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོའི་གནས་ཡིག་དཔྱིད་ཀྱི་ཉི་མ་འཕུད་བྱེད་ལ་དགག་པ་གཏོང་ཁུལ་གྱི་འདི་ལྟར་བཤད་འདུག་མོད། དོན་གྱིས་དགེ་ཆོས་ཁོ་རང་གིས་བོད་དུ་སའི་གོ་ལ་་རིལ་རིལ་ཡིན་པར་འདོད་པའི་ལྟ་བ་འདི་སྔོན་ནས་དར་ཡོད་པ་དེའི་སྐོར་གྱི་ལོ་རྒྱུས་ཏིལ་འབྲུ་ཙམ་ཡང་མ་མཐོང་། རང་ལ་་སྤོབས་པ་ཆེ་མདོག་དང་། བོད་ལ་་ཤ་ཚ་ཁུལ་གྱིས་་གྲོས་འདེབས་ཁུལ་དང་། མ་བརྟག་ཅོལ་ཆུང་གི་གཏམ་དག་ལས། ལོ་རྒྱུས་ཀྱི་ཁུངས་ལུང་ཡོད་པ་དང་ཚན་རིག་གི་སྟེང་ནས་ར་སྤྲོད་ཐུབ་པ་ཤིག་རྩ་བ་ཉིད་ནས་མིན། གལ་སྲིད་ཁོ་རང་གི་རྒྱ་རྩིས་ལ་་སློབ་གཉེར་ཅུང་ཙམ་བྱས་ཡོད་པ་དང་། བོད་དང་ཡོ་རོབ་གཉིས་ཀྱི་འབྲེལ་བའི་་སྐོར་ལ་ཞིབ་དཔྱད་ཉུང་ཙམ་རེ་བྱས་ཡོད་ན། སྐད་ཆ་འདི་འདྲ་ཤིག་བཤད་མི་ཕོད། ཅི་ཕྱིར་ཞེ་ན། མདོ་སྨད་ཁུལ་དུ་དར་བའི་རྒྱ་རྩིས་འདིའི་ནང་དུ་སའི་གོ་ལ་རིལ་རིལ་ཡིན་པ་གཞིར་བཞག་གི་སྟེང་ནས། དེའི་ཏུའུ་ཚད་དང་། སེར་ལམ། དམར་ལམ། དེ་བཞིན་དཀྱིལ་ཞག་བརྩི་ཚུལ་བཅས་གསལ་བོ་་གསུང་ཡོད་པ་མ་ཟད། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་བའི་སྐབས་སུ་བླ་བྲང་གི་ཀྱེ་རྡོར་གྲ་ཚང་གི་མདུན་དུ་་རྒྱ་རྩིས་ཀྱི་རི་མོ་ལམ་ནས་བྲིས་བའི་སའི་གོ་ལའི་ཁ་བྱང་ཆེན་པོ་ཞིག་བཞེངས་ཡོད་པ་དེ་རྗེས་སུ་མེ་རུ་འཚིགས་ནས་མ་ལུས་མོད། དགེ་ཆོས་བླ་བྲང་དུ་ཡོད་དུས་།་གོ་ལའི་རི་མོ་རྣམ་བཞག་དེ་དེ་རུ་ཡོད་པར་བཤད། ཡ་མཚར་བ་ཞིག་ལ་དགེ་ཆོས་ཀྱི་འདིའི་སྐོར་ལ་སྒྲོས་གླེང་ཙམ་ཡང་བྱས་མི་འདུག མདོ་སྨད་ཁུལ་དུ་དར་པའི་རྒྱ་རྩིས་འདི་ནི་རྒྱལ་དབང་བཞི་བ་དང་ལྔ་བའི་སྐབས་སུ་ཡོ་རོབ་གྱིས་ཡེ་ཤུའི་ཆོས་སྤེལ་བ་འགའ་ཤས་མིང་རྒྱལ་རབས་ཀྱི་རྒྱལ་བོ་ཐ་མ་ཁྲུང་ཀྲུན་ཟེར་བའི་སྐབས་སུ་རྒྱ་ནག་ཏུ་སླེབས་ཏེ། རྒྱ་ནག་གི་མཁས་དབང་གྲགས་ཅན་ཞིས་ཀོང་ཆིས་ཀྱིས་རོགས་རམ་འོག་ཁྲུན་ཀྲོང་རྩིས་གསར་ཞེས་བའི་གཞུང་མང་པོ་བྲིས་ནས་གོང་མར་ཕུལ་ཡང་། རྒྱལ་རབས་མཇུག་རྫོགས་ཏེ། ལག་བསྟར་བྱ་མ་ཐུབ་པ་་རེད་། དེའི་རྗེས་མན་ཛུའི་རྒྱལ་རབས་སྐབས་སུ་བཙན་པོ་ཚང་གི་ཀིརྨ་ནི་འམ་ཛར་མྨ་ཎི་ཡ་ཟེར་བ་དེང་དུས་ཡོངས་གྲགས་སུ་འཇར་མན་ཟེར་བའི་ཡུལ་ནས་ཡོང་བའི་མཁས་བ་འཇར་མན་གྱི་མིང་ལ་ཇོན་ཨ་དམ་ཤིལ་ལམ་རྒྱ་ནག་གི་སྐད་དུ་་མིང་དུ་ཐང་རོ་དབང་་(Johann Adam Schall von Bell 汤若望) (1591-1666)ཟེར་བ་དེས་དེའི་གོང་གི་རྩིས་དཔེ་དེ་དག་ཡང་བསྐྱར་བསྡུས་ཏེ། མིང་ལ་ནུབ་ཀྱི་རྩིས་གསར་ཅེས་བཏགས་ནས་ ༡༦༤༥་ལོར་མན་ཇིའི་གོང་མར་ཕུལ་བ་དང་། ལྔ་བ་ཆེན་པོ་རྒྱ་ནག་ཏུ་ཕེབས་དུས་། མི་འདིའི་་མིང་དངོས་སུ་དྲངས་ཏེ། རྩིས་བ་་ཞེས་གསུང་འདུག༼དེ་ཉིན་ཁ་འཚུབ་ཆེ་བ་ཞིག་བྱུང་རྒྱ་གར་གྱི་མུ་སྟེགས་པའི་རྩིས་བ་ཐང་ཤི་དབང་གིས་ཇི་ལྟར་འོང་བར་ལུང་བསྟན་པ་ལྟར་བྱུང་ཞེས་དབང་ཡ་མཚན་དུ་བཟུང་ཏེ་བསྔགས་བརྗོད་བྱེད་སྐབས་ཞེས་་ཐང་ཤི་དབང་ཟེར་ཡིག་ནོར་ཡིན་ཏེ། དོན་གྱི་ཐང་རོ་དབང་ཟེར་བཞིན་ཡོད།༽ ཕྱིས་སུ་རྒྱ་ནག་རྩིས་རྣམས་ཡོ་རོབ་ཀྱི་རྩིས་སྟེང་ནས་སྤེལ་མགོ་བརྩམས། ཡིད་སྐྱོ་བ་ཞིག་དེང་དུས་རྒྱ་རྩིས་ཀྱི་སྐོར་ལ་ཞིབ་དཔྱད་བྱ་བཞིན་པ་ཉུང་ཤིང་། ཡོད་པ་རྣམས་ཀྱིས་ཀྱང་།་རྒྱ་རྩིས་ཀྱི་ཁུངས་ནི་ནུབ་ཕྱོགས་ནས་དར་བ་དང་། ཁྱད་པར་ཐ་ཁོ་པུ་ར་ཧེ་ཡི་ (Tycho Brahe 1546 – 1601) ལྟ་གྲུབ་དང་། རི་མོ་ཡིན་པ་ཧ་མ་གོ་བར། ཅི་མི་སྙམ་པར་རྒྱ་ནག་རང་དུ་ཡོད་པའི་རྩིས་ཤིག་ཡིན་ཞག་གིས་བཤད་་བཞིན་པ་འདི་བཞིན་རེད། ཕྱི་ལོར་༡༧༡༥་གོང་མ་བདེ་སྐྱིད་རྒྱལ་བོས་་བོད་ཀྱི་མཁས་བ་ཆེན་པོ་རབ་འབྱམས་ངག་དབང་ཚུལ་ཁྲིམས་བཟང་བོ་སོགས་ལ་བཀའ་བབས་ཏེ། ནུབ་གྱི་རྩིས་གསར་དེ་བོད་ཡིག་ཏུ་བསྒྱུར། དེ་ནི་ཏ་ལྟ་ཡང་མཐོང་རྒྱུ་ཡོད་པའི་རྒྱ་རྩིས་ཆེན་པོ་ཞེས་འབོད་པའི་སྐད་གྲགས་ཅན་གྱི་གླེགས་བམ་དེ་རེད། ༼ཕྱི་ལོ་༢༠༠༨་ལོར་བོད་ཀྱི་རྩིས་བ་རྣམ་དཔྱོད་ཅན།་་དགེ་བསྙེན་ཚུལ་ལྡན་ཤིག་གིས་ཕྲན་ལ་རྒྱ་རྩིས་ཆེན་མོའི་གླེགས་བམ་ཤིག་བསྩལ་བྱུང་བ་དེ་ལ་ནམ་ཡང་དགའ་བ་སྒོམ་གྱིན་ཡོད༽་རྒྱ་རྩིས་ཆེན་མོའི་འདིའི་ནང་དུ་ནུབ་ཀྱི་རྩིས་དང་། ཚན་རིག་གི་ལྟ་གྲུབ་མང་པོ་ཤིག་ཡོད་པ་དང་། བོད་ཡིག་ཏུ་་ཡོ་རོབ་ཀྱི་བསྟན་བཅོས་བསྒྱུར་བ་ཐོག་མ་དེ་ཡིན་པར་བསམ་པས། འདིའི་སྐོར་ད་དུང་མི་འཐུད་ཞིབ་མཇུག་བྱ་མུས་དང་། འདིའི་སྐོར་གྱི་ཆེད་རྩོམ་ཤིག་ཀྱང་བྲིས་ཏེ།་མགྱོགས་པོ་བཏོན་རྩིས་ཡོད།
དེའི་རྗེས་མ་ཡང་བཟོད་པའམ་་སེར་ཆེན་ཞབས་དྲུང་གང་རུང་ཤིག་གིས་རྒྱ་རྩིས་ཀྱི་སྙིང་བོ་ཐམས་ཅད་བསྡུས་ནས། དཔེ་མིང་ལ་་རྒྱ་རྩིས་ལས། རྒྱལ་ཁབ་ཆེན་པོ་པེའི་ཅིང་གནས་པའི་ཡུལ་གྲུ་གཙོ་བོར་བྱས་ཏེ་ཉི་ཟླ་གཟའ་འཛིན་བརྟགས་ཚུལ་་ཟེར་བ་ཤིག་བརྩམས་ནས། སོག་ཡུལ་དང་།་མདོ་སྨད་ཡུལ་དུ་དར་བར་བྱས་པ་དང་། དེའི་རྩིས་མགོ་༡༧༤༤་ལོ་ལ་བྱས། བསྟན་བཅོས་དེས་ཀྱང་སའི་གོ་ནི་རིལ་རིལ་ཡིན་པའི་སྟེང་ནས་ཉི་འཛིན་དང་ཟླ་འཛིན་སྒྲུབ་བཞིན་ཡོད་པ་ལས་།་སའི་གོ་ལ་ལེབ་ལེབ་ཡིན་པའི་སྐད་ཆ་གཅིག་ཀྱང་མེད། དེའི་གོ་དོན་ཐད་ལ་ཨ་ཀྱ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་ (1708-1767) སའི་གོ་ལ་རིལ་རིལ་ཡིན་པའི་གསལ་བོ་གསུང་ཡོད། ཁོང་གིས་”འཇིག་རྟེན་ཆགས་པའི་ས་འདི་ཟླུམ་པོ་ལ་ཉི་ཟླ་བཟའ་སྐར་ཕལ་ཆེ་བ་ཤིག་སྟེང་འོག་ཏུ་འཁོར་ཞིང་། འགྲོ་བས་བགྲོད་ཚུལ་གྱི་དབང་གིས་ཉི་མ་ཟླ་བས་སྒྲིབ་པ་དང།ཟླ་བ་ས་གཞི་ཉི་མ་རྣམས་ཐད་ཀར་དྲང་བོ་བབས་ན་ས་གཞི་གྲིབ་མ་ཕོག་པའི་དབང་གིས་ཟླ་འཛིན་བྱུང་”ཞེས་གསལ་བོ་གསུང་ཡོད། གསུང་འདི་ནི་དགེ་ཆོས་ཀྱིས་སའི་གོ་ལ་རིལ་རིལ་ཡིན་པར་བཤད་པའི་རྩོམ་ཐུང་དེ་མ་བརྩམས་པའི་ལོ་ཉིས་བརྒྱ་ཙམ་གྱི་གོང་རེད། རྗེས་སུ་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་ཨ་ཀྱ་བློ་བསྟན་གྱི་ལྟ་བ་འདི་ལན་གཅིག་མ་ཡིན་པར་ཡང་དང་བསྐྱར་ཏེ་དྲངས་ཏེ་བོད་ཀྱི་གཅམ་བུ་རྣམས་ལ་གསུང་ཡོད་མོད་།་ཁོ་ཚོས་དགེ་ཆོས་ཀྱི་སའི་གོ་ལ་རིལ་རིལ་དང་ལེབ་ལེབ་ཀྱི་རྩོམ་ཐུང་དང་དོན་རྒྱལ་སད་ཀྱི་བཅོམ་པའི་མེ་ཏོག་སོགས་ལ་མགོ་འཁོར་ཏེ་། ལུང་དང་རིགས་པའི་ཁྱབ་པའི་གསུང་མན་ངག་ཅན་འདི་དག་ལ་སྒྲོས་གླེང་ཙམ་ཡང་བྱུང་མེད་པ་འདི་ནི་ཡིད་སྐྱོ་བའི་གནས་ཚུལ་དེ་བྱུང་བ་རེད། དེབཞིན་ཉེ་དུས་ཀྱི་བླ་བྲང་གི་དུས་མཁོར་བ་སྨད་སོག་བཛྲ་་གྱིས། ༼གསུང་རྩོམ་པོད་གསུམ་པ་།་༩༦་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་༽་འཇིག་རྟེན་ས་གཞི་ཟླུམ་པོ་འདིའི། སྟེང་ཐད་ཉི་ཟླ་གཟའ་སྐར་རྣམས། བརྩེགས་ཚུལ་འཁོར་བའི་འགྲོས་དབང་གིས། ཟླ་བས་ཉི་མ་སྒྲིབ་པར་འདོད། ཟླ་བ་ས་གཞི་ཉི་མ་རྣམས། ཐད་དྲངས་བབས་ཚེ་ས་གཞི་ཡིས། གྲིབ་མ་དཀྱིལ་འཁོར་ལ་ཕོག་པར། ཟླ་འཛིན་སྣང་བ་བྱུང་བར་གླེང་། “་ཞེས་གསལ་བོ་གསུང་ཡོད་པ་ལྟར་།་རྒྱ་རྩིས་ཀྱི་ལུགས་ལ་སའི་གོ་ལ་ནི་ཟླུམ་པོའམ་རིལ་རིལ་ཡིན་པ་ལས་།་ལེབ་ལེབ་ཡིན་པའི་སྐད་ཆ་གཅིག་ཀྱང་མེད་པ་་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་རྒྱ་རྩིས་ཀྱི་གོ་དོན་དང་། དེ་མིན་གཞན་གྱི་རྒྱ་རྩིས་ཀྱི་བསྟན་བཅོས་མང་པོ་བརྩམས་ཡོད་པ་དེ་དག་གི་ནང་དུ་གསལ་བོ་གསུང་ཡོད་པ་རེད།
དེའི་མི་ཚད་ད་དུང་སྔོན་གྱི་དུས་ནས་བོད་ཀྱི་མཁས་བ་མང་པོས་སའི་གོ་ལ་ནི་རིལ་རིལ་ཡིན་པར་རྟོགས་ཡོད་པ་མ་ཟད་། འདོད་ཚུལ་འདི་དུས་འཁོར་དང་། མཛོད་ལུགས་ཀྱི་འཇིག་རྟེན་ཆགས་ཚུལ་དང་ཡང་མི་མཐུན་པ་ཡང་ཧ་གོ་ཡོད། དཔེར་ན་བཙན་པོ་ནོ་མོན་ཧན་གྱིས་དེའི་སྐོར་པན་ཆེན་བདུན་པ་དཔལ་ལྡན་བསྟན་པའི་་ཉི་མ་མཆོག་ལ་དོགས་གཞིའི་ཡི་གེ་བསྐུར་དུས། པན་ཆེན་་དཔལ་ལྡན་བསྟན་པའི་ཉི་མས། “ཕེ་རེཾ་ཀི་པ་(ཡོ་རོབ་པ)ལ་སོགས་པ་རྣམས་ཀྱིས་རང་རང་གིས་ལུགས་སྲོལ་རྩོད་མེད་དུ་བཟུང་སྟེ་གོ་ལའི་རྣམ་བཞག་བཀོད་པ་ལ་ཁོ་པ་རང་ལུགས་སོར་བཞག་གི་ལོ་ཟླ་ཞག་འཕྱུག་མེད་འཛིན་ཐུབ་པ་འདུག་པས་འདི་ཡང་གོལ་སར་མ་བཟུང་པར་སྒྲོ་འདོགས་གཅོད་པའི་གནས་སུ་ཁྱེར་དགོས་བ་ལགས་”ཞེས་གསལ་བོ་གསུང་ཡོད་པ་འདི་རེད། ་དགེ་ཆོས་ཀྱིས་རྒྱ་རྩིས་དང་།་བཙན་པོ་ནོ་མོན་ཧན། དཔལ་ལྡན་བསྟན་པའི་ཉི་མ་སོགས་ཀྱི་ཐད་ལ་སྒྲོས་གླེང་དང་རྟོག་དཔྱོད་ཙམ་ཡང་མེད་པར། རང་གིས་གཞན་གྱི་མ་གོ་བ་་ཤིག་གོ་ཁུལ་དང་། ཤ་ཚ་མདོག་གི་སྐད་ཆ་འདི་འདྲ་བཤད་པ་དང་། ཐ་མ་དཔར་ཏུ་བཀོད་ནས་ཕྱོགས་མཐར་བཀྲམས་པ་འདི་དག་གིས་དགེ་ཆོས་ནི་བོད་ཀྱི་ལོ་རྒྱུས་ལ་འདྲིས་ཆ་ཆུང་པའི་མཚོན་རྟགས་དང།་དགེ་ཆོས་ལ་དོན་མེད་ཀྱི་འུད་བསྟོད་བྱས་བ་དག་ཡང་དོན་གྱིས་སྤྲེའི་གར་འཁྲབ་འགའ་ཡིན་པ་ཞོར་གྱི་་ཤེས་པར་བྱའོ།
སྐབས་འདིར་ང་ཚོས་ངེས་པར་ཏུ་ཉེ་དུས་ཀྱི་མཁས་བ་ཆེན་པོ་ཚེ་ཏན་ཞབས་དྲུང་རིན་པོ་ཆེ།་ཨ་ཁུ་བསམ་གྲུབ་ཚང་། ཨ་ཁུ་བཛྲ་ཚང་། རྒྱ་མི་བ་བསོད་ནམས་རྒྱ་མཚོ་སོགས་ལ་བཀའ་དྲིན་ཆེ་ཞུ་དགོས་ཡོད།་ཅི་ཕྱིར་ཞེ་ན། ཁོ་ཚོ་ལ་བརྟེན་ནས་དུས་ཀྱི་མཐར་ཡང་་རྩིས་རྒྱུན་འདི་རྒྱུན་མ་ཆད་པར་མི་མཐུད་དུ་གནས་ཐུབ་པར་བྱུང་བ་རེད། སྔོན་གྱི་བོད་ཀྱི་མཁས་བ་དག་གི་ལྟ་བ་འདི་འདྲ་བ་།་རྩིས་ཐབས་འདི་ལྟ་བུ་བོད་དུ་དྲངས་་བ་ལ་་དོན་མེད་ཀྱི་དགེ་ཆོས་ཀྱི་་རྗེས་སུ་རྒྱུགས་མཁན་དག་གིས་བློ་ངོར་མི་འབབ་ལ། དོན་རྒྱལ་གྱི་རྗེས་སུ་འབྲངས་བ་དག་གིས་རྩིས་གཞུང་འདི་ལྟ་བ་རྙིང་བ་རེད་ཅེས་དཔྱད་པ་སོགས་ཅི་ཡང་མེད་པར་གད་སྙིགས་ནང་དུའང་གཡུགས་སྲིད་མོད། བློ་གཟུ་བོ་རྣམས་ལ་བསྟན་བཅོས་འདི་དག་གིས་་བོད་ཀྱི་སྔོན་གྱི་མཁས་བ་དག་ནི་ཕྱི་ནང་རིགས་པའི་ལྟ་བ་ཀུན་ལ་འདྲིས་ཆེ། བློ་གཟུ་བོ་ཡིན་པ། གང་ལ་བདེན་པ་དང་། རིགས་པ་ལྡན་ན་ཕྱི་ནང་གི་ཕྱོགས་ཞེན་མེད་པར་ཚུལ་བཞིན་དུ་དྲངས་བ་དེ་མཚོན་བཞིན་ཡོད།
མཐར་དགེ་ཆོས་ནས་བཟུང་ཏེ་།་བོད་དུ་ལྟ་བ་ཡ་མཚར་བ་ཤིག་དར་བའི་མགོ་ཚུགས་པ་རེད། ལྟ་བའི་དེའི་གནད་ནི་རྡོག་རྡོག་པོ་བཤད་ན་འདི་རེད།་དུས་ལ་གསར་རྙིང་གཉིས་སུ་དབྱེ།་རིགས་པའི་གཞུང་ལུགས་ལ་ཡང་སྲོལ་རྒྱུན་དང་། དེང་རབས་ཅན་ཞེས་གཉིས་སུ་ཕྱེས།་་སྔོན་གྱི་དུས་རབས་ནི་། ཀླ་ཀློ་དང་།་མུན་ནག་།་བདུག་རྩུབ་ཡིན་པ་སོགས་དང་།་དེང་གི་དུས་ནི་ཚན་རིག་ཡོད་པ།དམངས་གཙོ་ཡིན་པ། གསར་གཏོད་ཡོད་པ་སོགས་བཤད་བཞིན་ཡོད་པ་དེ་རེད། སྤྱིར་བཏང་་དེང་རབས་ཅན་ཟེར་བ་འདི་གླེང་དུས་འདི་མི་རྣམས་ཀྱི་སྣང་ངོར་ཅི་མི་སྙམ་པར་སྔོན་སྲོལ་གཏོར་ནས་གསར་བ་ཤིག་བཤད་དགོས་བ་དང་།་བྱས་དགོས་བར་འཆར་བཞིན་ཡོད་མོད། ལྟ་བ་འདི་ལ་་དེང་དུས་ནུབ་ཕྱོགས་ཀྱི་མཁས་བ་མང་པོས་་དགག་བཞག་བྱས་ཏེ་ད་ལྟ་དེང་རབས་ཅན་རྗེས་མ་ཞེས་བའི་གྲུབ་མཐའ་་དར་བཞིན་ཡོད་པ་དང་། མཁས་བ་ཁ་ཅིག་གིས་དུས་གསར་རྙིང་དང་། སྲོལ་རྒྱུན་དང་དེང་རབས་ཀྱི་ཁྱད་པར་འདི་ནུབ་ཀྱི་ལོ་རྒྱུས་དང་སྤྱར་ན་ཆོག་པ་ལས་ས་ཕྱོགས་གང་དུ་སྤྱོར་མི་ཆོག་པའི་ལྟ་བ་ཡང་འཛིན་བཞིན་ཡོད་མོད། བོད་ཀྱི་གཅམ་བུ་དག་གིས་་དགེ་ཆོས་དང་དོན་རྒྱལ་སོགས་དཔུང་དུ་བཞག་ནས་གསར་བ་དང་རྙིང་བ། སྲོལ་རྒྱུན་དང་་དེང་རབས་ཀྱི་ཁྱད་པར་་ཕྱེས་ཅི་ཐུབ་ཀྱིས་སྔོན་གྱི་མཁས་བ་རྣམས་ལ་འཕྱ་སྨོད་དང་། བརྙས་བཅོས། དོན་མེད་ཀྱི་དགག་པ་གཏོང་བཞིན་པ་དེ་ནི་དམར་པོ་ལྟ་བ་རང་དུ་ངེས། ད་ནི་གསར་རྙིང་གི་རྩོད་པ་མཚམས་ཞོག སྲོལ་རྒྱུན་དང་དེང་རབས་ཞེས་ཡིན་མདོག་མདོག་གི་སྐད་ཆ་ཆེན་པོ་ཡང་མ་བཤད། གང་ལ་རིགས་པ་དང་། བདེན་པ་ཡོད་ན་གཙུག་ཏུ་བཀུར་ཏེ། སྔོན་གྱི་དུས་ལྟར་མི་སྡེ་ཡ་རབས་ཡག་པོ་ཤིག་འཛུགས་སྐྲུན་བྱེད་པར་བྱ་ཞེས་ཞུ་འདོད་པ་དེ་ཡིན།
གྲོགས་པོ་རྣམས་ཀྱིས་དགེ་ཆོས་སྐོར་ལབ་གླེང་ཡག་པོ་གནང་གི་འདུག། དངོས་གནས་ཡག་པོ་རེད། འོང་ཀྱང་གང་ལབ་པ་དེ་དག་རྒྱུ་མཚན་དང་རིག་པའི་ལམ་ནས་ལབ་རོགས་ཞུ།
དགེ་ཆོས་ནི་རྩོམ་རིག་དང་ལོ་རྒྱུས་གཞན་ནང་ཆོས་ཐོག་འབད་རྩོན་གནང་སྨྱོང་མཁན་ཞིག་དང་སྐད་ཆ་ལབ་ཐུབ་མཁན་ཞིག་རེད་སྙམས། དགེ་ཆོས་ཀྱིས་གང་ལབ་པ་ཐམས་ཅད་བདེན་པར་གནས་པའི་ཡིད་ཆེས་མེད། དེ་ཕྱིར་དགེ་ཆོས་ཀྱི་བསམ་ཚུལ་ལ་དགག་སྒྲུབ་བྱེད་མི་འོས་པ་ག་ལ་ཡིན། དགག་སྒྲུབ་བྱེད་པའི་དབང་གིས་དགེ་ཆོས་ལ་མ་དགའ་བར་བཤད་ན་འགྲི་གི་ཨེ་ཡོད།
རྡོ་སྦིས་བློ་ཡོན་ལགས།
རྩོམ་ཡག་པོ་བྲིས་འདུག མང་ཆེ་བ་དགའ་ས་ལ་རང་ཉིད་ཀྱང་དགའ་དགོས་པ་དང་། མང་ཆེ་བས་བསྟོད་ས་ལ་རང་གིས་ཀྱང་བསྟོད་དགོས་པ་རྩ་ནས་ཡོད་པ་མ་རེད་དགའ་བསུ་ཡོད། རྒད་པོ་རབ་གསལ་གྱིས་འདི་ལྟར་ལབ་ཀྱིན་འདུག (རྡོ་སྦིས་བློ་ཡོན་ལགས།
དེ་རིང་ཨུ་ཚུགས་བརྒྱབ་ནས་ཁྱེད་ཀྱི་རྩོམ་འདི་ཡང་བསྐྱར་བཀླགས་པ་ཡིན། དོན་ཅི་ཡིན་ད་དུང་ཤེས་མ་སོང་།)ཟེར། འདི་འདྲའི་རྩོམ་ཡིག་གོ་བདེ་བོ་ཞིག་གི་དོན་མ་གོ་ན་ཁྱོད་ཧོན་ལོག་སོང་བ་མིན་ནམ། ཨ་ལ་རྩེད་མོ་ཡིན་ད། ཁ་སང་གནམ་ལྕགས་ཀྱི་མཆན་དེའི་དོན་ཡང་ཁྱོས་གོ་མི་འདུག ཅུང་ཡ་མཚན་རེད་ད།
གུས་པར་བཀུར་འོས་ཅོ་རི་ལགས། རྡོ་སྦིས་གྱིས་མཁས་དབང་དགེ་ཆོས་ལ་ཐད་ཀར་འགྲན་སློང་དང་དམའ་འབེབ་གནང་བ་ཞིག་གཏན་ནས་མ་ཡིན་གྱི་མ་རེད་སྙམ།
བདོ་གནའ་རབས་ཀྱི་མཁས་པར་མཚོན་ན་རྣམ་དཔྱོད་འགྲན་ཟླ་དང་བྲལ་བ་ཤ་སྟག་རེད་ལ་དགེ་ཆོས་ཀྱིས་རྙིང་པ་ཐམས་ཅད་རྨོངས་ཞེན་ཅན་དུ་གསུངས་པའང་དོན་ལ་གནས་ཡོད།
གནའ་དུས་བོད་མི་རྣམས་ཀྱིས་རང་ཉིད་ནང་པ་ཞིག་ཡིན་པ་བསམས་ན་ཡང་དོན་དངོས་ཐོག་ནང་ཆོས་ཀྱི་སྙིང་པོ་ལྟ་བ་རྟེན་འབྱུང་དང་གཞི་ལམ་འབྲས་བུའི་རྣམ་གཞག་སོགས་ཕར་བཞག་ཐ་ན་སྐྱབས་འགྲོ་དང་དཀོན་མཆོག་གསུམ་ཟེར་བ་དེ་ཡང་ངོ་མ་ཤེས་པར྄འཇིག་རྟེན་པའི་ཡུལ་ལྷ་གཞི་བདག་ཕལ་པ་གཅིག་ལ་སྐྱབས་སུ་བཟུང་ནས་མཐར་དེ་འདྲའི་ངང་དུ་མི་ཚེ་རྫོགས་སོང་བ་ཤ་སྟག་རེད།
དེང་གི་དུས་སུ་རྐྱེན་ངན་གྲོགས་ཤར་ལྟ་བུར་བོད་མི་སྤྱི་ཡོངས་ནས་ཆོས་སྲིད་ཤེས་ཡོན་གང་སར་གང་ཙམ་གྱིས་ཡར་རྒྱས་ཕྱིན་ཡོད་མོད་དགོན་སྡེ་དང་ལྷ་ཁང་ནང་དུ་ཆོས་མཇལ་དུ་འགྲོ་དུས་ཇ་ཕུད་ཆང་ཕུད་ལག་ཏུ་འཁྱེར་ནས་ཆོས་སྐྱོང་སྲུང་མར་འཕྲིན་ལས་བཅོལ་བ་ལས་ཆོས་ཀྱི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་ལ་ཞེ་ཐག་པ་ནས་སྐྱབས་སུ་འགྲོ་རྒྱུ་དེ་ད་དུང་ཡང་ཤེས་ཀྱིན་མེད།
དེ་གང་འདྲ་ཞིག་ཡིན་ནམ་སྙམ་ན་ནི་དོན་དངོས་ཐོག་ནང་ཆོས་ཟེར་བ་དེ་གང་འདྲ་ཞིག་ཡིན་མིན་དོན་དངོས་དང་རྒྱུ་མཚན་ལ་དཔྱད་པའི་སྒོ་ནས་ངེས་ཤེས་འདྲོངས་བ་ཞིག་ཤེས་ཀྱི་མེད་པ་གསལ་པོ་རེད།
ང་ལ་མཚོན་ན་ངས་ཆོས་སྐྱོང་སྲུང་མ་ཟེར་བ་དེར་འཕྲིན་ལས་ཕུལ་དུ་བྱུང་བ་ཞིག་ཡོད་པར་ངོས་འཛིན་གཏན་ནས་བྱེད་ཀྱི་མེད། ངས་ཡང་ཡང་བསམ་བློ་བཏང་མཐར་འཇིག་རྟེན་གྱི་ཆོས་ཉིད་ཟེར་བ་དེ་དང་སེམས་ཅན་སོ་སོའི་ལས་འབྲས་ཟེར་བ་དེ་ལ་ཐུག་དུས་སུ་ཞིག་གིས་བཟོ་བཅོས་དང་ཁ་བསྒྱུར་བྱེད་རྒྱུ་ཡོད་པ་ཞིག་མིན་པའི་ངེས་ཤེས་གཏིང་གཟབ་ཅིག་རྙེད་བྱུང་།
དེར་བརྟེན་ངས་གཟུགས་མེད་ཀྱི་ལྷ་འདྲེ་མཐུ་རྩལ་དཔའ་ངར་ལྡན་པ་ཞིག་གི་མཐུ་ནུས་ལས་གཟུགས་ཅན་གྱི་མི་རྐང་ཆགས་གཅིག་གི་བྱེད་ལས་དེ་ནུས་པ་ཆེ་བ་དང་རླབས་ཆེ་བར་ངོས་འཛིན་བྱེད་ཀྱིན་ཡོད།
དྲ་གྲོགས་ཚོ། འདི་ལ་འདི་ནས་བལྟ་དགོས་ཀྱི་མི་འདུག ཁ་བརྡའི་ནང་དུ་གསལ་པོ་འདུག མི་གང་མང་ཞིག་གིས་རྡོ་རྦིས་བློ་བཟང་ཡོན་ཏན་ཟེར་བ་དེའི་ཁོག་ནད་ཕྱི་ལོགས་ལ་བཏོན་འདུག ད་དུང་ཁོས་བོད་པ་ཟེར་བ་སོགས་མིང་འདྲ་མིན་སྣ་དགུ་བཀོལ་ནས་གཡོ་རྒྱུ་བྱེད་བཞིན་པའི་གནས་ཚུལ་ཀྱང་གསལ་བོར་བྲིས་འདུག ངོ་མ་བོད་ཡིག་དྲ་རྒྱ་གསར་ཏུ་ཐོན་པ་དགའ་འོས་པ་ཞིག་ཡིན་རུང་ཕྱི་དགྲ་མི་ཐུབ་པའི་སྦལ་བ་ལྟ་བུ། ནང་ལ་མི་འཇོག་པའི་འདྲེ་ཤིག་ལྟ་བུ་འདི་འདྲ་རེས་མིང་སྣ་ཚོགས་བཀོལ་ནས་སྙིང་ནས་རྩོད་པའི་གོ་སྐབས་འཚོལ་བ་དེ་སེམས་སྐྱོ་འོས་པ་ཞིག་རེད། ད་དུང་ཁོས་བསྒྱུར་བ་ཕལ་ཆེས་སྐྱག་རྫུན་ཡིན་པའི་ར་སྤྲོད་ཀྱང་བྱས་འདུག མི་འདི་འདྲའི་རིགས་ཀྱི་ཁ་ནས་ཁྲག་མ་སྐྱུགས་ན་ད་ལས་རྒྱུ་འབྲས་ཟེར་བ་ཞིག་ཡོད་ས་མ་རེད།
གཤམ་གྱི་མཆན་འདི་ ཁ་བརྡ་དྲ་དེབ་ཀྱི་གོང་གི་རྩོམ་དེའི་མཆན་ཁོངས་སུ་བཀོད་པ་ལས་འདིར་དྲངས་པ་ཡིན།
______________
རྡོ་སྦིས་བློ་ཡོན་ལགས།
དེ་རིང་ཨུ་ཚུགས་བརྒྱབ་ནས་ཁྱེད་ཀྱི་རྩོམ་འདི་ཡང་བསྐྱར་བཀླགས་པ་ཡིན། དོན་ཅི་ཡིན་ད་དུང་ཤེས་མ་སོང་།
དེས་ན་ངས་ཚོད་བགམ་འགའ་བྱེད། ཁྱེད་ཀྱི་རྩོམ་ཡིག་གི་ནང་དོན་སྐོར་ལ་ཚོད་བགམ་འགའ་བྱེད།
དང་པོ། ཁྱེད་ཀྱིས་ བོད་ལ་འཇིག་རྟེན་རིལ་མོ་རེད་གསུངས་མཁན་སྔ་མོ་ནས་ཡོད་པ་རེད་ཅེས་གསུངས་གི་ ཡོད་ན། ཕལ་ཆེར་ཡིན་སྲིད་ཅེས་ཞུ་རྒྱུ་ཡིན། ཁྱེད་ཀྱིས་ལུང་དྲངས་པ་དེ་དག་ཀྱང་དེ་དེ་བཞིན་རེད་ཅེས་ཞུ་རྒྱུ་ཡིན། དེ་ཙམ་གྱིས་ག་ལ་ཚད་དེ། སྟོང་གསུམ་གྱི་སྟོང་ཆེན་པོ་དང་གང་གཱའི་ཀློང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་ སོགས་ཡིད་དུ་སྒོམ་རུང་བ་ཞིག་ཧ་ལམ་ཡོད་པར་བཤད་པའི་ཚུལ་ཅིག་ཡོད་པ་རེད། འོན་ཀྱང་། ལྟ་ཚུལ་དེ་འདྲ་ཡོངས་གྲགས་རེད་དམ་ཞེ་ན། རི་རྒྱལ་གླིང་ཕྲན་དང་འཛམ་གླིང་གི་སྒྲ་བཤད་སོགས་ཀྱིས་ཁྱེད་ཀྱི་ཁ་བཀག་འདུག་ གོ།
གཉིས་པ་དེ། ཡུ་རོབ་པའི་ལོ་རྒྱུས་ནང་འཇིག་རྟེན་རིལ་མོའི་སྐོར་ལ་ལྟ་ཚུལ་ཇི་ལྟར་ཡོང་རབས་ ཀྱི་ལོ་རྒྱུས་ཤིག་ཤོད་ཀྱི་ཡོད་ན། འཇིག་རྟེན་ལེབ་མོའི་གནས་ཚུལ་གང་ཡོད་ཆད་འདུག་གོ་ཞེས་བཤད་རྒྱུ་ཡིན།
གསུམ་པ་དེ། དགེ་ཆོས་ཀྱིས་འཛམ་གླིང་གི་སྐོར་བཤད་པ་དེ་ཚོ་མི་དག་པ་རེད་ཅེས་གསུངས་ཀྱི་ཡོད་ ན། ཐོག་མར་དགེ་ཆོས་ཀྱིས་གཞི་བཅོལ་བའི་ཡིག་ཆ་དེ་གང་ཡིན་ཤེས་སམ། དགེ་ཆོས་ཀྱི་སྐབས་ནས་ད་བར་གྱི་མི་ལོ་ ༧༠ ཙམ་གྱི་རིང་ལ་ འགྱུར་བ་གང་སོང་ཡོད། ཡུ་རོབ་པའི་ལུགས་ལ་ཡང་འགྱུར་བ་གང་སོང་ཡོད། དེ་ཚོ་ཚང་མ་བསྡུར་དགོས་པ་རེད། ཞོར་ལ་གཤམ་གྱི་དབྱིན་ཚིག་དང་ཁྱེད་ཀྱི་ཚིག་གཉིས་ཀྱང་བསྡུར་རོགས་གནང་།
ཁྱེད་ཀྱི་ཚིག
སྔོན་ནས་བཟུང་ཏེ་་ཕྱི་ གླིང་ཡོ་རོབ་རྣམས་ལ་འཇིག་རྟེན་འདི་རིལ་རིལ་ཡིན་པའི་འདོད་པའི་ལྟ་བ་དར་ཡོད་པ་ ལས་ལེབ་ལེབ་ཡིན་ཞེས་འདོད་མཁན་་ཤིན་ཏུ་་ཉུང་ཉུང་ཡིན་ཞིང་།་ཡེ་ཤུ་གཙོ་བྱས་ བའི་ཡོ་རོབ་ཀྱི་ཆོས་ལུགས་རྙིང་པ་ཕལ་ཆེར་གྱིས་སའི་གོ་ལ་ནི་རིལ་རིལ་་ཡིན་ཞེས་ འདོད་པ་ལས་ལེབ་ལེབ་ཡིན་ཞེས་འདོད་མཁན་ཉུང་ལ་།་།་ དེ་བས་རིག་པ་ཅན་འགའ་ཞིག་གིས་སའི་གོ་ལ་རིལ་རིལ་ཡིན་ཞེས་སྨྲས་ཚེ་།་དེ་ལ་མི་ འདོད་མཁན་ཕལ་་ཆེར་མེད་ལ་།་།
དབྱིན་ཡིག་ནང་ཡོད་པ།
However, throughout history, many continued to support the notion of a flat Earth. Modern hypotheses supporting a flat Earth originated with English inventor Samuel Rowbotham (1816-1884). Based on his interpretation of certain biblical passages, Rowbotham published a 16-page pamphlet, which he later expanded into a 430-page book, Earth Not a Globe, expounding his views. According to Rowbotham’s system, which he called “Zetetic Astronomy”, the earth is a flat disc centered at the North Pole and bounded along its southern edge by a wall of ice (Antarctica), with the sun and moon 3000 miles (4800 km) and the “cosmos” 3100 miles (5000 km) above earth.[4]
ཁྱེད་ཀྱི་ཚིག
ད་བར་ཏུ་ཡོ་རོབ་གླིང་དུ་སའི་གོ་ལ་རིལ་རིལ་ཡིན་ཞེས་ལབ་ནས་གསོན་པོར་མེ་ལ་བསྲེགས་པ་ཤིག་ཡོ་རོབ་ཀྱི་་ལོ་རྒྱུས་གང་གི་ནང་དུ་ཡང་མེད།
དབྱིན་ཡིག་ནང་ཡོད་པ།
When the kings and queens of Europe gazed upon these wonderful spherical maps, they still imagined the rest of the universe circling around the earth. But in the 1500s and 1600s, Polish astronomer Nicolaus Copernicus, German astronomer Johannes Kepler and Italian astronomer Galileo Galilei debunked the myth that the earth was at the center of everything. They showed that the earth was actually a planet moving around the sun. Many religious leaders refused to believe these new ideas, threatening Galileo and banning the books of Copernicus.
བཞི་པ་དེ་ལ། ཁྱོད་དགེ་ཆོས་མི་དགའ་བ་ཡིན། དེའི་རྒྱུ་མཚན་དུ་ངན་སྨད་གཤམ་གསལ་རྣམས་བྱེད་ཀྱི་ཡོད་ན། དེའི་ཟུར་གྱི་དྲི་བ་དེ་ཚོ་ལ་ཡང་ལན་ཞིག་གསུང་རོགས།
༡ “དགེ་ཆོས་ཀྱིས་ཀྱང་སློབ་དཔོན་འདིའི་སྐོར་མགོ་མ་ཚོས་བ་ཤིག་བཤད་ཡོད་པ་ཕྲན་གྱིས་འཛམ་གླིང་རྒྱས་ཀྱི་དོགས་སློང་ནང་དུ་བཀོད་ཡོད།་” དགེ་ཆོས་ཀྱིས་མགོ་ཚོས་པའི་དཔང་རྟགས་གང་ཡོད། ཡིག་ཆ་འཁྱེར་ཤོག
༢་”འདི་ ཡང་་དགེ་ཆོས་ཀྱི་ཚན་ རིག་ལས་འཕྲོས་བའི་བསྟན་བཅོས་་གཞན་དག་དང་འདྲ་བར་་ཧམ་བཤད་དང།་་་་་མ་ཤེས་་ཤེས་ ཁུལ་བྱས་བའི་འཆལ་གཏམ་་ཤིག་ལ་ཚིག་རྒྱན་ཡག་པོ་འགས་རྒྱན་ཏེ་་བོད་མི་གཅམ་བུ་ རྣམས་ལ་བསླུ་བྲིད་གཏོང་བྱེད་དུ་བྲིས་བ་་ཤིག་ལས་།་ཚན་རིག་གི་གཞི་རྩ་ཡོད་པ་ དང་།་ལོ་རྒྱུས་ལ་དྲང་བཤད་བྱས་པའི་རྩོམ་ཤིག་མ་ཡིན་།་” དགེ་ཆོས་ཀྱིས་མ་ཤེས་ཁུལ་བྱས་པ་དང་། བོད་མི་ལ་སླུ་བྲིད་བྱེད་ཆེད་བྲིས་པའི་ཁུངས་གང་ཡིན། ཡིག་ཆ་འཁྱེར་ཤོག་
༣ “དགེ་ ཆོས་་རང་གིས་ཡོ་རོབ་ ཀྱི་ཚན་རིག་གི་ལོ་རྒྱུས་མ་ཤེས་པར་།་བོད་མི་རྣམས་ལ་མགོ་སྐོར་བའི་སྐད་ཆ་ཡིན་ པ་ལས་།་ཚན་རིག་དང་ལོ་རྒྱུས་ཀྱི་ཁུངས་ལུང་ཅི་ཡང་མེད་།” དགེ་ཆོས་ཀྱིས་ཡུ་རོབ་ཀྱི་ལོ་རྒྱུས་མི་ཤེས་ཁར་བོད་མི་རྣམས་ལ་མགོ་བསྐོར་བའི་ཁུངས་འཁྱེར་ཤོག་
༤ “དོན་ གྱིས་དགེ་ཆོས་ཁོ་རང་ གིས་བོད་དུ་སའི་གོ་ལ་་རིལ་རིལ་ཡིན་པར་འདོད་པའི་ལྟ་བ་འདི་སྔོན་ནས་དར་ཡོད་པ་ དེའི་སྐོར་གྱི་ལོ་རྒྱུས་ཏིལ་འབྲུ་ཙམ་ཡང་མ་མཐོང་།་” དགེ་ཆོས་ཀྱིས་བོད་དུ་ཡོད་པའི་དེའི་སྐོར་གྱི་ཡིག་ཆའི་ཏིལ་འབྲུ་ཙམ་ཡང་མ་མཐོང་བའི་ཁུངས་འཁྱེར་ཤོག
དེ་ནས། ཝི་ཀི་པི་ཌི་ཡ་ན་ཡོད་པའི་དབྱིན་ཡིག་གི་སྐད་ཆ་ལྟ་བུ་འཐོར་རེ་ཞིག་བོད་སྐད་དུ་ བསྒྱུར་ནས། ཅ་ཅོ་འདོན་ལུགས་འདི་ལ་བརྟགས་ཚེ། ཨ་ནེའི་ཁོག་ལ་བཟང་སྤྱོད་མ་ཤོང་བའི་དཔེར་སོང་འདུག ངས་ཀྱང་ཁྱོད་ཚན་རིག་པ་ཞིག་ཡིན་པ་མ་གོ དགེ་ཆོས་ཀྱིས་མི་ཤེས་པ་ཞིག་ཁྱེད་ཀྱིས་ཤེས་ན་ཡང་དུས་ཚོད་སྔ་ཕྱིའི་ཁྱད་ཙམ་ རེད་མ་གཏོགས། ༼དཔེར་ན་ དགེ་ཆོས་ལ་ google earth མེད་ཀྱང་ཁྱོད་ལ་ཡོད་པ་ལྟ་བུ༽ ཁྱོད་ཚན་རིག་པ་ཡིན་པ་དང་དགེ་ཆོས་མིན་པ་ལྟ་བུ་ཞིག་མི་འདུག ཁྱེད་ཁ་སང་དེ་རིང་གི་དུས་ཚོད་འདི་ལ་མིས་བཟོས་འཕྲུལ་སྐར་ལ་འཛུལ་ནས་འཇིག་ རྟེན་རིལ་མོ་ལ་གཟིགས་པའི་ལོ་རྒྱུས་ཀྱང་མི་འདུག དེས་ན་ཁྱེད་ལ་ དགེ་ཆོས་ཀྱིས་མགོ་མ་ཚོས། ཁྱེད་ཀྱིས་མགོ་ཚོས། བོད་མི་གཅམ་བུ་བ། ཁྱེད་སྤྱང་པོ། དགེ་ཆོས་སླུ་མཁན། ཁྱེད་མི་སླུ་བ། དགེ་ཆོས་ཡུ་རོབ་ཀྱི་ལོ་རྒྱུས་མི་ཤེས་མཁན། ཁྱོད་ཤེས་མཁན། དགེ་ཆོས་ཀྱིས་རིལ་མོའི་ལོ་རྒྱུས་ཏིལ་འབྲུ་ཙམ་ཡང་མ་མཐོང་། ཁྱེད་ཀྱིས་རྒྱ་མཚོ་ཙམ་མཐོང་། འདི་འདྲ་བའི་ཁྱད་ཆོས་སྦྱོར་ཐུབ་པ་མི་འདུག དེ་བས་ན་དགེ་ཆོས་དང་བོད་མི་ལ་གཅམ་བུ་བ་སོགས་ཀྱི་ཚིག་ངན་འདོན་འོས་པའི་ཐོབ་ ཐང་གང་ཡང་ཁྱེད་ལ་མི་འདུག་གོ
མཁས་དབང་བློ་བཟང་ཡོན་ཏན་མཆོག་ལགས།
ཁྱེད་ནི་ཉམ་ཆུང་བཙོན་པ་ཞིག་ལ་དགག་པ་རྒྱག་ཐུབ་པའི་དེང་རབས་གསར་པའི་མཁས་དབང་ཞིག་ཡིན་པ་འདྲ།
ཁྱེད་ཀྱིས་གངས་ཅན་གྱི་མཁས་དབང་དགེ་འདུན་ཆོས་འཕེལ་ལ་དགག་པ་རྒྱག་ཁུལ་བྱེད་བཞིན་པ་འདི་ནི་ཡར་རྟགས་རེད་སྡུག་རྟགས་རེད།
ཕྲག་དོག་ཁྲག་གིས་སྨྱོ་བའི་ཨུ་ཚུགས་སྟག འཇིགས་པའི་ངར་རོ་སྒྲོབ་པའི་ཚང་ཚོ་ན།
གཅིག་པོ་ལུས་པའི་བདེན་པའི་བུ་ཆུང་ལ། ཤེས་རབ་ཅན་གྱིས་སྙིང་རྗེ་ཡུལ་དུ་དགོངས།
ཞེས་གསུངས་པ་དེ་དེང་སང་དུས་རབས་ཉེར་གཅིག་ནང་དུ་མཁས་དབང་སྟག་འདྲ་པོ་ཁྱེད་ལ་ཡིན་པ་འདྲ།
དངོས་གནས་རྩོམ་ཡིག་དཔེ་ཡག་པོ་ཞིག་བྲིས་འདུག སྲོལ་རྒྱུན་དང་དེང་རབས་ཞེས་གསར་རྙིང་གཉིས་སུ་དབྱེ་བ་ཕྱེ་ཆོག་མོད། ངས་བསམས་ན་སྔོན་གྱི་བོད་མཁས་པ་དག་གི་རྣམ་དཔྱོད་དང་མཛད་རྗེས་ལ་འགྲན་ཟླ་བྲལ་བ་ཞིག་ཡིན་པའི་ངེས་ཤེས་དང་མྱོང་ཚོར་ཟབ་མོ་ཞིག་ངང་ངང་ཤུགས་ཀྱིས་བྱུང་།
དེང་རབས་ཀྱི་ཤེས་རིག་ཐད་ལ་ད་ལྟའི་ཆར་བོད་མཁས་པ་འགྲན་ཟླ་དང་བྲལ་བ་ཞིག་འབྱུང་ཐུབ་རྒྱུ་ཧ་ཅང་གི་དཀའ་མོ་འདུག
འོན་བཏང་མཁས་དབང་དགེ་ཆོས་ཀྱིས་རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས། །གསར་པ་རྣམས་ཀྱང་བདུད་ཀྱི་འཕྲུལ་དུ་སེམས། །ངོ་མཚར་ཕལ་ཆེར་ཐན་ལྟས་ཉིད་དུ་བསྒོམས། །དེ་ནི་ད་ལྟའི་བར་དུ་རང་རེའི་སྲོལ། ། ཞེས་རྙིང་པ་ཐམས་ཅད་རྨོངས་ཞེན་དང་རྗེས་ལུས་ཀྱི་རྣམ་པ་ཙམ་དུ་གོ་བ་དེ་ཕལ་ཆེར་བོད་འབངས་སྤྱིའི་སེམས་ངོགས་སུ་འཆར་བཞིན་ཡོད་པ་དེར་ཞིབ་ཏུ་བསམས་ཚེ་ངོ་མ་སེམས་སྐྱོ་བ་ཞིག་རེད།
ཡིན་ནའང་གནའ་རབས་ཀྱི་བོད་མཁས་པ་དག་གི་ཤེས་རིག་དང་རྣམ་དཔྱོད་ཀྱི་རྩལ་ལ་དེང་དུས་སུའང་འགྲན་པའི་ཟླ་ཞིག་མེད་པ་བདེན་པ་དང་རྒྱུ་མཚན་གྱི་ར་སྤྲོད་བཞིན་ཡོད།