མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཕོད་གླེང་མཁན་ཚོས་འདི་གོ་བར་གྱིས། སྤོབས་པ་མཐའ་ཡས།

བོད་ཀྱི་དུས་བབ།
༢༠༠༩/༡༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

སྤོབས་པ་མཐའ་ཡས།

ང་ཚོས་དྲ་ཐོག་ཏུ་ཉིན་འདི་འགའི་རིང་ང་ཕོད་ངག་དབང་འཇིགས་མེད་གྲོངས་པ་དང་བསྟུན་ནས་ཁོ་གསོན་པའི་རིང་གི་བྱ་སྤྱོད་ལས་འཕྲོས་ཏེ་མང་པོ་ཞིག་བཤད། མི་མང་པོ་ཞིག་གིས་ང་ཕོད་ནི་བྱས་རྗེས་ཆེ་བའི་རླབས་ཆེན་མི་སྣ་ཞིག་ཡིན་ཚུལ་དང་། ལ་ལས་བླ་མ་ཆེ་གེ་མོས་ལུང་གིས་ཟིན་པའི་བདུད་ཅིག་ཡིན་ཚུལ་སོགས་སྡུག་ཚུལ་ཟུར་ཙམ་རེ་གླེངས་སོང་། ཡིན་ན་ཡང་མི་མང་པོ་ཞིག་རང་གི་བསམ་ཚུལ་ངོ་མ་དེ་ཤོད་འདོད་མེད་པའམ་བཤད་རྒྱུར་ཞེད་ཀྱིན་ཡོད་པ་འདྲ། ངས་ལོ་རྒྱུས་དང་ཆབ་སྲིད་སོགས་གང་ཡང་མི་ཤེས་མོད་བོད་མི་དཀྱུས་མ་ཞིག་གི་གོ་མྱོང་ལས་བྱུང་བའི་སེམས་ཚོར་དེ་འདིར་བཤད་འདོད་བྱུང་། སྤྱིར་ང་ཚོའི་མགོ་ཐོག་ཏུ་ལྷུང་བའི་ཆག་ཆེ་ཉམས་ང་ཡོངས་རྫོགས་ང་ཕོད་མི་གཅིག་གིས་བཟོས་པ་ཡིན་ཟེར་ན་ཐལ་ཆེ་ལོས་འགྲོ་ཡང་བོད་ཀྱི་ཉེ་རབས་ལོ་རྒྱུས་སྟེང་དུ་ང་ཕོད་ཀྱིས་བསགས་པའི་ནག་ཉེས་དེ་ཡང་ཆུང་ཆུང་ཞིག་མིན། མདོ་ཚུར་བསྡུས་ན་ང་ཕོད་ལ་གདམ་ཀ་གཞན་མེད་དུ་ཆུག་ཀྱང་ང་ཕོད་ཀྱིས་ཆབ་མདོའི་གོ་མཛོད་མེར་བསྲེགས་སྐབས་ཁོ་ག་རེ་བྱས་ནས་མེ་ནང་དུ་ལྕེབས་ནས་ཤི་མ་ཐུབ་པ་རེད། དང་པོ་ཁོས་གོ་མཛོད་མེར་བསྲེགས་ནས་ཝ་བྲོས་བྱས་ཤིང་འབྲོ་ས་མ་རག་སྐབས་མགོ་འདོགས་བྱས། དམག་དཔོན་ཟེར་བ་དེས་འཐབ་དགོས་པ་རེད། རྒྱལ་ཁ་ལེན་དགོས་པ་རེད། དེ་མ་བྱུང་ན་ཤི་ཐུབ་དགོས་པ་རེད། སྲོག་ཁྲིམས་ཡོད་སའི་ལུང་པ་ཞིག་ཡིན་ན་དམག་དཔོན་ཞིག་གིས་བྱས་ཉེས་དེ་འདྲ་ཞིག་བྱས་ན་སྲོག་ཁྲིམས་ཀྱི་ཉེས་ཆད་མ་གཏོགས་འགྲོ་ས་མེད། གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་མ་བཀོད་གོང་ང་ཕོད་ཀྱིས་ག་རེ་བྱས་ནས་དུག་འཐུང་ནས་ཤི་མ་ཐུབ་པ་རེད། འདི་མི་གཅིག་གཉིས་ཤིག་གི་ཚེ་སྲོག་གི་གནད་དོན་མ་རེད། ཁྱིམ་ཚང་གཅིག་གཉིས་ཤིག་གི་འབྱོར་རྒུད་ཀྱི་གནད་དོན་མ་རེད། འདི་རྒྱལ་ཁབ་ཅིག་ཤིི་གསོན་གྱི་གནད་དོན་ལ་ཐུག་ཡོད་རེད། ཉི་མ་དེ་ལ་ཁོས་རྒྱལ་ཁབ་ཅིག་གི་ཚེ་སྲོག་ལས་ང་ཕོད་རང་གི་ཚེ་སྲོག་བདམས་པ་རེད། སྡེ་པ་གཞུང་གི་བཀའ་དྲིན་ལས་གུང་ཁྲན་ཏང་གི་གཡོ་སྒྱུའི་འཛུམ་མདངས་དེ་བདམས་པ་རེད། རྒྱལ་བ་རིན་པོ་ཆེའི་ཞལ་བཀོད་ལས་མའོ་ཙེ་ཏུང་གི་ལམ་སྟོན་བདམས་པ་རེད། མདོར་ན་བོད་མི་མང་ལས་ཁོ་རང་གི་གོ་གནས་དེ་བདམས་པ་རེད། ཁོས་བོད་མི་མང་བློས་གཏོང་ཐུབ་ས་ནས་ང་ཚོས་ག་རེ་བྱས་ནས་ཁོ་བློས་མི་ཐོང་བ་རེད།

ཁྱོད་ཚོ་ང་ཕོད་ལ་ཁག་མེད་ཟེར་མཁན་ཚོས་ཅི་བསམ་པ་ཡིན་མི་ཤེས། དེ་འདྲ་ལ་ཁག་མེད་ཟེར་བ་ཡིན་ན་ཁག་ཡོད་མཁན་སུ་གཅིག་ཀྱང་མེད། ཝ་བྲོས་བྱེད་པར་ཡང་ཁག་མེད། མགོ་འདོགས་བྱེད་པར་ཡང་ཁག་མེད། ཐོག་མར་ཁྲིམས་འགལ་གྱིས་བཙན་འཛུལ་བ་ལ་བསུ་བ་བྱས་པར་ཡང་ཁག་མེད། བར་དུ་དགྲ་བོའི་ཁྲིམས་འགལ་གྱི་བྱ་སྤྱོད་དེ་ཁྲིམས་མཐུན་གྱི་ངོ་བོར་བཟོ་ཆེད་ཆིངས་ཡིག་ནག་པོ་ལ་མིང་རྟགས་བཀོད་པར་ཡང་ཁག་མེད། ཐ་མ་བོད་མི་མང་གི་སྡུག་མ་ཐེག་པར་ཞི་རྒོལ་བྱས་པར་ཡང་འཁྱོག་བཤད་བྱས་པར་ཡང་ཁག་མེད། ད སུ་ལ་ཁག་ཡོད་པ་རེད། མཚམས་རེ་ལ་ནི་ཁྱོད་ཚོས་ཡ་གི་རྒྱ་མིའི་རྒྱུགས་ཁྱི་རེད། དེ་གསད་དགོས། མ་གི་གུང་ཁྲན་གྱི་ཉུལ་མ་རེད། དེ་ཤེས་དགོས་ཞེས་གྲུང་གྲུང་ངར་ངར་ཆེ་བ་ལ་ཚོད་ཅིག་མི་འདུག མཚམས་རེ་ལ་ནི་ཅིག་ཅིག་ལ་ཁག་མེད། ཅིག་ཅིག་སྙིང་རྗེ། ཉིས་ཉིས་ལ་བྱས་རྗེས་ཡོད་སོགས་དད་པ་དག་སྣང་སྙིང་རྗེ་བཏང་སྙོམས་ཆེ་བས་ཕལ་ཆེར་བྱང་ཆུབ་སེམས་དཔའ་འམ་དེ་མིན་ནམ་བསམ་པ་རེ་ཡང་འཁྲབ་རྒྱུ་འདུག

དོན་ཚན་གཅིག་ནི་ང་ཕོད་བདུད་ཡིན་མིན་དེ་རེད། སྤྱིར་ང་རང་ཉིད་ལ་མིའི་མིག་ཐེབས་ཆག་འདི་ལས་ལྷ་འདྲེ་མཐོང་བའི་མིག་སོགས་མེད་དུས་འདི་ལྷ་རེད་དང་དེ་འདྲེ་རེད་ཅེས་ཐག་གཅོད་མི་ཐུབ། ཡིན་ན་ཡང་བདུད་ཅེས་པ་དེ་མཐའ་གཅིག་ཏུ་མགོ་ལ་རྭ་དང་ཁ་ལ་མཆེ་བ་ཅན་རེ་ཡིན་དགོས་ན་མི་ཤེས་མ་གཏོགས་དེ་མིན་ན་ང་ཕོད་བདུད་རེད་ཟེར་ན་ཡང་མི་ཆོག་པ་ཞིག་མིན་པ་འདྲ། འདི་ང་ཕོད་གཅིག་པོས་རྒྱལ་བློན་བླ་སློབ་དཔོན་འབངས་བར་གྱི་དམ་ཚིག་བསྲུངས་མེད་པའི་གནད་དོན་ཙམ་མིན་པར་ང་ཕོད་དང་ང་ཕོད་འདྲ་བ་ཁག་གཅིག་གི་བྱས་ཉེས་ལ་བརྟེན་ནས་བོད་གངས་རིའི་ལྗོངས་པ་ཡོངས་རྫོགས་ལ་དཀའ་སྡུག་ག་ཚོད་ཅིག་བྱུང་ཡོད། བསྟན་པ་དེ་འཛིན་དང་བཅས་པ་ལ་ཉམས་ཆག་འོ་བརྒྱལ་ག་ཚོད་ཅིག་བྱུང་ཡོད། འདི་ཚོས་དོན་དངོས་ལོག་འགྲེལ་བྱས་ནས་རྒྱ་ནག་མི་མང་གཙོས་པའི་མི་མང་ག་ཚོད་ཅིག་ལོག་ལམ་དུ་འཁྲིད་བཞིན་ཡོད། འདི་འདྲ་ཞིག་ལ་བདུད་མི་ཟེར་ན་སུ་ལ་བདུད་ཟེར་དགོས།

བོད་གཞུང་བཀའ་ཤག་གིས་མྱ་ངན་ཞུས་པ་དེ་ཡང་ང་ཕོད་དང་ང་ཕོད་ཀྱི་ནང་མིར་དུང་དྲགས་ནས་ཡིན་ནམ་རྒྱ་དམར་གཞུང་ལ་ཞེད་དྲགས་པ་གང་ཡིན་མི་ཤེས། འདི་ནོར་འཁྲུལ་ཡིན་པ་གསལ་པོ་རེད། ང་ཚོས་ང་ཕོད་དང་ང་ཕོད་ཀྱི་ནང་མི་སྙིང་ག་ཚོད་རྗེ་ན་ཡང་མི་རིགས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་འབྲེལ་བའི་གནད་དོན་དེ་ཚོ་ནམ་ཡིན་ཡང་དཀར་ནག་གོ་ལྡོག་ཀྱིས་བཤད་ན་ཕུགས་སུ་གནོད་ཆེན་པོ་སྐྱེལ་གྱི་རེད། ཉི་མ་གཅིག་ལ་རྒྱ་དམར་གྱིས་ང་ཚོས་གྲོས་མཐུན་གྱི་ནང་དུ་ས་གནས་སྲིད་གཞུང་གི་དཔོན་རིགས་ཚོའི་གོ་གནས་མི་ཕབ་པར་ཁས་ལེན་བྱས་པ་བཞིན་ང་ཕོད་སོགས་ལ་གོ་ས་མཐོ་ཤོས་གྲས་སྤྲད་ཡོད་ལ་ལས་དོན་དེས་བོད་མི་མང་གི་འདོད་བློ་ཚིམས་ཡོད་པ་ཏཱ་ལའི་རུ་ཚོགས་ཀྱིས་ཀྱང་ཁས་བླངས་ཡོད། དེ་མིན་ན་ཁོང་ཚོས་ང་ཕོད་གྲོངས་སྐབས་གཟེངས་བསྟོད་དང་མྱ་ངན་ག་ལ་ཞུ་ཞེས་བརྗོད་ཀྱི་རེད།

རྒྱ་དམར་གཞུང་གིས་བསྐོ་བཞག་བྱས་པའི་ང་ཕོད་དང་ང་ཕོད་ལྟ་བུའི་མི་སྣ་ཚོས་བོད་མི་མང་གི་ཚབ་བྱེད་ཐུབ་ཀྱི་མི་འདུག བོད་མི་མང་གི་ཕྱོགས་སུ་ལངས་ནས་སྐད་ཆ་བཤད་ཐུབ་ཀྱིན་མི་འདུག བོད་མི་མང་གི་སྐྱིད་སྡུག་ངོ་མ་དེ་ཀྲུང་དབྱང་ལ་ཞུ་ཕོད་ཀྱིན་མི་འདུག མི་འདི་འདྲས་རྒྱལ་ཁབ་དང་མི་རིགས་ལ་བྱས་རྗེས་འཇོག་པ་ལས་ལྡོག་སྟེ་མི་རིགས་དང་དབུས་གཞུང་བར་དང་མི་རིགས་དང་མི་རིགས་བར་གྱི་སེམས་ཐག་ཇེ་རིང་དུ་གཏོང་གིན་འདུག་ཅེས་རྒྱ་ནག་གཞུང་ལ་ཡང་བཤད་ཕོད་དགོས་ཀྱི་འདུག རྒྱ་ནག་གཞུང་གིས་ཀྱང་མི་རིགས་ལྔ་བཅུ་ང་དྲུག་ཡིན་ནམ་དེའི་ཚབ་བྱེད་ནུས་པའི་སྲིད་གཞུང་ངོ་མ་ཞིག་བྱེད་འདོད་ཡོད་ན་མི་རིགས་ཀྱི་དབུ་ཁྲིད་ལ་ང་ཕོད་འདྲ་བ་ཚོ་བསྐོ་བཞག་བྱས་མ་ཡོང་ན་ཡག་པོ་རེད།

༡༩༨༠ནང་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་དགོས་སྐོར་པཎ་ཆེན་བླ་མའི་རྗེས་ཟློས་ལྟ་བུ་རེ་བྱས་འདུག་པ་དེ་ལ་བཤད་རིན་ཤིག་མེད། དེ་ནི་ཁོའི་སྒེར་གྱི་ཁེ་ཕན་སྲུང་ཐབས་ཤིག་ཡིན། གསལ་པོར་བཤད་ན་དུས་ཚོད་དེ་ལ་སྐད་ཆ་དེ་འདྲ་རེ་མ་བཤད་ན་མི་རིགས་ཀྱི་ཚབ་མཚོན་མགོ་ཁྲིད་གྱི་གོ་ས་ལ་སྡོད་མི་ཐུབ་པའི་དུས་ཚོད་ཅིག་ཤར་གྲབས་བྱས་པ་རེད། ཡིན་ན་ཡང་རྒྱ་ནག་གི་ཚོད་ལྟ་དེ་ལ་ཕམ་ཉེས་བྱུང་སྟབས་པཎ་ཆེན་བླ་མ་བཀྲོངས་པ་དང་གནམ་བདེ་སྒོ་ཆེན་གྱི་ཞི་རྒོལ་ལ་དྲག་གནོན་གྱི་དོན་རྐྱེན་རྗེས་སུ་ང་ཕོད་སླར་ཡང་བཞུགས་སྟེགས་མཐོན་པོ་དེའི་སྒང་དུ་བཞུགས་ནས་རྒྱ་དམར་གྱི་ཁྱབ་བསྒྲགས་དམ་དུམ་འགའ་རེ་ཁ་འདོན་ཞིག་གི་ཚབ་ལ་བགྲང་བཞིན་དུ་གྲོངས་པ་རེད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 29

  1. བྱམས་རྒྱལ། says:
    ལོ་ 15 སྔོན།

    འདན་ཕྲུག་བློ་བཟང་ལགས།
    བཀའ་སློབ་གནང་བར་ཐུགས་རྗེ་ཆེ། ཕྱི་གསལ་ནང་གསལ་གྱི་གནས་ཚུལ་ལ་ཕྱོགས་གང་ནས་བལྟས་ཀྱང་ཡོས་ལ་བབ་རྒྱུ་རྩམ་པ་ལས་མི་འདུག་ལགས།
    རང་གི་རྒྱལ་ཁབ་ལ་གྱོང་གུད་འདི་འདྲ་ཞིག་ཕོག་པ་མཐོང་དུས་སྔར་མ་ཝའི་རིགས་རྒྱུད་འདི་རིགས་ལ་ཁ་སྐྲོ་ཁ་ནས་ལངས་ ཞེ་སྐྲོ་གཏིང་ནས་ལངས་གི་འདུག་ལགས་ འདི་ནི་འགྲོ་བ་མིའི་རང་གཤིས་ཞིག་ཡིན་པ་འདྲ་།

    སྐབས་དེར་བོད་ཤར་ཕྱོགས་སུ་ཡོད་པའི་གཞུང་དམག་དང་ཁམས་པའི་ཡུལ་དམག་གཉིས་ཀར་གོ་མཚོན་མི་ལྡང་བའི་དཀའ་ངལ་ཤིན་ཏུ་ཡོད་པ་ཧ་གོ་བཞིན་དུ་ཁྱི་ངན་འདིས་གོ་མཛོད་མེར་སྲེག་བཏང་སྟངས་འདི་ཁོ་ན་ལ་གཅིག་གཟིགས་དང་ ཧུ།

    Reply
  2. འདན་ཕྲུག་བློ་བཟང་ says:
    ལོ་ 15 སྔོན།

    དྲ་གྲོགས་བྱམས་རྒྱལ་ལགས་ ང་ཕོད་ཀྱི་མཛད་རྗེས་མཁྱེན་འདོད་ན་ དང་ཐོག་ཁ་སྔོན་བཀའ་ཤག་གི་གསུང་བཤད་ལ་ཅུང་ཙམ་གཟིགས་དང་།
    རྗེས་སུ་ངས་ཁྱེད་ལ་འགྲེལ་བརྗོད་ཞུ་ཆོག
    ད་ལྟ་ང་དུས་ཚོད་མེད་པས་དགོངས་སེལ་ཞུ་ཡ་ལས་ཐབས་གཞན་མི་འདུག་
    སྤྱིར་ནམ་རྒྱུན་ཕྱོགས་ཀུན་ལ་ཅུང་ཙམ་གཟིགས་ན་ལེགས།

    Reply
  3. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    དྲ་གྲོགས་ཚོར་ད་བར་དུ་ངག་ཕད་འདས་པོས་བྱས་ངན་ཤག་སྟག་གསུངས་སོང་།ཁ་ཤས་ཀྱིས་བྱས་རྗེས་ཡོད་ཀྱང་གསུངས་འདུག།ཡིན་ནའང་བྱས་རྗེས་འདིཡིན་་ཟེར་བ་ཞིག་ཁ་གསལ་མི་འདུག།གསལ་པོ་ཞིག་གསུང་ཐུབ་ན་དགའ་བསུ་ཞུ་རྒྱུ་ཡིན་ལ་ང་རང་གཙོ་བྱེད་པའི་དྲ་རོགས་མང་པོ་དོགས་པའི་དྲ་བ་ལས་ཐར་ཐུབ།
    ཁ་ཤས་ཀྱི་གཞས་ཚིག་རེ་བཀོད་ནས་བྱས་རྗེས་ཡོད་ཁུལ་ཡང་གསུངས་འདུག་དེ་ཙམ་གྱི་ཨེ་འགྲིག་ན།དེ་ལྟར་ཡིན་ན་གཞས་མ་ཚེ་བསྟན་སྒྲོལ་མས་མའོ་ཚེ་ཏོང་དང་ཀང་ཁྲིན་ཏང་ལའང་བསྟོད་པའི་གཞས་མང་བཏང་ཡོད་པའི་ང་ཚོས་ཁོང་གཉིས་ལའང་གུས་ཞབས་བྱེད་མི་དགོས་སམ།
    མགྲིན་པ་ཟབ་མོས་གསུངས་པར་བདེན་པ་མཐོང་།བྱས་རྗེས་ཀྱང་དེ་ལྟར་གསུང་མཁན་ཡོད་དམ།

    Reply
  4. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    གྲོགས་པོ་ལགས། གནས་ལུགས་ཀྱི་སྐད་ཆ་དེ་འདྲ་བཤད་ཐུབ་པ་ནི་ཁྱེད་ཀྱི་སྤོབས་པ་རེད། ངས་བཀླགས་ཚར།

    Reply
  5. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    དྲང་པོ་བཤད་པ་ཡིན་ན། ང་ཕོད་ཀྱིས་གུང་ཁྲན་ཏང་ལ་བློ་སྙིང་བྲང་གསུམ་བསྟན་ཚུལ་དང་དོ་རྒྱལ་ཚོགས་པའི་གངས་ཅན་བླ་མས་གུང་ཁྲན་ལ་བློ་སྙིང་བྲང་གསུམ་སྟོན་བཞིན་པར་ཁྱད་པར་ཅི་ཡང་མཐོང་གིན་མི་འདུག གལ་ཏེ་ང་ཕོད་ཀྱིས་བཟང་ཕྱོགས་བོད་དོན་བསྒྲུབས་མྱོང་བ་ལྟ་བུའི་ལོ་རྒྱུས་ཕྲན་བུ་རེ་བཤད་རྒྱུ་ཡོད་རུང་། གངས་ཅན་བླ་མར་ཡང་དེ་བཞིན་ཡོད་པས་སོ། གང་ལྟར་ང་ཕོད་ལོ་བརྒྱར་ཤི་སོང་བ་ནི་ཤིང་རྒན་ལོ་བརྒྱར་གནས་པ་ཞིག་རུལ་ནས་འགྱེལ་བ་ལྟ་བུའི་ཚོར་སྣང་ཙམ་ལས་མྱ་ངན་ཞུ་བའི་དགོས་པ་མ་མཐོང་ངོ་།

    Reply
  6. བྱམས་རྒྱལ། says:
    ལོ་ 15 སྔོན།

    བདེ་བ་ཅན་ལགས། ཏག་ཏག་རེད་ང་ཕོད་ཀྱི་ སྤོབས་པ་དེ་སུས་ཉམས་སུ་བཅུག་གི་མ་རེད བོད་ཀྱི་དུས་བབ་ནང་ད་ལྟ་རང་སྤེལ་བའི་༼རྒྱ་ནག་གིས་ང་ཕོད་གླེང་སྟངས་ཤིག༽དེ་ནང་གཟིགས་དང་དངོས་གནས་སྤོབས་པ་ཉམས་བཅུག་གི་མི་འདུག་། ཁྱེད་ལས་ལྷག་པའི་སྤོབས་པ་སྦྱིན་མཁན་འདུག་གོ་།།

    Reply
  7. བྱམས་རྒྱལ། says:
    ལོ་ 15 སྔོན།

    མགྲིན་པ་ཟབ་མོས་རྒྱུ་མཚན་གསུངས་པ་འགྲིག་འདུག་

    Reply
  8. བྱམས་རྒྱལ། says:
    ལོ་ 15 སྔོན།

    དབང་པོ་ལྔ་ཡི་དཀྱིལ་ནས། །མི་གོ་ཆོད་པ་གཅིག་རེད།། ཟེར་ཡ་དེ་ཕལ་ཆེར ཁྱེད་ཀྱིས་ དབང་པོ་ལྔ་ཡི་དཀྱིལ་ནས། །བདུད་གོ་ཆོད་པ་གཅིག་རེད།། ཟེར་ཡ་དང་ནོར་ཡིན་ས་རེད་། གལ་ཏེ་ཁྱེད་ཀྱིས་ཚིག་དེ་ནོར་མེད་ནའང་ཞུ་ས་དེ་ནོར་བཞག་ མི་གོ་ཆོད་ངོ་མ་རྒྱ་སྟག་ངར་མ་འདྲ་བའི་དཔའ་བོ་གཅིག་བྱུང་ཡོད་པ་དེ་ནི་པན་ཆེན་རིན་པོ་ཆེ་རེད་། མི་གོ་ཆོད་ཁོང་ལ་ཞུ་གི་ཡོད་རེད་།
    ང་ཕོད་ཀྱི་ནག་ཉེས་ཚང་མ་ཇེ་གསལ་ཇེ་གསལ་འགྲོ་བཞིན་འདུག་པས་ཁོ་བོས་བྲིས་པའི་ངལ་བ་མ་བྱས་ ང་ཕོད་ཀྱི་སྐོར་དེ་ཁ་སེང་ སྤྱི་ཚེས་༢༦ ཉིན་གྱི་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་བགྲོ་གླིང་ནང ལྟོས་དང་ ཧོར་གཙང་འཇིགས་མེད་ཀྱིས་ག་རེ་གསུངས་འདུག་།

    Reply
  9. མགྲིན་པ་ཟབ་མོ། says:
    ལོ་ 15 སྔོན།

    རྣམ་པ་ཚོས་ང་ཕོད་ཀྱི་གནས་བབ་ལ་ལྟ་སྟངས་ཏོག་ཙམ་འགྲིག་གི་མེད་པ་འདྲ།

    རྒྱ་གཞུང་གིས་ང་ཕོད་ནི་པན་ཆེན་རིན་པོ་ཆེ་དང་འབའ་བ་ཕུན་ཚོགས་དབང་རྒྱལ་གཉིས་ཀྱི་གནས་བབ་དང་མི་འདྲ་བ་ཤེས་ཡོད་པ་རེད། དེར་བརྟེན་ང་ཕོད་བསད་ན་འགྲིག་གི་མ་རེད། བཙོན་ལ་བཅུག་ན་དེ་བས་ཀྱང་འགྲིག་གི་མ་རེད།

    ང་ཕོད་ནི་ཆིངས་ཡིག་དོན་ཚན་བཅུ་བདུན་གྱི་དཔང་མི་རེད། རྒྱ་ནག་གིས་བཟོས་པའི་ཐམ་ཀ་རེད། ཁོང་གི་སྐུ་ཚེ་རིང་ཐུང་དང་བདེ་སྐྱིད་ཀྱིས་རྒྱ་ནག་གི་འོག་ཏུ་ཡོད་པའི་བོད་མི་རིགས་ཀྱི་བདེ་སྐྱིད་མཚོན་དགོས་པ་རེད། ཏང་ཀྲུང་དབྱང་གིས་ཆིངས་ཡིག་དོན་ཚན་བཅུ་བདུན་གྱི་འོག་ནས་ཐོག་མཐའ་བར་གསུམ་དུ་ཁས་ལེན་བྱས་པའི་སྲིད་བྱུས་མཚོན་དགོས་པ་རེད། ང་ཕོད་ཀྱི་སྐུ་ཚེ་བརྟན་དགོས་པ་རེད། ང་ཕོད་ཀྱི་ཞལ་དམ་དགོས་པ་རེད།

    ང་ཕོད་བཙོན་དུ་བཅུག་པ་ཡིན་ན་ཆིངས་ཡིག་དོན་ཚན་བཅུ་བདུན་ལ་འགྲེལ་བཤད་རྒྱག་ས་འགྲོ་གི་མ་རེད། ཁོང་གི་མཚན་རྟགས་དེ་བཙན་གནོན་འོག་བཀོད་པ་ཕྱི་གསལ་ནང་གསལ་ཆགས་འགྲོ་གི་རེད། དེ་བས་ཁོང་བཙོན་དུ་འཇུག་པ་ནི་ཁོང་བསད་པ་ལས་ཀྱང་ཚབས་ཆེན་པོ་ཆགས་འགྲོ་གི་རེད།

    Reply
  10. བདེ་བ་ཅན། says:
    ལོ་ 15 སྔོན།

    ང་ཕོད་ས་དབང་ཆེ་མོ་ང་ཚོ་དང་གཏན་དུ་ཞལ་བྲལ་བ་རེད། ང་ཚོས་ལོ་རྒྱུས་ལ་ནམ་ཡིན་ཡང་འགྱུར་བ་གཏོང་ཐུབ་ཀྱི་མ་རེད། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་། འབའ་པ་ཕུན་ཚོགས་དབང་རྒྱལ་ལགས་རྣམ་གཉིས་བཙོན་དུ་ཞུགས་དགོས་བྱུང་བ་དང༌། བོད་ཀྱི་ས་དབང་གྲས་ནས་ང་ཕོད་བཙོན་དུ་ཚུད་ཡོད་མ་རེད། གཞན་མི་དྲག་གྲས་ནས་བོད་དབུས་གཙང་ཁུལ་དུ་ཧ་ལམ་གཅིག་ཀྱང་མ་ལུས་པར་རྡུང་རྡེག་དང་བཙོན་བཅུག་ཕོག་མྱོང་ཡོད། ཡིན་ནའང་ས་དབང་ང་ཕོད་ནི་བོད་ཀྱི་ལོ་རྒྱུས་ཐོག་གཞུང་ཞབས་ཐེག་པ་རིམ་འཛེགས་གནང་མྱོང་བའི་སྐྱེས་སྦྱངས་གཉིས་ལྡན་གྱི་མི་ཞིག་ཡིན་པས་རྒྱ་མིས་ཁོང་ལ་བསྟུན་མཁས་བྱེད་དགོས་པའི་ལོ་རྒྱུས་བྱུང་ཡོད། ད་ལྟའང་ང་ཚོས་གསལ་པོ་ ཤེས་དགོས་པ་ཞིག་ལ་བོད་ནང་བཙོན་ཁང་ནང་ཚུད་པ་ཐམས་ཅད་བྱས་རྗེས་ཡོད་པའི་དབང་གི་ཚུད་ཀྱི་ཡོད་པའི་ཁྱབ་པ་མེད། དེ་ལྟར་ཡིན་ཚེ་བོད་ས་ཤོར་བ་ནས་བཟུང་ད་བར་བོད་མི་རིགས་ཀྱི་སྤྱི་སེམས་འཁུར་ཏེ་ལྷག་བསམ་རྣམ་དག་གི་བོད་མི་རིགས་དང་བསྟན་སྲིད་ལ་ཕན་པའི་ཞབས་འདེགས་ཞུ་མཁན་གྱི་མི་རབས་རྒྱུན་མ་ཆད་པར་ཐོན་མེད་ཚེ་ཐམས་ཅད་ང་ཚོ་ནང་བཞིན་རང་མགོ་གང་ཐོན་གྱིས་བྲོས་ནས་ཡོང་བ་དང༌། བྱ་བ་ཆུང་རྩག་རེ་རེའི་དོན་དུ་བཙོན་དུ་སྡོད་དགོས་པའི་ཐབས་སྡུག་གི་གནས་ཚུལ་དེ་ཚོ་ལྷགས་ཚེ་བོད་མི་རིགས་དང་བོད་ཞེས་པ་མཛུབ་མོ་བཙུགས་ས་མེད་པ་ཞིག་ཏུ་གྱུར་ཡོད་སྲིད། ང་ཕོད་ས་དབང་དམ་པ་ནི་རྣམ་དཔྱོད་དང་ཤེས་རྩལ་གྱི་ཕྱུག་པའི་བོད་ཀྱི་གཞུང་ཞབས་རྙིང་པ་ཞིག་ཡིན་སྟབས་གང་ལ་གང་གདུལ་གྱི་རྣམ་དཔྱོད་བཟུང་སྟེ་ཐབས་མཁས་པོའི་ཐོག་ནས་བསྟུན་མཁས་དང་། ཕྱོགས་གཅིག་ནས་རང་མི་རིགས་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་ཐད་ནུས་པ་གང་ཐུབ་བཏོན་ཡོད། ནམ་མཁར་འཕུར་བའི་བྱ་ལ་གཤོག་སྒྲོ་གཉིས་ལྡན་དགོས་པ་ལྟར། དགྲ་བོའི་མདུན་དུ་མཆོངས་སྐབས་ཀྱང་རྒྱབ་གནོན་དང་དཔུང་གནོན་གཞོགས་འདེགས་ཀྱི་སྒྲོམ་གཞི་དགོས་པ་ལས། བོད་ལེན་རྒྱུ་འདི་ང་ཕོད་གཅིག་པུའི་ལག་པ་དང་དཔུང་པར་བཀལ་བ་དང༌།བོད་ཤོར་བའི་མིང་དེའང་ང་ཕོད་གཅིག་པུར་གཡོག་ན་རྩ་བ་ནས་ལེན་པོ་མེད། ང་ཚོ་བསམ་ཚུལ་གསུང་མཁན་མང་ཆེ་བས་ལྷག་བསམ་རྣམ་དག་ཡིན་སྲིད་ཀྱང་། སྐབས་དེ་དུས་ང་ཚོ་ལྟ་བུ་ང་ཕོད་ཡིན་པའི་དབང་དུ་བཏང་ན་ག་རེ་བྱ་རྒྱུ་ཡོད་པ་རེད་དམ། དེ་དང་དེ་བྱེད་རྒྱུ་འདུག་ཅེས་འགྲེལ་བཤད་བརྒྱབ་དང་། ངས་བལྟས་གསེར་རྟ་ཚུལ་ཁྲིམས་ཕ་ཡུལ་གཅིག་པའི་ཞེན་ཁོག་དང་ལུང་ཁུག་དེ་ཚོའི་ནང་འར་བཤད་བྱ་རྒྱུར་དགའ་ཙམ་ཡོད་བཟོ་ལས། བསམ་བློ་ཆེ་ས་ནས་བཏང་སྟེ་ཆོལ་གསུམ་ཆིག་བསྒྲིལ་ཡོང་རྒྱུར་གཏོར་བཤིགས་གཏོང་རྒྱུའི་བསམ་བློ་རྩ་བ་ནས་མ་དོར་མཁན་ཞིག་ཏུ་ངོས་འཛིན་བྱ་གི་ཡོད། དེ་ནང་བཞིན་ཁོ་བོའི་རྗེས་སུ་འབྲངས་བཞིན་པའི་སྐྱེ་བོ་ཁག་ཅིག་གིས་ཀྱང་ཆོལ་ཁའི་ཞེན་ཁོག་འཁྱེར་ཏེ་རྒྱུ་མཚན་མེད་པའི་ཐོག་ང་ཕོད་ས་དབང་དམ་པར་དམའ་འབེབས་གཏོང་གི་ཡོད་ཚེ་དེ་ནི་ལས་འབྲས་དང་དངོས་བྱུང་ལོ་རྒྱུས་ཀྱི་ནམ་ཡང་ཁས་ལེན་གྱི་མ་རེད་ལ། ང་ཕོད་ཀྱང་མིར་སྐྱེས་ཏེ་སྐྱེས་ཁུངས་དང་ལོ་རྒྱུས་ཡོད་པའི་མི་སྣ་ཞིག་ཡིན་སྟབས་སུས་ཀྱང་སྤོབས་པ་དེ་ཉམས་སུ་བཅུག་གི་མ་རེད༎

    Reply
  11. གནམ་ལྕགས། says:
    ལོ་ 15 སྔོན།

    འདི་ན་ཡང་ཁྱི་རྐུན་འོ་བཟོ་ཁ་རུ་འཆམ་འདུག་གཱ

    Reply
  12. མི་ཆུང་། says:
    ལོ་ 15 སྔོན།

    ཨ་རོགས་སྤོབས་པ། ཁྱེད་ཀྱིས་དྲངས་པའི་གཞས་ཚིག་དེ་ལྔ་བཅུའི་འགོ་ཐོད་དུ་རེད། དེའི་རྗེས་སུ་ཡང་བསྐྱར་གཞས་ཚིག་དེ་འདྲ་ཡོད། དཔེར་ན། དབང་པོ་ལྔ་ཡི་དཀྱིལ་ནས། །མི་གོ་ཆོད་པ་གཅིག་རེད།། ཅེས་པ་ལྟ་བུ་ཡིན། དེ་ནི་དེ་སྐབས་ཀྱི་མི་དམངས་ཚོས་གཏོང་བའི་དམངས་གཞས་རེད། དེའི་ནང་གི་མི་གོ་ཆོད་པ་གཅིག་དེ་ང་ཕོད་རེད། གཞས་དེ་གཉིས་ལ་འགལ་གང་འདྲ་མི་འདུག་གམ། མ་རེད། གཞས་དེ་གཉིས་ཀ་མི་གཅིག་གི་ལོ་རྒྱུས་དང་། དུས་ཚོད་སྔ་ཕྱི་གཉིས་ཀྱི་དམངས་གཞས་ཡིན།

    Reply
  13. མི་ཆུང་། says:
    ལོ་ 15 སྔོན།

    སྐུ་ངོ་སྤྱི་འཐུས་ལགས། དམ་པ་ང་ཕོད་ལ་ལུང་བསྟན་རྫུན་མ་འདྲ་བཟོ་བ་ལས། གནས་སྐབས་རིང་ང་ཕོད་དང་ང་ཕོད། ཀོང་པོ་དང་མལ་དྲོ། སོགས་ཐ་སྙད་འདི་ཚོར་ཡག་པོ་ཞིག་སྦྱོངས་དང་། དེ་ནས་བོད་ཀྱི་ཉེ་རབས་ཀྱི་ལོ་རྒྱུས་དང་། དེང་རབས་ཀྱི་ལོ་རྒྱུས་ལ་ཅུང་སྦྱང་པ་གནང་ན་ལེགས་སྙམ། དགེ་བཤེས་ལགས་རང་སོ་སོའི་རྣམ་རྟོག་སྤོང་མི་ཐུབ་ཀྱང་། མི་གཞན་ལ་རྣམ་རྟོག་གི་ས་བོན་མ་འདེབས་རོགས། ངན་པ་དགུ་དང་བཟང་པོ་བཅུ་ལ་ཁྱད་པར་གང་ཡང་མེད། འདི་ཚོ་ཚང་མར་ཚན་རིག་དང་ཚུལ་གསུམ་རིག་པའི་དཔྱད་གཞི་གང་ཡང་མེད་པ་རེད། དེ་ལས་ང་ཕོད་ཀྱི་བྱས་ཉེས་ཁུངས་འཕེར་ལོ་རྒྱུས་ལས་དྲངས་ན་དགའ། མ་རེད་དམ། དེས་ན་ཁོང་གི་ལོ་རྒྱུས་ནང་དཀར་ནག་གི་ལྕི་ཡང་གང་འདྲ་རེད་འདུག་དཔྱོད་དགོས། སྔ་མ་དྲག སྔ་མ་དྲག མགོ་མཁྲེགས་ཚོ། རྒྱ་གུང་བྲན་གྱིས་དགོད་ཚུལ་འདིར་བརྟགས་ན། ཡང་ང་ཚོར་ཕམ་ཁ་ཞིག་བྱུང་ཡོད།

    Reply
  14. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    བཀྲ་ཤིས་རྒྱ་མཚོ། ཁྱེད་རང་གིས་མ་ཚོར་བ་ཡིན་རྒྱུ་རེད་མ་གཏོགས་ང་ཕོད་མ་ཤི་གོང་ནསབོད་མི་མང་གིས་སྡུག་སྐད་མང་པོ་བརྒྱབས་འདུག དཔེ་མཚོན་གཅིག་ནི། ང་ཕོད་ངར་ནས་ཐོན་སོང་། །ཆབ་མདོ་བསྐྱལ་ནས་སླེབས་སོང་། །ཞེས་གཞས་འདྲ་ཡང་བཏང་འདུག

    Reply
  15. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ང་ཕོད་འདྲ་འདྲ་དེ་ཚོ་ཚེ་རིང་ནས་བཟང་རྒྱུ་ཅི་ཡོད། བླ་མ་གོང་མ་ཚོས་སྡིག་པོ་ཆེ་ཚེ་ཐུང་བར་ཤོག ཟེར་ནས་སྨོན་ལམ་བརྒྱབ་འདུག་ག

    Reply
  16. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ག་རེ་བཀའ་ཟུར། བོད་གཞུངགི་བཀའ་ཟུར་ཟེར་ས་དེ་འདི་འདྲ་ཞིག་ཡིན་ན་བོད་གཞུང་ཚར་འདུག རྒྱལ་བ་རིན་པོ་ཆེ་ལ་ཁ་རྐྱང་རྐྱང་གཏོང་མཁན། བོད་མི་མང་གི་རེ་འདུན་ལས་ལོག་པ་རྐྱང་རྐྱང་བྱེད་མཁན། འདི་ལ་མྱ་ངན་ཞུ་དགོས་ན་མོའོ་ཙེ་ཏུང་ལ་ཡང་ཞུ་དགོས་རྒྱུ་རེད། འདི་ཚོའི་གྲས་མི་ཤི་ན་ཡང་གཏམ་ཤི་རྒྱུ་མ་རེད་གྲོགས་པོ་ཚོ།

    Reply
  17. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    ༡༩༧༦ལོའི་ཟླ་༡ཚེས་༡ཉིན་ཞེས་པ་དེ་༡༩༧༦ལོའི་ཟླ་༡ཚེས་༨ཉིན་ཞེས་བཅོས་དགོས།

    Reply
  18. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    ཆེས་ཤིན་ཏུ་བཀུར་བར་འོས་པའི་གཟུར་གནས་མཁྱེན་ལྡན་དྲ་གྲོགས་ལྷན་རྒྱས་ལ་ཞུ་རྒྱུ།
    ངེད་བོད་པ་ཚང་གི་ང་ཕོད་འདིའི་མི་ཚེའི་ནང་གི་བྱ་བ་ཚང་མ་ད་ཚར་བ་རེད།
    ང་ཕོད་ཀྱིས་རང་ཉིད་ཀྱི་བྱས་རྗེས་སྐོར་བྲིས་པ་འདི་རེད་ཅེས་ཅིག་བྱས་དུས་མ་འོངས་པར་ཉིན་གཅིག་དེབ་གཟུགས་ཅིག་ཐོན་སྲིད་ཀྱང་ཁོང་འཚོ་བཞུགས་སྐབས་མི་ལ་སྟོན་འོས་པའིརླབས་ཆེན་ལོ་རྒྱུས་ཤིག་མ་བྱུང་བར་རྒྱ་དམར་ལ་སྤྲེལ་ལད་རྐྱང་འཁྲབ་མཁན་གྱི་ཞབས་འདྲེན་རྒྱལ་ཚོང་པ་འདི་ཤི་ཚར་བའི་སྐབས་ཀྱི་དེབ་གཟུགས་དེར་ཕྲན་གྱིས་ངོས་ལེན་བྱེད་ཐུབ་ཐབས་ཡོད་པ་མ་རེད།

    དེ་གཅིག་ཡིན།

    གང་ལྟར་ང་ཕོད་ཀྱི་མི་ཚེའི་ཐོག་མཐའ་བར་གསུམ་དུ་ཁ་སེང་དང་པོ་ང་དགའ་དགོས་ས་གཅིག་བྱུང་བ་འདི་ཁོ་གྲོངས་ཉིན་དེ་སྤྱི་ཟླ་༡༢པའི་ཚེས་༢༣་དང། བོད་ཟླ་༡༡པའི་ཚེས་ ༧ ཉིན་ལ་ཁེལ་ཡོད་པ་དང། ཉིན་དེ་བོད་པ་ཚོས་བཟང་བོ་༡༠འཛོམས་ཡིན་ཤག་བྱེད་བཞིན་པའདི་ཡིན། དེར་བརྟེན་ཕྲན་གྱིས་ཀྱང་ཐོག་མར་དེ་ག་རང་ཡིན་ཤག་བྱས་པ་རེད།
    ཁོང་གི་མི་ཚེའི་ནང་ལ་ཞབས་འདྲེན་ག་ཚོད་ཞུས་ཀྱང་ཁོང་ང་ཚོའི་བཀའ་ཟུར་བགྲེས་སོང་ཀུན་གྱིས་ཡང་ཡང་རེ་བ་རྒྱག་ས་ཞིག་དང། རེ་བ་ཆ་ཚང་འཕྲོ་བརླགས་གཏོང་མཁན་ཞིག་ཆགས་ཡོད་པ་མ་རེད། ཅེས་ང་ཚོ་སུས་ཀྱང་བཤད་མི་ཐུབ། དེའི་ཕྱིར་ཁོང་གྲོངས་ཉིན་དེ་དུས་ཚོད་བཟང་པོ་ཞིག་ལ་ཁེལ་ཐུབ་ན་འདི་ཡང་འོ་སྐོལ་སྒང་བ་བོད་པར་ལམ་འགྲོ་ཞིག་གི་རྟགས་མཚན་ཡིན་ཤས་ཆེ། སྙམ་པས་ཡིན།
    འོན་ཀྱང་སྟབས་མ་ལགས་པ་ཞིག་ཏུ་ང་ལས་སྣང་མ་དག་པས་ཡིན་ནམ། ཡང་ན་ངས་ལོ་ཐོར་ལྟ་མ་ཤེས་པ་ཡིན་ནམ། ཡང་ན་ལོ་ཐོ་མ་དག་པས་ཡིན་ནམ། ཡང་ན་ངས་མཐོང་བ་དངོས་གནས་ཡིན་སོགས་ཁྱེད་གཟུར་གནས་དྲ་གྲོགས་ཚོས་གཟིགས་རོགས་གནང།
    གང་ལྟར་ང་ཕོད་གྲོངས་ཉིན་དེ་ངན་པ་དགུ་འཛོམས་ཉིན་ཡིན་པ་འདྲ་ཞིག་འདུག
    ཅི་ཡིན་ཞེ་ན།

    བོད་གཞུང་སྨན་རྩིས་ཁང་གིས་བཏོན་གནང་བའི་རབ་གནས་ས་གླང་ལོའི་ལོ་ཐོ་བསྡུས་པའི་ནང་གི་སྤྱི་ཚེས་༢༢ཉིན་གྱི་རེའུ་མིག་ནང་ ངན་པ་དགུ་འཛོམས། Nine Bad Omens day ཆུ་ཚོད་༢༡ ནས་ཚེས་ ༧ ཚོུད་ ༢༣ བར། ཞེས་གསལ་འདུག་པ་དེ་ལྟར་ན་ངན་པ་དགུ་འཛོམས་བོད་ཚེས་༦་ཉིན་གྱི་མཚན་མོའི་ཆུ་ཚོད་༩་ནས་མགོ་ཚུགས་ཏེ། བོད་ཚེས་བདུན་ཉིན་གྱི་མཚན་མོའི་ཆུ་ཚོད་༡༡བར་ཁེལ་ཡོད་འདུག་པ་དང།
    ང་ཕོད་བོད་ཚེས་༧་དང། ཕྱི་ཚེས་༢༣ཉིན་གྱི་པེ་ཅིན་གྱི་ཆུ་ཚོད་༤དང། སྐར་མ་༥༠ཐོག་གྲོངས་ཡོད་འདུག་པ་དང། པེ་ཅིན་གྱི་ཆུ་ཚོད་༤དང། སྐར་མ་༥༠དེ་ང་ཚོ་རྒྱ་གར་ས་ཐོག་གི་ཆུ་ཚོད་༢དང། སྐར་མ་༢༠ཙམ་ཡིན་ཕྱིར་སྐབས་དེར་ཁཽང་གྲོངས་པ་ཡིན་པ་ཡོངས་གྲགས་ལ་སོང་ངན་པ་དགུ་འཛོམས་མ་གཏོགས་འགྲོ་ས་ཞིག་འདུག་གམ།

    འདི་ལ་བརྟེན་ང་ནི་སླར་ཡང་སེམས་པ་མ་སྐྱིད་པ་ཞིག་ཆགས་ཡོད།

    འོན་ཀྱང་ཧ་ཅང་ཉེན་ཁ་རང་ཨེ་ཡོད།
    འདི་རྒྱ་དམར་ལ་ཐན་ལྟས་ཞིག་མིན་འགྲོ་སྙམ། གང་གིས་ཡིན་ནམ་ཞེ་ན། རྒྱ་ནག་གི་སྲིད་བློན་ཀྲོའུ་ཨེན་ལའེ་ཡང་སྤྱི་ལོ་༡༩༧༦ལོའི་ཟླ་༡ཚེས་༡ཉིན་ངན་པ་དགུ་འཛོམས་ཉིན་འདས་གྲོངས་སོང་བ་ཡིན་ཕྱིར་ང་ཕོད་དང་འདས་གྲོངས་འགྲོ་ཉིན་གཅིག་པ་ཆགས་འདུག་པ་འདིས་གང་ཞིག་མཚོན་བཞིན་འདུག་གམ།
    ང་ཕོད་འདི་བོད་མིའི་གདོང་ལྤགས་ཅན་གྱི་རྒྱ་དཔོན་ཚོ་དང་ལས་སྨོན་གྱི་འབྲེལ་བ་དམ་ཟབ་ཡོད་པའི་མི་རྒན་ཞིག་ཡིན་པར་མཚོན་གྱི་མི་འདུག་གམ།

    གྲོགས་པོ། གྲོགས་པོ་ལགས། གྲོགས་པོ་ལགས་རེད་ཡཱ།

    Reply
  19. བྱམས་རྒྱལ། says:
    ལོ་ 15 སྔོན།

    འདན་ཕྲུག་བློ་བཟང་ལགས། དང་པོ་ཁྱེད་ཀྱིས་ང་ཕོད་ཀྱི་ཕན་ཐོགས་ཡོད་པའི་མཛད་རྗེས་ཉུང་ཉུང་ མིན་པ་དེ་གསུངས་དང། སྐུ་མཁྱེན་
    ཤེས་འདོད་འདུག་།

    Reply
  20. འདན་ཕྲུག་བློ་བཟང་ says:
    ལོ་ 15 སྔོན།

    སྤྱིར་ནག་ཉེས་ཕྲ་ཙམ་ནི་སུ་ལའང་མཆིས་སྲིད། དེས་ན་འདས་གྲོངས་སུ་ཕྱིན་ཟིན་པའི་ང་ཕོད་མཆོག་ཀྱང་ཡོད་ངེས་རེད །
    ཡིན་ཡང་་་ཁོང་གིས་མི་རིགས་རིག་གཞུང་དང་བཅས་པར་ཕན་ཐོག་ཡོད་པའི་མཛད་རྗེས་ཀྱང་ཉུང་ཉུང་མིན།
    དེས་ན་ངས་བོད་མི་རྒན་གྲས་ཅིག་ལ་ངོས་འཛིན་བྱེད་རྒྱུ་ཡིན་མ་གཏོགས།
    ལྷ་འདྲེ་གཉིས་ཀ་གང་ཡང་བཤད་མི་ཕོད །
    ལྷག་དོན་བཀའ་ཤག་གིས་མྱ་ངན་ཞུས་པ་འདི་གནས་ལུགས་དང་མཐུན་པ་གཅིག་རེད་ལ་ཆབ་སྲིད་ཀྱི་གོ་རྟོབས་སད་པའི་བརྡ་རྟགས་ཅིག་ཀྱང་རེད་སྙམས །

    Reply
  21. རྭ་ལོ། says:
    ལོ་ 15 སྔོན།

    ང་ཕོད་ཚང་གི་ཡབ་མེས་ཤིག་ལ་མན་ཇུ་གོང་མས་སྲོག་ཁྲིམས་བཏང་འདུག་ག

    Reply
  22. རྭ་ལོ། says:
    ལོ་ 15 སྔོན།

    ང་ཕོད་རྡོ་རྗེ་རྒྱལ་པོ།
    ཀོང་ཡུལ་དུ་སྐྱེས། མན་ཇུ་རྒྱལ་རབས་ཀྱིས་ཇུན་གར་དུས་ཟིང་ལྷིང་འཇགས་སུ་གཏོང་དུས་ཁོས་བྱས་རྗེས་བཞག་པའི་རྐྱེན་གྱིས་པེ་ཙེས་ཞེས་པའི་གོ་གནས་ཐོབ། རབ་བྱུང་བཅུ་གཉིས་པའི་ལྕགས་གླང་ལོར་གོང་མའི་བཀའ་ལྟར་བོད་ཀྱི་བཀའ་བློན་བྱས། རབ་བྱུང་བཅུ་གཉིས་པའི་མེ་ལུག་ལོར་ངན་པ་ཁ་མཐུན་གྱིས་དབུ་བཞུགས་བཀའ་བློན་ཁང་ཆེན་བསོད་ནམས་རྒྱལ་པོ་དམར་གསོད་བྱས་པས་མན་ཇུ་གོང་མས་སྲོག་ཐོག་གི་ཁྲིམས་གཅོད་བཏང༌།

    འདི་ཚང་ཤེས་མཁན་ཡོད་དམ།

    ང་ཕོད་ཅེས་པའི་མིང་ཇི་ལྟར་ཐོག་པ་རེད།

    Reply
  23. རྭ་ལོ། says:
    ལོ་ 15 སྔོན།

    ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་དང་། བོད་མི་གསར་བརྗེ་བ་ཞིག་ཅེས་པ་གཉིས་བཀླགས་ཚར། ད་ནི་དེབ་ཅིག་ལ་བསྒུག་ནས་བསྡད་ཡོད། ལོ་རྒྱུས་ཤིག་ཇི་ལྟར་འགྲེལ་མིན་ཡང་བཀླག་རྒྱུར་བསྡད་པའི་དེབ་འདིར་ཐུག་ཡོད། དེ་མིན་མཐོ་བཤད་དམའ་བཤད་བརྒྱབ་ཤེས་ས་མ་རེད།

    Reply
  24. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 15 སྔོན།

    རྭ་ལོ་ལགས། ཉིད་ཀྱིས་དཔྱད་བསྡུར་ཆེད་མི་སྣ་གལ་ཆེན་གསུམ་གྱི་མཚན་དྲངས་ཏེ་བསམ་ཚུལ་མདོ་ཙམ་བརྗོད་པ་ཞེ་དྲག་ཡག་པོ་འདུག གང་ཟག་འདི་གསུམ་ནིསྐྱེས་ཡུལ་མི་འདྲ་བ་ཙམ་དུ་མ་ཟད། ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང། མི་གཤིས། ལྟ་གྲུབ། ཤེས་ཡོན་བྱེད་སའི་ཁོར་ཡུག་དང་ཤེས་ཡོན་གྱི་ངོ་བོ། ལས་གནས་སོགས་མི་འདྲ་ས་ཧ་ཅང་མང་ནའང་དོན་དངོས་བོད་མི་རིགས་ལ་བཅངས་པའི་བརྩེ་སེམས་དང་མཛད་རྗེས་གང་ཡོད་ཤེས་གལ་ཆེ།

    Reply
  25. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 15 སྔོན།

    རེད་ རེད ངོ་མ་རེད་་ ཁྱེད་ཀྱིས་དེ་རིང་དྲང་བདེན་གྱི་གླུ་དབྱངས་ཤིག་གྱེར་འདུག

    Reply
  26. མགར་གདོང་བཙན་ says:
    ལོ་ 15 སྔོན།

    ཡང་སྟབས་ཡག་པ་ཤིག་ལ་ང་ཕོད་བཙན་བྱོལ་དུ་མ་ཡོང་པ་ནི་ཁོ་རང་གི་བསོད་ནམས་རེད། གལ་སྲིད་ཁོ་རང་ཡོང་པ་ཡིན་ན་བཙན་བྱོལ་དུ་འབྱོར་བའི་སྐུ་དྲགས་གཞན་ལ་དཀའ་ངལ་བྱུང་བ་གཅིག་མཚུངས་ཡོང་ངེས་རེད་ལ་ཚེ་ལོ་བརྒྱ་ཐུབ་རྒྱུ་དེ་བས་ཁག་པོ་མིན་འགྲོ།

    Reply
  27. རྭ་ལོ། says:
    ལོ་ 15 སྔོན།

    པན་ཆེན་མཆོག་བཙོན་ཁང་དུ་ལོ་ ༩ རིང་བཞུགས་པ་རེད། འབའ་བ་ཕུན་ཚོགས་དབང་རྒྱལ་བཙོན་ཁང་དུ་ལོ་ ༡༩ བཞུགས་པ་རེད། ང་ཕོད་ངག་དབང་འཇིགས་མེད་པེ་ཅིན་ནས་ལོ་ ༥༠ བཞུགས་པ་རེད།

    མི་འདི་གསུམ་པོ་བོད་མི་རིགས་ཀྱི་ཤ་ཁྲག་རུས་གསུམ་ལས་མཆེད་པ་གཅིག་མཚུངས་རེད། ཡིན་ཡང་། ཁོང་ཚོ་མཐའ་མར་པེ་ཅིན་ལ་འབྱོར་དུས་ཀྱི་རྒྱབ་ལྗོངས་ཁ་ཁ་དང་། ད་བར་གྱི་ལས་དབང་ཡང་ཐ་དད་རེད། ཁོང་ཚོ་ནི་གུང་ཁྲན་ཏང་གི་འོག་ལ་ཤོར་བའི་བོད་མི་རིགས་ཀྱི་སྐུ་ཚབ་དང་། བློ་ཁོག ཐམ་ཀ་བཅས་སུ་གྱུར།

    Reply
  28. མགར་གདོང་བཙན་ says:
    ལོ་ 15 སྔོན།

    ང་ཚོས་དྲང་པོ་བཤད་རྒྱུ་ནི་གལ་ཆེནི་པོ་རེད། དེ་རིང་འདིར་ང་ཕོད་སྐོར་རེད།
    བཙན་བྱོལ་གཞུང་གིས་མྱ་ངན་ཞུས་པ་ལ་མི་འགྲིག་པ་མེད། ཡིན་ཡང་ང་ཕོད་ནི་
    ཁོ་རང་གི་ནང་མི་དང་ཁོ་རང་གི་གོ་གནས་ལས་གཞན་བོད་མི་རིགས་དང་བོད་ཀྱི་རིག་གཞུང་གི་ཆེད་དུ་སྐད་ཆ་ཚིག་གཅིག་ལབ་མེད་པ་དང་ལས་ཀ་སྣེ་གཅིག་བྱས་མེད་པ་ནི་བདེན་པ་རེད། ཁོ་རང་སྔར་དུས་སུ་གོ་གནས་ཡོད་ལ་ཕྱི་དུས་སུ་གོ་གནས་ཡོད་པས། བོད་ཕྱི་ནང་གཉིས་ནས་ང་ཕོད་ལ་རེ་བ་མང་པོ་བྱས་ཀྱང་སྟོང་པ་གྱུར་པ་རེད།

    Reply
  29. བཀྲ་ཤིས་རྒྱ་མཚོ says:
    ལོ་ 15 སྔོན།

    འདི་འདྲིའི་སྡུག་སྐད་མང་བོ་ཞིག་རྒྱག་རྒྱུ་ཡོད་ན་ང་ཕོད་མ་ཤི་སྔོན་ལ་རྒྱག་དགོས་བ་རེད། མི་ཤི་ཚར་རྗེས་སྡུག་སྐད་ཇི་ཙམ་རྒྱབ་ཀྱང་ཆུ་ནང་ལ་སྟུག་དྲི་བཏང་བ་ལས་གཞན་མ་འདས། མི་རང་ཤི་རྒྱག་རྒྱུ་དང་རང་སྲོག་གཞན་ལག་ཏུ་འཇོགས་རྒྱུ་དེ་ལས་སླ་མོ་ཞིག་མིན་པས་ང་ཚོ་ཚང་མ་ཤི་མ་ཐུབ་ནས་སྐྱབས་བཙོལ་དུ་ཡོང་བ་མ་ཡིན་ནམ། བཙན་བྱོལ་བོད་གཞུང་གིས་ང་ཕོད་ལ་མྱ་ངན་ཞུས་བ་དེ་ཡང་སྔ་ཕྱི་རིམ་པ་མང་བོ་ཞིག་ལ་བསམ་བློ་བཏང་ནས་དགོས་དབང་གི་མྱ་ངན་ཞུས་བ་ལས་ཕ་རོལ་ལ་ཞེད་ནས་ང་ཕོད་ལ་མྱ་ངན་ཞུས་བ་ཞིག་མིན་ཚོད་རེད།
    སྤྱིར་ང་ཚོའི་བཙན་བྱོལ་གཞུང་ཆུང་ཆུང་འདི་ལ་ཕྱི་ནང་གཉིས་ནས་སྐྱོན་འཛུགས་བྱེད་དགོས་དོན་མེད་པར་སེམས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese