མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཕོད་གླེང་བ། ལྷ་སྡེ་གནམ་ལོ་ཡག

བོད་ཀྱི་དུས་བབ།
༢༠༠༩/༡༢/༢༩
Share on FacebookShare on TwitterShare on EmailShare on Whatsapp
མི་དབང་ང་ཕོད་བཞུད་ཐལ། ལོ་རྒྱུས་བསླབ་བྱ་བཞག་ཡོད།

                                        ལྷ་སྡེ་གནམ་ལོ་ཡག
 
ཝེ་ཀེ་མིང་མཛོད་ཆེན་མོའི་ནང་ང་ཕོད་ངག་དབང་འཇིགས་མེད་ལགས་ནི་བོད་རིགས་ཡིན་པ་དང༌། འཁྲུངས་ཡུལ་ལྷ་ས་རེད། ཁོང་ ༡༩༥༥ ལོར་བཅིངས་འགྲོལ་དམག་གི་སྤྱི་དཔོན་འབྲིང་བར་བསྐོས་ཤིང༌། དེང་སྐབས་སྲིད་གྲོས་རྒྱལ་ཡོངས་མཐུན་ཚོགས་ཀྱི་ཚོགས་གཞོན་ཡིན་ཞེས་འཁོད་ཡོད། ཡང་ཁ་ཉིན་ཁོང་སྐུ་གཤེགས་པའི་དྲན་གསོར་རྒྱ་དམར་དབུས་གཞུང་གིས་རླབས་ཆེན་གྱི་རྒྱལ་གཅེས་པ་དང༌། སྙན་གྲགས་ཅན་གྱི་སྤྱི་ཚོགས་ལས་འགུལ་བ། བོད་མི་རིགས་ཀྱི་བུ་རྒོད་པོ། མི་རིགས་མཐུན་སྒྲིལ་ལ་གཞི་རྟེན་འཛུགས་མཁན་གྱི་དབུ་ཁྲིད་དམ་པ། རྒྱ་ནག་དམར་ཤོག་ཚོགས་པར་ཟབ་འདྲིས་ཆེ་བའི་གྲོགས་མཆོག་ཅེས་ཀྱང་བཀོད་འདུག
 
གྲོས་མཐུན་ལ་མིང་རྟགས་བཀོད་མཁན་ཁོང་ཡིན་ལ། གྲོས་མཐུན་མ་བྱུང་ཟེར་མཁན་ཁོང་ཡིན།

ངས་གོ་ཚོད་ལ་ ༡༩༨༩ ལོའི་ཟླ་ ༡༠ ཚེས་གང་རུང་ཞིག་ལ། ང་ཕོད་ཀྱིས་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་རྟགས་མ་རག་པའི་སྐོར་ལ་གཏམ་བཤད་སྤེལ་དགོས་བྱུང་ཞིང༌། དེ་ནི་རྒྱ་གཞུང་གིས་ཆེད་མངགས་གོ་སྒྲིག་བྱས་པ་ཞིག་ཡིན་པ་བཤད་མ་དགོས་ཤིང༌། སྐབས་དེར་ཁོང་གིས་དོན་ཚན་བཅུ་བདུན་བཞག་པའི་སྐབས་ཀྱི་ནང་གསང་དེ་ཚིག་གཅིག་གིས་མཐིལ་བརྡོལ་བར་བྱས་པ་ནི། ང་ཚོ་ཕྱོགས་གཉིས་ཀྱིས་གྲོས་མཐུན་བཞག་པ་དང་འབྲེལ། པེ་ཅིན་གཞུང་གིས་སླར་ཡང་ཕྱོགས་གཉིས་ཀྱི་གྲོས་ཞུགས་མི་སྣའི་རྟགས་ཐམ་གསར་བརྐོ་བྱས་ནས་ཆིངས་ཡིག་ཐོག་བཀོད་པ་རེད། གང་ཡིན་ཟེར་ན། ཕྱོགས་གཉིས་ཀྱི་སུ་ཡིན་རུང་དེང་ཐོག་རྟགས་ཐམ་བསྣམས་ཡོད་པ་མ་རེད་ཅེས་བརྗོད་འདུག ཧ་ལམ་གནས་ཚུལ་དེའི་རྐྱེན་པས་ང་ཕོད་ཚང་ལོ་ཤས་རིང་གར་སོང་ཆ་མེད་དུ་གྱུར་སོང་ལ། ༡༩༩༡ ལོའི་ཉིན་ཞིག་སླར་ཡང་རྒྱ་གཞུང་གི་དགོས་མཁོ་གང་ཞིག་གི་ཆེད་དུ་ཧྲིན་ཀྲིན་གྲོང་ཁྱེར་ནས་ཕྱི་རུ་ཐོན་བཅུག་འདུག
  
དེ་ཡང་ ༡༩༥༡ ལོའི་ཟླ་ ༤ ཚེས་ ༢༩ པེ་ཅིན་དུ་བོད་རྒྱ་གཉིས་ཀྱི་འཐུས་ཚབ་ལྷན་འཛོམས་ཀྱིས་གྲོས་མོལ་བྱས་ཤིང༌། བོད་ཕྱོགས་ཀྱི་འཐུས་ཚབ་གཙོ་བོ་ང་ཕོད་ཡིན་པ་དང༌། རྒྱ་ཕྱོགས་ཀྱི་འཐུས་ཚབ་གཙོ་བོ་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་གཙོ་ལའེ་ཝེ་ཧན་རེད་ལ། ད་དུང་ཕྱོགས་སོ་སོའི་སྐད་བསྒྱུར་མི་སྣ་བཅས་ཚོགས་ཞུགས་ཐོག མཐར་ཟླ་ ༥ ཚེས་ ༢༤ ཉིན་རྒྱ་གཞུང་གི་གནོན་ཤུགས་འོག་འདྲ་མཉམ་མིན་པའི་གྲོས་མཐུན་དེར་བོད་ཕྱོགས་ཀྱི་འཐུས་ཚབ་ཚོས་མཚན་རྟགས་མ་བཀོད་རང་བཀོད་ཆགས་པ་དང༌། གྲོས་ཆིངས་ནང་བོད་ཕྱོགས་ཀྱི་བསམ་འཆར་འགའ་ཞིག་སྐབས་ཐོག་ངོས་ལེན་གྱིས་བཀོད་ཁུལ་ཡང༌། གཞི་རྩའི་ཆ་ནས་ཡིག་ཆ་དེ་རྒྱ་གཞུང་གི་འཐབ་བྱུས་ནང་བཞིན་བྱུང་ཡོད་ཁར། རྒྱལ་སྤྱིའི་དམར་ཤོག་རྩ་འཛུགས་རྒྱ་བསྐྱེད་ཀྱི་ཕུག་དམིགས་དང་མཐུན་པས། མའོ་དང༌། ཀྲུའུ་སོགས་རྒྱ་གཞུང་གི་ཆེས་མཐོའི་འགོ་ཁྲིད་ཚོས་དེ་མ་ཐག་གྲོས་མཐུན་འུར་སྒྲོག་ཆེད་གསོལ་སྟོན་རྒྱས་བཤམས་ཀྱིས་བྱེད་སྒོ་འདྲ་ཆགས་སྣ་ཚོགས་སྤེལ་བ་རེད།

འོན་ཀྱང་བོད་ཕྱོགས་ནས་བཤད་ན་གྲོས་མོལ་དེ་བཞིན་རང་གི་མངོན་འདོད་དང་མཐུན་རེ་མེད་གཤིས། ཐོག་མ་ནས་གཡོལ་ཐབས་སྣ་ཚོགས་འཐེན་པ་དང་ཆབས་ཅིག རྒྱ་གཞུང་གིས་གྲོས་མཐུན་ལ་མིང་རྟགས་བཀོད་པ་ཁྱབ་བསྒྲགས་བྱས་པའི་ཕྱི་ཉིན། ཕྱི་ཟླ་ ༥ ཚེས་ ༢༥ ཉིན་ཞྭ་སྒབ་པ་སོགས་ཀྱིས་ལྡི་ལིར་གནས་སྡོད་ཨ་རིའི་གཞུང་ཚབ་ཆེན་མོའི་ལས་ཚབ (steere) སི་ཊེ་རེ་དང་མཇལ་ནས་བོད་ཕྱོགས་ནས་གྲོས་མཐུན་རྩིས་མེད་བཏང་བ་ཡིན་ན། ཨ་རིས་བོད་ལ་རོགས་སྐྱོར་གང་ཐུབ་མིན་གྱི་ནང་མོལ་བྱས་ཤིང༌། ཞྭ་སྒབ་པས་ཨ་རིའི་གཞུང་ཚབ་ལ་བརྗོད་དོན། གྲོས་མཐུན་ནང་བོད་ཀྱི་ཕྱི་འབྲེལ་ལས་ཁུངས་ཁུ་བསྡུ་བྱ་རྒྱུས་མཚོན་བོད་ཀྱི་ནང་སྲིད་ལ་རྒྱས་ཐེ་བྱུས་བྱ་རྒྱུ་བཀོད་པར། ངེད་ཅག་གི་དབུ་ཁྲིད་༧ཏཱ་ལའི་བླ་མ་དང༌། བོད་གཞུང་གིས་དེར་ངོས་ལེན་བྱེད་ཐབས་མེད་པར་བརྟེན། རྒྱ་གཞུང་གིས་བོད་རྒྱའི་ས་འབྲེལ་མཚམས་སུ་དཔུང་དམག་རུ་འདྲེན་གྱིས་མཚོན་དྲག་ཤུགས་སྤྱོད་རྒྱུ་ཡིན་པར་བརྟེན། ཏཱ་ལའི་བླ་མ་མཆོག་གང་མྱུར་ཡུལ་བྱོལ་ལ་ཕེབས་ཐུབ་དགོས་སྐོར་ཞུས་༡༽ ཡང་ཞྭ་སྒབ་པས་སི་ཊེ་རེ་ལ་ཨ་རིས་བོད་ལ་དཔུང་རོགས་བྱ་ཐུབ་མིན་ཐད། དཔེར་ན། བོད་དོན་རྒྱལ་ཚོགས་ནང་གླེང་རྒྱུར་སྔོན་ལ་གྲ་སྒྲིག་གང་དགོས་པ་དང༌། གལ་སྲིད་ཏཱ་ལའི་བླ་མ་ཉེན་གཡོལ་ལ་ཕེབས་དགོས་བྱུང་ན། ཁོང་དང་སྐུ་འཁོར་མི་བརྒྱ་ལྷག་ཅིག་ཨ་རིར་ལེན་ཐུབ་མིན། བོད་ཀྱིས་ཏཱ་ལའི་བླ་མའི་མཚན་ཐོག་ནས་དམར་རྒོལ་རྩ་འཛུགས་ཤིག་བཙུགས་པ་ཡིན་ན་ཨ་རིས་དེར་གོ་མཚོན་སོགས་ཀྱི་རྒྱབ་སྐྱོར་བྱ་ཐུབ་མིན་བཅས་བསམ་ཚུལ་དོན་ཚན་དྲུག་ཅན་ཞིག་བཏོན་པ་དང༌། མདོར་ན་དེ་ལྟར་བོད་ཕྱོགས་ནས་གྲོས་མཐུན་རྩིས་མེད་བཏང་རྗེས་ཀྱི་གྲ་སྒྲིག་བྱ་བཞིན་པའི་སྒང་རེད་ལ། ཏག་ཏག་རྒྱ་དམར་གཞུང་གིས་ཀྱང་ལམ་སེང་གྲོས་མཐུན་དེ་ཁ་ལ་ཁྱེར་ནས། བོད་ནང་དམག་དཔུང་བསྐྱོད་རྒྱུའི་བཀའ་རྒྱ་བཏང་བ་དང༌། ༡༩༥༡ ལོའི་ཟླ་ ༥ ཚེས་ ༢༥ ཉིན་བཀའ་རྒྱ་དེ་བཞིན་མའོ་ཡིས་དབུས་དམག་ཁུལ་ཁང་ལ་བཏང་བའི་བཀའ་ཡིག་ལས་རང་དམག་གིས་གྲོས་མཐུན་གྱི་ལག་བསྟར་ཁག་ཐེག་དང༌། མེས་རྒྱལ་མངའ་ཁུངས་སྲུང་ཆེད་ངེས་པར་དམག་ཤུགས་ལ་བརྟེན་ནས་བོད་ལ་བསྐྱོད་དགོས་ཞེས་བཀོད་འདུག

རིག་གསར་སྐབས། མགོ་ཐོག་ཚད་ཐར་ས་མེད་དུས་ང་ཕོད་པ་ནི་ལོགས་ཀ་ཡིན།

 ཡང་ཐེངས་ཤིག་ང་ཕོད་ཀྱིས་འདི་ལྟར་བརྗོད་མྱོང༌། ཁོས་ ༡༩༦༢ ལོར་སློབ་དཔོན་པཎ་ཆེན་ཚང་བོད་རང་སྐྱོང་ལྗོངས་གཙོས། མཚོ་སྔོན་དང༌། སི་ཁྲོན། ཡུན་ནན་སོགས་བོད་ཁུལ་ལ་རྟོགས་ཞིབ་གནང་བར་མངགས་པ་དང༌། ཁོང་གིས་གནས་ཚུལ་རྣམས་ཕྱོགས་བསྡུས་ཀྱིས་རྒྱ་ནག་གཞུང་ལ་སྙན་ཞུ་རིང་པོ་ཞིག་བྲིས་ནས་ཕུལ་བ་ནི་ཡིག་འབྲི་ཁྲི་བདུན་གྱི་སྙན་ཞུ་དེ་རེད། ང་ལ་སྙན་ཞུའི་མ་ཟིན་གནང་ནས་བསམ་ཚུལ་གོ་བསྡུར་བྱས་པར། ངས་ཀློག་རྗེས་གང་ཉིད་ལ་སྙན་ཞུ་ཡིག་ཐོག་ནས་འབུལ་རྒྱུ་ལས་ངག་ཐོག་ནས་ཞུས་ན་ཅེས་དང༌། ཞུ་སྐབས་ཀྱང་གསུང་མོལ་གང་ཐུབ་ལྷོད་ལྷོད་དགོས་སྐོར་རེ་བ་བཏོན་ཡང༌། རིན་པོ་ཆེས་མ་གསན་པར་ ༡༩༦༢ ལོའི་ཟླ་ ༥ ནང་སྙན་ཞུ་ཡིག་ཐོག་ནས་ཕུལ་བ་རེད། རྗེས་སུ་དེའི་རྐྱེན་གྱིས་སློབ་དཔོན་ཚང་ལ་དབུ་ཉེས་ཕོགས་ཏེ་མཚན་གནས་ཀྱང་ཕྱིར་བསྡུ་བྱས་སོང༌། ངས་དེ་དུས་བློ་མཐུན་ཀྲང་ཀོ་ཧྥ་ལ་ཞུ་རྒྱུ་བྱུང༌། པཎ་ཆེན་གྱི་གནད་དོན་ཇི་འདྲའི་ཚབས་ཆེ་བ་དང་ཁོང་ལ་སྐྱོན་བརྗོད་ཇི་འདྲའི་ནན་མོ་དགོས་ཀྱང་རུང༌། གང་ལྟར་ཁོང་གི་བོད་རང་སྐྱོང་ལྗོངས་གྲ་སྒྲིག་མཐུན་ཚོགས་ཀྱི་ལས་ཚབ་ཚོགས་གཙོའི་མཚན་གནས་རྩ་བ་ཉིད་ནས་ཕྱིར་བསྡུ་བྱ་མི་རུང་བས་ན། ཉིད་ཀྱིས་ངའི་རེ་སྐུལ་འདི་བཞིན་དབུས་གཞུང་ལ་བརྒྱུད་ཞུ་གནང་རོགས་ཞེས་ནན་སྐུལ་བྱས་པ་ཡིན། འོན་ཀྱང༌། སྐབས་དེར་རྒྱལ་ཡོངས་ནི་ནོར་འཁྲུལ་ཅན་གྱི་གཡོན་ལྷུང་ཁ་བཀོད་འོག་ཚུད་ཡོད་སྟབས། སློབ་དཔོན་པཎ་ཆེན་ཚང་ལ་ཚུལ་མིན་གྱི་དབུ་ཉེས་བྱུང་བ་མཁྱེན་གསལ་རེད། ཡང་ ༡༩༧༤ ལོའི་ཟླ་ ༣ ནང་ཁུའུ་ཝེ་ཐའི་ Kuwait རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོ་ Halidesa Saleh Ghneim ཧལ་ལེ་ཐི་ སར་ལའི་ཧི་ཧུའུ་སེ་མི་སྟེང་ཞལ་གཉིས་གཙོས་སྐུ་འཁོར་རྣམས་པེ་ཅིན་ཏུ་ཕེབས་སྐབས་ཀྲུའུ་ཨིན་ལེ་ཡིས་མཇལ་འཕྲད་གནང་བ་དང༌། སྐབས་དེར་ཀྲུའུ་དང་ལྷན་དུ་ང་ཚོགས་ཞུགས་གྲས་སུ་གོ་སྒྲིག་གནང་འདུག་པ་ལྟར་ཕྱིན་པ་ཡིན། ངེད་ཅག་གི་དངོས་མཇལ་མ་བྱས་པའི་སྔོན་ཙམ་ལ། ཀྲུའུ་ཡིས་ང་ཚོས་ཁྲིམས་སྒྲིག་གི་འགྲོ་སྟངས་ཤིག་བཟོས་ནས་པཎ་ཆེན་ཕྱིར་བཏོན་ཏེ་ཁོང་ལ་ཕྱག་ལས་གནང་བཅུག་ན་ག་འདྲ་འདུག་ཞེས་ང་ལ་དྲིས་སོང༌། ངས་དེ་མུར་སྲིད་བློན་ཀྲུའུ་ལ་བྱ་བ་དེ་ཡག་རབས་བརྒྱན་རབས་ཀྱི་རྒྱབ་སྐྱོར་བྱས་ཁར། ད་དུང་སློབ་དཔོན་ཚང་ཕྱིར་མངགས་གཏོང་བྱུང་མཚམས། ཕྲན་གྱིས་ཁོང་ལ་རོགས་འདེགས་ཀྱིས་རང་སྐྱོན་ངོས་བཞེས་ཐོག་འགག་ནས་ཐར་ཐབས་བྱ་ཆོག་པ་དང༌། གང་མགྱོགས་ཁོང་གི་ཕྱག་ལས་སླར་ཡང་མགོ་འཛུགས་གནང་ཐབས་བྱས་ཆོག་ཞེས་ཁས་མཆེ་བ་ཡིན། བློ་ཕམ་པ་ཞིག་ལ། སྐབས་དེར་མི་བཞིའི་ཤོག་ཁག་གི་ཐད་གཅོད་འོག ཀྲུའུ་སྲིད་བློན་གྱི་དགོངས་གཞི་དེ་བཞིན་མངོན་གྱུར་མ་ཐུབ་སྟབས་ད་དུང་ཡང་ང་དེར་བློ་འགྱོད་ཆེན་པོ་འདུག ཏང་གི་སྐབས་གཅུ་གཅིག་པའི་ཚོགས་ཆེན་ཐེངས་བཞི་བའི་ཚུན་ནས་སློབ་དཔོན་ཚང་གི་མཚན་གནས་སླར་གསོ་གནང་བ་དང་འབྲེལ། ངེད་ཅག་གིས་བོད་ལྗོངས་གསར་བ་འཛུགས་སྐྲུན་བྱ་ཆེད་ཕན་ཚུན་མཐུན་འགྱུར་མཉམ་ལས་བྱེད་མུས་ཡིན་ཅེས་བརྗོད་ཡོད། གོང་གི་ང་ཕོད་ཀྱི་སྐད་ཆ་འདི་ནི་ ༡༩༨༩ ལོའི་ཟླ་ ༢ ཚེས་ ༡༤ མི་དམངས་ཉིན་རེའི་ཚགས་པར་ཐོག་བཀོད་ཡོད། ཡང་གོང་གསལ་ང་ཕོད་རང་གི་སྐད་ཆའི་བབ་ལ་བརྟག་ནའང༌། རིག་གསར་སྐབས་སུ་མཐོ་པཎ་ཆེན་ནས་དམའ་མང་ཚོགས་བར་ཐར་ལམ་མེད་པ་གསལ་བོར་མཐོང་ཐུབ་པ་ཞིག་རེད། དེ་བས་རིག་གསར་སྐབས་ང་ཕོད་པར་ལོགས་སུ་གུ་ཡངས་བྱུང་བ་ནི་གཅིག་ནས་བོད་སྡེ་བ་གཞུང་གི་ཆབ་སྲིད་འཐབ་རྩོད་ཀྱི་སྒྱུ་རྩལ་དེ་བཞིན་རྒྱ་ནག་གི་སྲོལ་རྒྱུན་གྱི་ཆབ་སྲིད་འཐབ་རྩོལ་ལས་རྣམ་པར་རྒྱལ་བ་ཞིག་རེད་དམ། ཡང་ན་ལྐོག་གཡོ་ངན་བྱུས་འབའ་ཞིག་ལམ་ལྷོང་བྱུང་ནས་ང་ཕོད་པ་ཉ་མོ་རྒྱ་ལས་ཤོར་བ་རེད། འཇིག་རྟེན་གྱི་མི་རྣམས་ལ་ལོ་རྒྱུས་ཀྱིས་ཇི་ལྟར་འགྲེལ་བཤད་བརྒྱག་རྩིས་ཡོད་དམ།

  ང་ཕོད་པ་འདི། ཇི་ཡང་ཕོད་པའི་བུ་རབས་ཤིག་རེད་དམ། མགོ་ཆགས་རྩེས་མཁན་སྔ་བ་རེད།

༡༩༥༠ ལོའི་ཟླ་ ༨ ཚེས་ ༢༠ ཉིན་ལྷ་ཀླུ་ཚེ་དབང་རྡོ་རྗེའི་ཚབ་ལ་ང་ཕོད་ངག་དབང་འཇིགས་མེད་མདོ་སྤྱིར་བསྐོ་བཞག་བྱས་པ་ལྟར། ཆབ་མདོའི་མདོ་སྤྱིའི་ཤག་གི་ལས་དོན་རྩིས་བླངས་གྲུབ། ཟླ་༨ ཚེས་༢༨ ཉིན་དགེ་སྟག་སྤྲུལ་སྐུ་གློ་བུར་དུ་རྐྱེན་འདས་སུ་ཕྱིན་པ་དང༌། ལྷ་ཀླུའི་མི་ཚེ་དྲན་ཐོའི་ནང་དགེ་སྟག་འདས་རྐྱེན་དངོས་ནི་ཁོང་གི་ཞབས་ཞུ་མི་སྣར་འབྲེལ་བ་འདུག་ཅེས་འཁོད་འདུག ཡང་དགེ་སྟག་རྐྱེན་འདས་སུ་ཕྱིན་པའི་ཉིན་མ་དེ་རང་ལ་ང་ཕོད་ཀྱིས་ལྷ་སའི་སྡེ་བ་གཞུང་ལ་ཤོར་བའི་ས་རྣམས་ཕྱིར་ལེན་རྒྱུའི་ནུས་པ་མི་འདུག་ཅེས་ཏར་བཏང་འདུག ཟླ་ ༩ ཚེས་ ༦ ཉིན་རྒྱ་དཔོན་ཀྲང་ཀོ་ཧྭ་ཡི་དམར་དམག་སྡེ་ཁག་ ༡༨ པས་དཀར་མཛེས་ས་ཁུལ་བཙན་བཟུང་བྱས། ཡང་ཟླ་ ༡༠ ཚེས་ ༦ ནས་བཟུང་ཆབ་མདོའི་དམག་འཁྲུག་དངོས་སུ་འགོ་བཙུགས་ཤིང༌། བོད་སྡེ་བ་གཞུང་གིས་འབྲི་ཆུའི་ཚུར་རྒྱབ་སྲུང་རྒྱུའི་ས་མཚམས་ཀྱང་རྦད་དེ་ཤོར། ཆབ་མདོའི་དམག་འཐབ་ཟླ་ ༡༠ ཚེས་ ༢༤ ཉིན་མཇུག་སྒྲིལ་བ་དང༌། བསྡོམས་པའི་ཉིན་ ༡༦ ལ་དམག་འཐབ་བྱས་ཤིང༌། སྔ་རྗེས་སུ་དམར་འཛིང་ཐེངས་ ༢༠ བྱས་པ་དང༌། བོད་དམག་ཁྱོམ་བསྡོམས་ ༥༧༠༠ ཐམ་པའི་གཅེས་སྲོག་བོད་རྒྱལ་ཁབ་ཆེད་དུ་ཕུལ་འདུག སྐབས་དེར་བོད་དམག་མདའ་ཤོག་ ༡༦ བར་འཕར་སྣོན་བྱས་ཡོད་པའི་ནང་མདའ་ཤོག་ ༥ ཡི་དམག་དམངས་ཚང་མ་རྩ་རྫོགས་བྱས་པ་དང༌། མདའ་ཤོག་ ༣ ཀྱི་ཕྱེད་ཀ་ལྷག་ཤི་རྨས་བཏང་། མདའ་ཤོག་གཅིག་གིས་རྒྱ་དམག་ལ་མགོ་འདེགས་མི་ཞུ་ཀ་མེད་ཆགས། དེའི་ནང་དབྱིན་ཇི་བ་ཏར་གཏོང་མཁན་ ཧྥོའུ་ཐི་དང་རྒྱ་གར་གྱི་མི་གཉིས་བཅས་ཡོད་ལ། སྐབས་དེར་བཟུང་དམག་ཁྲོད་མདའ་དཔོན་ཡན་གྱི་དཔོན་རིགས་ཉི་ཤུ་ཡོད། དེ་བས་བོད་ཕྱོགས་ཀྱི་གཙོ་ཤུགས་དམག་དཔུང་རྩ་མེད་ཕྱིན་པར་བཤད་ཆོག དེའི་དབང་གིས་མདོ་སྤྱི་ང་ཕོད་པ་ཡང་ཅི་ཡང་ཕོད་པའི་བུ་རབས་ཤིག་རེད་དམ། ཡང་ན་ཆགས་སྒོ་ཉོ་མཁན་སྔ་བ་རེད་ཟེར་བའི་གླེང་གཞི་འདི་ཕྱི་རབས་པ་ལ་དཔྱད་གཞིར་བཞག
 
གཞི་རྩས་དེ་སྔོན་གྱི་ ༡༩༤༩ ལོ་སྟོད་ལ་ཨ་རིས་བོད་ལ་ཐད་ཀར་རོགས་སྐྱོར་བྱ་རྒྱུའི་རེ་བ་མེད་པར་གྱུར་ཡོད། དཔེར་ན། སྐབས་དེར་ལྡི་ལིར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་ཧན་ཌིར་སོང་ (Loy W.Henderson) གིས་ཨ་རིའི་གཞུང་ལ་བོད་དོན་ཐད་ཞུ་སྐུལ་གནང་ནས། ཁོང་གིས་ང་ཚོས་གོ་མིན་ཏང་དང་མཐུན་ཐབས་བྱས་ཀྱང༌། རྒྱ་ནག་ཧྲིལ་བོ་ལག་ནས་འཆོར་ཉེན་འདུག་པས་ན། ཨ་རིའི་གཞུང་གིས་བོད་དང་ཨ་རིའི་འབྲེལ་བར་བསྐྱར་བསྒྲིགས་ཀྱིས་བོད་རང་བཙན་ཁས་ལེན་བྱེད་རྒྱུའི་དུས་སུ་སླེབས་འདུག་པར་ཞུས་ཀྱང༌། ཨ་རའི་གཞུང་གིས་ཨ་བོད་འབྲེལ་བའི་ཐོག་ཞིབ་གྲོས་བྱས་མཐར་རྒྱང་ཤར་ཁྲིམས་འཛིན་ (Far East Division) དཔོན་ རུའུ་ཏི་ བྷ་ཁན་ (Ruth Bacan) གྱི་བསམ་ཚུལ་ལ་དང་ལེན་བྱས་པ་རེད། ཁོ་མོས་ཨ་རིའི་གཞུང་ལ་བོད་དོན་ཐད་བཏོན་པའི་གྲོས་འཆར་ནི། གཅིག ཨ་རིས་བོད་ཐོག་ལ་འཛིན་པའི་སྲིད་བྱུས་ནི་བོད་དང་ཨ་རིའི་འབྲེལ་བར་ཐུག་པར་མ་ཟད། ཨ་རི་དང་རྒྱ་ནག་གོ་མན་ཏང་གཞུང་བར་གྱི་འབྲེལ་བར་ཡང་ཐུག་ཡོད། གཉིས། བོད་ཀྱི་ས་བབ་རྩུབ་ཁར་བོད་སྲིད་གཞུང་དང་སྤྱི་ཚོགས་ནི་གཏུམ་སྤྱོད་རྗེས་ལུས་ཡིན་པ། གསུམ། ཨ་རིའི་དམག་དོན་དང་རྒྱུ་དངོས་འབོར་ཆེན་མ་བཏང་བར་བོད་གཞུང་ལ་བྱེད་ནུས་གང་ཡང་མེད་མོད། ཨ་རིས་བོད་ལ་རོགས་སྐྱོར་བྱེད་པ་ལ་ངེས་པར་དུ་རྒྱ་གར་གྱི་མཉམ་ལས་དགོས་ཤིང༌། རྒྱ་གར་ལ་མཉམ་ལས་མ་བྱས་པར་ཨ་རིས་བོད་ནང་དམག་ཆོས་དབོར་འདྲེན་བྱ་རྒྱུ་དཀའ་ལས་ཁག་པོ་རེད། དེ་ལས་ཨ་རིས་བོད་ཐོག་སྲིད་བྱུས་འཛིན་སྟངས་འཚམ་ཤོས་ནི་གནས་སྐབས་ཨ་རི་དང་བོད་ཀྱི་འབྲེལ་བ་ནི་མཛའ་གྲོགས་ཙམ་ཀྱི་ངོ་བོར་འཇོག་རྒྱུ་དང༌། རྒྱ་ནག་གི་འགྱུར་ལྡོག་ལ་གཞིགས་ཏེ་སྐབས་བསྟུན་བྱེད་ཐབས་འཛིན་དགོས་ཁར། བོད་ནང་དམར་པོས་ཐད་ཀར་དབང་བསྒྱུར་བྱ་རྒྱུ་འགོག་གང་ཐུབ་དང༌། བོད་རང་བཙན་ཐད་བསམ་བློ་གཏོང་སྐབས་སྒྲུབ་བྱེད་ཚད་འཕེར་ཞིག་དང༌། ཁྲིམས་ཀྱི་གཞི་འཛིན་ས་ཡོད་པའི་ལམ་ཁ་བརྟན་པོ་ཞིག་འཚོལ་དགོས་ཞེས་བརྗོད་པར་བརྟེན་༢༽ཨ་རིའི་གཞུང་གིས་ཁོང་མོའི་བསམ་ཚུལ་འདི་གཙོར་བཟུང་གིས་བོད་རང་བཙན་ལ་ཐད་ཀར་རྒྱབ་སྐྱོར་མ་བྱས་ཁར། བོད་ནང་རོགས་སྐྱོར་བྱ་རྒྱུར་ཡང་རྒྱ་གར་ལ་ཁག་དཀྲིས་ནས་ནར་འགྱངས་བྱས་འདུག

  ༡༩༤༩ ལོའི་ཟླ་ ༡ ཚེས་ ༡༤ ཉིན་ སི་ཏ་ལེན་གྱིས་མའོ་ལ་ཏར་བཏང་ནས། ང་ཚོས་ཁྱོད་གནས་སྐབས་རིང་མོ་སུ་ཁོ་ལ་གཟིགས་སྐོར་གནང་རྒྱུ་དེ་རེ་ཞིག་ངང་སྒུག་བྱ་རྒྱུའི་འདོད་ཚུལ་བཟུང་ཡོད། དེང་སྐབས་ད་དུང་ཉིད་རྒྱ་ནག་དང་ཁ་བྲལ་མི་རུང་བའི་སྐབས་རེད་ལ། གལ་སྲིད་ཁྱོད་ལ་འདོད་མོས་ཡོད་ན་ང་ཚོས་དབུས་ཆབ་སྲིད་ལྷན་ཚོགས་ཀྱི་རྒྱུན་ལས་གོ་ཆོད་ཅིག་མངགས་གཏོང་གིས། རྒྱ་ནག་གི་ཧྭ་འེར་པེན་ནམ་ཡང་ན་ས་ཁུལ་གཞན་ཞིག་ནས་ཉིད་དང་ཐུག་འཕྲད་ཀྱིས་ང་ཚོའི་ཐུན་མོང་གི་མངོན་འདོད་ཀྱི་བརྗོད་གཞིའི་ཐོག་བཀའ་མོལ་གནང་ཆོག་་ཅེས་བཀོད་ཡོད། ཡང་ཟླ་ ༩ ཚེས་ ༢༢ ཉིན་ལ་བོད་གཞུང་ཕྱི་སྲིད་ལྷན་ཁང་གིས་མའོ་ལ་འཕྲིན་བཏང་བ་དང༌། ཡི་གེ་དེའི་ནང་། བོད་ཀྱི་ས་སྡེ་འགའ་ཞིག་ཉེ་བའི་ལོ་ཤས་ནང་རྒྱ་གཞུང་གིས་འཕྲོག་ཡོད་སྟབས། རྒྱ་ནག་ནང་ལོགས་ཀྱི་གནས་སྟངས་ཞོལ་འཇགས་བྱུང་མཚམས། ང་ཚོས་གྲོས་མོལ་བརྒྱུད་ནས་སེལ་ཐུབ་པའི་རེ་བ་ཡོད་ཅེས་བཀོད་འདུག

༡༩༥༠ ལོའི་ཟླ་ ༡ ཚེས་ ༢ ཉིན་མའོ་ཙེ་ཏུང་མོ་སུ་ཁོ་ལ་ཕྱིན་ནས་སི་ཏ་ལེན་དང་གྲོས་མོལ་བྱས་མཐར། ཁོས་བོད་ནང་གང་མགྱོགས་རྒྱ་དམག་དཔུང་བསྐྱོད་བྱ་དགོས་པའི་གློག་ཏར་དམག་སྤྱི་ཕིན་ཏི་ཧེ་ལ་བཏང་འདུག ཏར་འཕྲིན་ནང་། བོད་ལ་མི་གྲངས་ཉུང་ཉུང་ལས་མེད་ཀྱང་རྒྱལ་སྤྱིའི་ས་བབ་ཆ་ནས་གལ་ཆེན་པོ་ཡིན་སྟབས། ང་ཚོས་ངེས་པར་དུ་བོད་འཛིན་ཐབས་བྱ་དགོས་པར་མ་ཟད། བོད་ལ་མི་དམངས་དམངས་གཙོའི་བཅོས་བསྒྱུར་དགོས་ལུགས་ཀྱང་བཀོད་ཡོད།

  ང་ཚོས་གོང་གསལ་གནས་ཚུལ་ལས་མ་རྩ་རིང་ལུགས་དང་དམར་ཤོག་རིང་ལུགས་ཀྱི་སྟོབས་ཤུགས་འགྲན་རྩོད་འོག་བོད་དོན་ཟེགས་པ་མཐོང་ཐུབ་ལ། དེ་བཞིན་འདྲ་མཉམ་བྱུང་མེད་པའི་གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་སྐབས་ཨུ་རུ་སུའི་ཤུགས་རྐྱེན་ངེས་ཅན་ཡོད་པའང་ངང་གིས་མཐོང་ཐུབ། རྒྱུ་མཚན་ནི་རྒྱ་དམར་གཞུང་གིས་བོད་ནང་དཔུང་འཇུག་བྱ་རྒྱུ་དེ་ནི་མའོ་ཙེ་ཏུང་མོ་སུ་ཁོར་ཕྱིན་ནས་སི་ཏ་ལེན་དང་ལྷན་ཏུ་རྒྱལ་སྤྱིའི་དམར་ཤོག་རྒྱ་བསྐྱེད་ཀྱི་ངན་འཆར་ལྐོག་གྲོས་གྲུབ་རྗེས་གཞི་ནས་ཐག་གཅོད་བྱས་པ་ཞིག་རེད། དེའི་རྐྱེན་གྱིས་བོད་ཀྱང་རྒྱ་ནག་མི་དམངས་དང་མཉམ་པོར་སྡུག་བསྔལ་ལ་ཕ་མཐའ་མེད་པའི་དམར་པོའི་གནོད་འཚེ་འོག་ཟེགས་པ་རེད། ཡང་གཅིག་བཤད་ན། རྒྱ་ནག་ནང་མུག་ཡམས་ཁྱབ་སྐབས་རྒྱ་མི་དཀྱུས་མ་ཚོ་ཨ་མདོ་མཚོ་སྔོན་ལ་ཡོང་ནས་༼སྲོག་སྐྱོབ་ཙོང་ཉ་༽འགའ་འཛིན་རྒྱུ་བྱུང་བ་ལས། ཡར་ལྷ་སར་ཕྱིན་ནས་ཁོ་ཚོར་ཅི་གང་རག་མེད། འོན་ཀྱང༌། གཞུང་གི་བཀོད་སྒྲིག་འོག་བོད་ནས་གཏེར་ཁ་སྔོག་པ་དང༌། དབྱར་རྩྭ་དགུན་འབུ་འཐུ་པ། རི་སྐྱེས་སྲོག་ཆགས་བསད་པ་སོགས་ཚང་མ་དམར་ཤོག་དབང་བསྒྱུར་གྲལ་རིམ་ཀྱི་ཨམ་ཕྲག་ནང་བཅུག་ཚར་བ་ལས། དེ་ནི་མི་དམངས་དཀྱུས་མར་ཕན་པ་ཞིག་ཡེ་ནས་མིན། དེ་བས་རྒྱ་གཞུང་གིས་བོད་ནང་དཔུང་འཇུག་བྱས་པ་ནི་བདག་དབང་སླར་གསོའི་ཆེད་དུ་མིན་པར་མ་ཟད་རྒྱ་རིགས་མང་ཚོགས་ཀྱི་ལྟོ་རྒྱབ་ཆེད་དུའང་མ་ཡིན་པར། རྒྱལ་སྤྱིའི་དམར་ཤོག་རྩ་འཛུགས་ཀྱི་རྒྱ་བསྐྱེད་ཁོ་ནར་དམིགས་པ་གསལ་བོ་རེད། ཡང་སྐབས་ཤིག་ནས་སྤུན་ཟླ་རྒན་གཞོན་ཏུ་བཤད་པའི་རུ་སུ་དང་རྒྱ་ནག་གཉིས་ཀྱི་ངོ་གདོང་འགྱུར་བ་ནས་བཟུང༌། སྐབས་དེར་རུ་སུ་སྲིད་འཛིན་ཎེ་ཁེ་ཌ་ ཁར་སུ་ཆེ་ཝ་ (Nikita Krus-chev) ཡིས་ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་ཚོར་གླེང་མོལ་བྱེད་སྐབས། ཁོང་གིས་ལོ་རྒྱུས་ཐོག་རྒྱ་ནག་གི་རྒྱ་སྐྱེད་ཧམ་སེམས་རུ་སུའི་རྫར་རྒྱལ་རབས་ལས་སྡུག་མིན་ན་ཡག་ག་ལ་ཡིན། རྒྱ་ནག་གི་དབང་བསྒྱུར་བ་ཚོས་ཤར་ཏུར་ཀི་སི་ཐན་དང་བོད། སོག་པོ་བཅས་བཙན་བཟུང་བྱས་པ་རེད། དེ་ལས་རུ་སུའི་མངའ་ཁོངས་ནི་ལོ་རྒྱུས་ཐོག་ནས་གྲུབ་བསྡད་པ་ཞིག་རེད་ཅེས་ཀྱང་བརྗོད་འདུག སླར་ཡང་འདི་ནས་གསལ་འདེབས་བྱ་དགོས་པ་ཞིག་ལ། བོད་རྒྱའི་བར་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་ནི། བདག་དབང་ངམ་རང་ཁོངས་ཤིག་སླར་གསོ་བྱ་མིན་ཆེད་བཞག་པ་ཞིག་མ་ཡིན་པར། རིང་ལུགས་ཤིག་རྒྱ་སྐྱེད་ཆེད་བཞག་པ་རེད།
 
སྤྱི་ཁོག་བསྐྱར་གླེང་ཤིག་བྱས་ན།

ང་ཕོད་ངག་དབང་འཇིགས་མེད་ལགས་ཀྱིས་མི་ཚེ་བྲོ་བ་མངར་སྐྱུར་ཆ་ཚང་མྱངས་མཐར། ཚེ་ལོ་ནམ་ཚད་རྫོགས་ནས་འཇིག་རྟེན་འདི་དང་གཏན་དུ་གྱེས་སོང་ལ། ཁོང་ཉིད་ཀྱི་མི་ཚེ་བརྒྱུད་ལམ་དེ་བཞིན་བོད་ཀྱི་ལོ་རྒྱུས་ཐོག་ཀྱ་ཀྱོག་ཤིན་ཏུ་ཆེ་བའི་དུས་ཤིག་ཡིན་པའང་གོར་མ་ཆགས། དེ་ལྟར་ཁོང་གིས་ཕྱི་རབས་པར་དོགས་གཞི་དང་ཕངས་སེམས་ཤིག་བཞག་ནས་བཞུད་སོང་ལ། ཡང་གཅིག་བཤད་ན་ཕྱི་རབས་པར་རྣམ་དཔྱོད་དང་སྤྲོ་སེམས་བཞག་ཡོད་ཀྱང་སྲིད། འདི་ནས་ང་ཚོ་ཚང་མས་ཤི་བོར་བསྔོ་སྨོན་འདེབས་ཞོར་གསོན་པོར་འཚོ་མཁན་ཚོས་གཤིན་པོའི་ཤུལ་བཞག་ཇི་ལྟར་རྣམ་དཔྱོད་ཀྱིས་འཚོལ་དགོས་སམ།

མཆན། རྩོམ་ཡིག་འདི་ལྷ་སྡེ་གནམ་ལོ་ཡག་གིས་མི་དབང་ང་ཕོད་སྐུ་གཤེགས་པའི་ཕྱི་ཉིན་སྟེ། ཕྱི་ཟླ་ ༡༢ ཚེས་ ༢༤ ཉིན་ (boxon)www.peacehall.com དྲ་རྒྱའི་སྟེང་བཀོད་འདུག་པ་ཚེ་དཔལ་གྱིས་བསྡུས་བསྒྱུར་བྱས་ཤིང་། འགྱུར་མི་གོ་བ་དང་དོགས་པ་བྱུང་ཚེ་རྒྱ་ཡིག་གི་མ་རྩོམ་ལ་གཟིགས་རོགས།

༡༽FRUS,1951,VI,China Area,china in India(steere)to the Secretary State,pp.1687-1690
༢༽FRUS,1949,IX, State of Tibet, Memorandum of the Ambassader in India(Henderson) to the Secretary of State,pp.1066-1067

འབྲེལ་ཡོད་གསར་འགྱུར།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༡༤ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༡༥ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡

མཆན། 2

  1. འོས་ལངས། says:
    ལོ་ 17 སྔོན།

    ང་ཕོད་ངར་ནས་བཞུད་ཐལ།།
    ནག་ཐིག་ལོ་རྒྱུས་བཞག་སོང་།།
    མི་རྒན་ཚེ་ཐག་རིང་ཡང་།།
    གཏམ་ངན་ཚེ་ལས་རིང་ཐལ།།

    ང་ཕོད་གླེང་དོན་མི་འདུག །
    ང་ཕོད་ཕྱི་མར་བཞུད་ཐལ།།
    བཟང་ངན་ཅི་ཞིག་བྱུང་ཡང་།།
    ད་ནི་བཅོས་ཐབས་ཨེ་ཡོད།།

    ང་ཕོད་ངར་ནས་ཡོང་ཐལ།།
    ཆབ་མདོ་བསྐྱལ་ནས་བྲོས་ཐལ།།
    བོད་དབུས་བཙོངས་ནས་ཕྱིན་ཐལ།།
    རྒྱ་དོན་བསྒྲུབས་ནས་བཞུགས་ཐལ།།

    Reply
  2. ཆུ་ཐིགས་སྔོན་མོ། says:
    ལོ་ 17 སྔོན།

    བཟང་ངན་ཅི་བཤད་ཀྱང་འུ་ཚང་མི་རྒྱུད་རེད། ཕྱོགས་གཅིག་ནས་བལྟས་ན་ང་ཕོད་ཀྱི་འགྲོ་སྟངས་ཀྱང་འཆུག་མེད་ན་ཐང་། ཕྱོགས་གཅིག་ནས་བལྟས་ན་ཡོད་ཚད་ང་ཕོད་ཀྱི་ལག་ནས་བརླགས་སོང་བ་ལྟ་བུ་མཐོང་སྲིད་པ་རེད། གང་ལྟར་འུ་ཚང་ལ་རྒྱུ་རྐྱེན་མང་པོ་ཞིག་འཕྲད་ནས་བྱུང་བ་ལས་ང་ཕོད་གཅིག་པུས་བྱས་འབྲས་མིན་པ་ཀུན་གྱིས་ཤེས་གསལ་རེད། དེར་བརྟེན་བོད་མི་རྒན་རབ་ཅིག་སྐུ་འདས་པར་མྱ་ངན་ཞིག་བྱེད་ལོས་འོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese