མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡངས་གླིང་རྡོ་རྗེ་གླེང་བ། ལུང་རིགས་རྒྱལ་གྱིས།

བོད་ཀྱི་དུས་བབ།
༢༠༡༠/༠༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

 

བོད་རིགས་དམར་ཤོག་པ་ཞིག་གིས་ཏང་ལ་སྡིགས་པ།

 

ཉིས་སྟོང་བརྒྱད་ལོའི་ཞི་བའི་ངོ་རྒོལ་བྱུང་བ་ནས་བཟུང་། བོད་ཕྱི་ནང་གཉིས་ཀར་བོད་ནང་གི་བོད་རིགས་དབུ་ཁྲིད་དག་གིས་རང་རང་གི་འཚོ་དོད་དོན་དུ་ཏང་དང་རྒྱལ་ཁབ་ཀྱི་ངོར་བལྟས་ནས་མི་འདུག་པར། བོད་མི་རིགས་ཀྱི་སྐྱིད་སྡུག་ལ་འགན་འཁུར་དགོས་པའི་བསམ་ཚུལ་སྔར་ལས་ཀྱང་ཤུགས་ཆེར་བྱུང་ཡོད་ལ། དེའི་ཐད་རྩོམ་ཡིག་འབྲི་མཁན་ཡང་བྱུང་།

བདུན་ཕྲག་གསུམ་གྱི་ཡར་སྔོན་ལ་བོད་རིགས་དམར་ཤོག་རྒན་རབས་པ་ཞིག་གིས་རྒྱ་ནག་གཞུང་གིས་བོད་ལ་བཟུང་བའི་སྲིད་བྱུས་ལ་ནོར་འཁྲུལ་ཤོར་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ས་ཁུལ་དུ་ཁ་བྲལ་གསུམ་གྱི་སྲིད་བྱུས་ལག་བསྟར་བྱེད་ཀྱིན་ཡོད་སྐོར་མངོན་གསལ་གྱིས་སྐྱོན་བརྗོད་བྱས་ཡོད།

གོང་གི་བོད་རིགས་དམར་ཤོག་རྒན་རབས་པ་དེ་ནི་སྐུ་ཞབས་ཡངས་གླིང་རྡོ་རྗེ་རེད། ཁོང་གིས་ཉིན་ཤས་སྔོན་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་པའི་ཚིག་དོན་རྣམས་མ་གླེང་བའི་སྔོན་ལ། ཁོང་གི་མི་ཚེའི་ལོ་རྒྱུས་དང་རྒྱབ་ལྗོངས་བཅས་མདོར་ཙམ་གླེང་རྒྱུ་ཡང་གལ་ཆེན་པོ་རེད་འདོད།

སྐུ་ཞབས་ཡངས་གླིང་རྡོ་རྗེ་ལགས་ནི་ ༡༩༣༡ ལོར་ཁམས་འབའ་ཐང་ནས་སྐྱེས་ཤིང་། ཀྲུང་གོ་གསར་པ་དབུ་བརྙེས་པའི་ལོ་སྟེ། ༡༩༤༩ ལོར་ཁོང་ཉིད་དགུང་ལོ་ ༡༨ ལ་སོན་སྐབས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་དུ་ཞུགས། ༡༩༨༠ གྱ་གྲངས་ཀྱི་ནང་དུ་ཁོང་དམར་ཤོག་ཚོགས་པ་དང་སྲིད་གཞུང་གི་མཐོ་རིམ་མགོ་ཁྲིད་ཀྱི་གྲས་སུ་བསླེབས། ཡིན་ཡང་འདི་དག་གིས་ཁོང་ལ་མཚམས་རེར་གཞུང་གི་སྲིད་བྱུས་ཀྱི་ལམ་ལུགས་མི་འགྲིག་པའི་སྐོར་ལ་སྐྱོན་བརྗོད་བྱེད་པའི་གཤིས་ཀ་དེར་འགྱུར་བ་གཏོང་ཐུབ་མེད། དཔེ་མཚོན་ཙམ་ཞུས་ན། སྔོན་མ་ཁོང་སི་ཁྲོན་ནས་ཕྱིར་རྒྱ་ནག་ཏུ་ལས་གནས་མ་བསྒྱུར་བའི་སྔོན་ལ་ཁོང་གིས། ཀྲུང་དབྱང་གིས་བོད་རིགས་བྱིས་པ་ཚོའི་ཤེས་ཡོན་སློབ་གསོའི་སྟེང་རོགས་སྐྱོར་མ་དངུལ་གང་འཚམ་ཞིག་བཏང་བ་དེ་དག་རྒྱ་ནག་གཞུང་གི་ལས་བྱེད་ཚོས་ལྐོག་ནས་ཁོང་ཚོའི་བྱིས་པ་ཚོའི་མདུན་ལམ་ཆེད་དུ་བཏང་བའི་ཐད་སྐྱོན་བརྗོད་ཤུགས་ཆེར་བྱས་འདུག

ཡངས་གླིང་རྡོ་རྗེ་ལགས་ཀྱིས་ཁོང་གི་མི་ཚེའི་བྱ་གཞག་གི་དུས་ཡུན་རིང་ཤོས་དེ་སི་ཁྲོན་ཏུ་བསྐྱལ་ཡོད། ཐོག་མར་དམར་ཤོག་གུང་གཞོན་ཚོགས་པའི་མགོ་ཁྲིད་དང་། དེ་རྗེས་སྡེ་དགེ་རྫོང་དང་རྔ་པ་ཁུལ་གྱི་དམར་ཤོག་ཚོགས་པའི་ཚོགས་མི་གནང་ཞིང་། མཐའ་མར་སི་ཁྲོན་ཞིང་ཆེན་གྱི་སྲིད་སྐྱོང་བ་གཞོན་པའི་གོ་གནས་སུ་བསླེབས། ༡༩༨༠ ལོ་ནས་ ༡༩༨༦ ལོའི་བར་ཁོང་ཉིད་གོང་གི་གོ་གནས་རང་འཇགས་ཐོག་བོད་རང་སྐྱོང་ལྗོངས་ཀྱི་སྲིད་སྐྱོང་བ་གཞོན་པའི་ཕྱག་ལས་གནང་བ་དང་། དེའི་རྗེས་སུ་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་དང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བཅས་ཀྱི་གོ་གནས་སུ་བསླེབས། ཕྱིར་སི་ཁྲོན་དུ་ཕེབས་པ་ནས་བཟུང་ཁོང་གིས་སི་ཁྲོན་ཞིང་ཆེན་གྱི་སྲིད་གྲོས་དང་དབུས་དམར་ཤོག་ཚོགས་པའི་ཚོགས་མི་སོགས་གོ་གནས་མཐོ་ས་དག་ཏུ་ཕྱག་ལས་གནང་ལ། ཁོང་གི་ཕྱག་ལས་ཕལ་ཆེ་བ་རིག་གཞུང་གི་ཕྱོགས་ཡིན་འདུག

ཟླ་སྔོན་མའི་ཚེས་ ༡༩ ཉིན་ཁོང་གིས་ཁྲིན་ཏུའུ་རུ་སི་ཁྲོན་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཚོགས་པའི་བོད་དོན་གྲོས་མོལ་ཚོགས་འདུ་ཐེངས་ ༦ པའི་ཚོགས་འདུའི་གཙོ་སྐྱོང་གནང་ལ། ཚོགས་ཆེན་དེའི་སྟེང་བོད་ཀྱི་ས་ཁུལ་གང་ས་ནས་ཕེབས་པའི་བོད་རིག་པའི་མཁས་པ་དང་ཉམས་ཞིབ་པ་མི་ ༡༢༠ འཛོམས་ཡོད་ཅིང་། ཡང་གླིང་རྡོ་རྗེ་ལགས་ཀྱི་གཏམ་བཤད་ཀྱི་བརྗོད་གཞི་ནི། ༼རྒྱ་ནག་གཞུང་གིས་མི་རིགས་དང་ཆོས་ལུགས་ལས་དོན་ཐད་བཟུང་བའི་སྲིད་བྱུས་༽ཞེས་པ་ཡིན་འདུག

གཏམ་བཤད་དེའི་ཐོག་ཁོང་གིས་ ༡༩༧༩ ལོ་དང་ ༡༩༨༩ ལོ། ༢༠༠༩ ལོ་བཅས་ལ་སི་ཁྲོན་ཁོངས་གཏོགས་ཀྱི་བོད་རིགས་ས་ཁུལ་དག་ལ་བྱུང་བའི་དོན་རྐྱེན་དག་གི་ཐད་ཁོ་རང་ཉིད་ཀྱི་བསམ་ཚུལ་ཅི་ཡིན་བཤད་འདུག ཁོང་གིས་བཤད་དོན། རིག་གནས་གསར་བརྗེའི་སྐབས་ང་ཚོར་གསབ་ཐབས་མེད་པའི་གཏོར་སྐྱོན་ཞིག་བྱུང་ཡོད་སྟབས་ ༡༩༧༩ ལོར་ངས་རྒྱ་ནག་གིས་མི་རིགས་དང་ཆོས་ལུགས་ལ་བཟུང་བའི་སྲིད་བྱུས་ཀྱི་གནད་དོན་སྐོར་གླེང་བ་ཡིན། ༡༩༨༩ ལོར་རྒྱ་ནག་དབུས་གཞུང་གིས་སི་ཁྲོན་ས་ཁུལ་གྱི་བོད་རིགས་མི་དམངས་ཀྱིས་ངོ་ལོག་ཟིང་འཁྲུག་བསླངས་ཚུལ་གྱི་སྐྱོན་འཛུགས་བྱས་པ་རེད། སྐབས་དེའི་རྒྱ་ནག་གི་སྲིད་འཛིན་ཡང་ཧྲན་ཁུན་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་གཏམ་བཤད་ཅིག་ཀྱང་གནང་སོང་། ངས་སི་ཁྲོན་དུ་ཡོད་པའི་བོད་རིགས་ས་ཁུལ་དག་ལ་རྟོག་ཞིབ་བྱས་སྐབས་བོད་མི་ཚོས་ངོ་ལོག་ཟིང་འཁྲུག་བསླངས་པའི་རྟགས་མཚན་ཅི་ཡང་མི་འདུག ངས་སྲིད་འཛིན་ཡང་ཧྲན་ཁུན་ལ་སྙན་ཞུ་འབུལ་སྐབས་བོད་རིགས་ས་ཁུལ་དག་ཏུ་ངོ་ལོག་ཟིང་འཁྲུག་ཅིག་མི་འདུག་ལ། ཟིང་འཁྲུག་མེད་བཞིན་དུ་གོང་རིམ་ནས་ཟིང་ཆ་ཞི་འཇགས་ཀྱི་གྲ་སྒྲིག་ཇི་ལྟར་བྱས་པ་ཡིན། རྒྱ་ནག་གི་ས་ཁུལ་གཞན་པ་དག་ནས་དྲག་པོའི་ངོ་རྒོལ་བྱས་པ་དེ་དྲག་པོའི་ངོ་རྒོལ་གྱི་རྣམ་པར་འཇོག་པ་དང་བོད་ས་ཁུལ་ལ་བསླེབས་དུས་ངོ་ལོག་ཟིང་འཁྲུག་གི་ཉེས་མིང་འགེལ་དོན་ཅི་རེད། ས་གནས་དཔོན་རིགས་འགའ་རེས་སོ་སོའི་ཁེ་ཕན་གྱི་ཆེད་དུ་སྒྲུང་བཟོ་གི་ཡོད་པ་རེད། ཡིན་ཡང་། དེས་བོད་རིགས་ཚོར་གནོད་པ་ཚབས་ཆེན་ཕོག་གི་འདུག་ཅེས་བཤད་པ་ཡིན་ཟེར།

ཡངས་གླིང་རྡོ་རྗེ་ལགས་ཀྱིས་ ༢༠༠༩ ལོའི་དོན་རྐྱེན་ཐད་བཤད་དོན། དེང་སྐབས་རྒྱ་ནག་གཞུང་གིས་༼ཁ་བྲལ་གསུམ་༽གྱི་སྲིད་བྱུས་ཁྱབ་སྤེལ་བྱེད་ཀྱིན་འདུག ཆོས་ལུགས་ཀྱིས་ཆབ་སྲིད་ལ་བྱུས་གཏོགས་མི་བྱ་རྒྱུ། ཆོས་ལུགས་ཀྱིས་སློབ་གསོར་བྱུས་གཏོགས་མི་བྱ་རྒྱུ། ཆོས་ལུགས་ཀྱིས་འཕྲོད་བསྟེན་ལ་བྱུས་གཏོགས་མི་བྱ་རྒྱུ་བཅས་རེད། གཞུང་གི་ལས་བྱེད་པ་དག་གིས་བཤད་རྒྱུར། ཆོས་ལུགས་ནི་མི་རྣམས་ཀྱི་ཆང་སའི་གནད་དོན་དང་། རྒྱལ་ཁབ་ཀྱི་ཁྲིམས། གཞུང་འཛིན་སྐྱོང་དང་འཕྲོད་བསྟེན་ལ་སོགས་ལ་བསྲེ་རྒྱུ་མི་འདུག་ཟེར། ངས་བལྟས་ན་འདི་ནི་ཚབས་ཆེ་བའི་ནོར་འཁྲུལ་ཅིག་རེད།

དང་པོ་དེར། བོད་ས་ཁུལ་གྱི་དགོན་པ་དག་ནི་རྒྱལ་ཁབ་ཀྱི་ཆོག་མཆན་ལྟར་བསྐྱར་གསོ་བྱས་པ་རེད། བོད་ཀྱི་བླ་སྤྲུལ་རྣམས་ནི་རྒྱལ་ཁབ་ཀྱི་ཆོས་ལུགས་ལས་དོན་ཅུའུ་ཡི་ཆོག་མཆན་ལྟར་ངོས་འཛིན་བྱས་པ་རེད། གྲྭ་བཙུན་རྣམས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་རེད། སྤྱི་ཚོགས་རིང་ལུགས་ནི་ཀྲུང་གོའི་སྲིད་བྱུས་རེད། དེར་བརྟེན། མི་སེར་རྣམས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལ་བྱུས་གཏོགས་མི་བྱ་རྒྱུ་དང་། ཆོས་ལུགས་ཀྱིས་ཆབ་སྲིད་ལ་བྱུས་གཏོགས་མི་བྱ་རྒྱུ་ནི་ཀྲུང་གོའི་ཆོས་ལུགས་སྲིད་བྱུས་ཀྱི་དགོངས་དོན་དང་རྒྱབ་འགལ་དུ་འགྲོ་གི་འདུག

གཉིས་པ་དེར། ཆོས་ལུགས་ཀྱིས་སློབ་གསོ་ལ་བྱུས་གཏོགས་མི་བྱ་རྒྱུ་དེ་ནི་དཀའ་རྙོག་ཡིན། ཆོས་ལུགས་ནི་མ་གཞི་ནས་སློབ་གསོའི་རིགས་ཤིག་ཡིན་ལ། དགོན་པ་དང་ལྷ་ཁང་སོགས་ནི་སློབ་གསོ་དང་རིག་གཞུང་གི་བསྟི་གནས་ཡིན་སྟབས་དེ་དག་མེད་ཚེ་སློབ་གསོ་ཡང་མེད། དགོན་པའི་ཕྱོགས་ལ་ཅི་གང་མི་ཤེས་ཤིང་ཆོས་དད་རང་དབང་གི་འོག་ན་བཀག་རྒྱ་མང་པོ་ཞིག་ཡོད་པར་བཤད་མཁན་དག་གིས་དགོན་པའི་བྱེད་སྒོ་དག་ལ་འགོག་སྡོམ་དང་དགོན་པ་རྣམས་སྟངས་འཛིན་ནན་མོའི་འོག་བཀག་ཡོད། དགོན་པ་ཁག་ཅིག་ནི་ཁ་བྲལ་རིང་ལུགས་པ་ཡིན་པའི་ངོས་འཛིན་བྱས་ཡོད། ཡིན་ཡང་འདི་ལ་དོན་སྙིང་ཅི་ཡང་མི་འདུག གལ་སྲིད་འགྲིམ་འགྲུལ་སྡེ་ཚན་གྱི་མི་ཞིག་གིས་ལྐོག་རྔན་བླངས་པ་ཡིན་ན་ང་ཚོས་ལྐོག་རྔན་ལེན་མཁན་དེར་ཉེས་ཆད་གཅོད་དགོས་པ་ལས། སྡེ་ཚན་དེ་ཡོངས་རྫོགས་ནག་ཅན་ཏུ་ཇི་ལྟར་བསྒྱུར་དགོས། ང་ཚོས་མི་རིགས་དབྱེ་འབྱེད་ཀྱི་ལྟ་བ་ཆུང་དུ་བཏང་ཞིང་། ཚང་མ་འདྲ་མཉམ་ཡིན་པའི་བསམ་བློ་དེ་བསྐྲུན་དགོས་པ་རེད།

གསུམ་པ་ནི། ཆོས་ལུགས་ཀྱིས་འཕྲོད་བསྟེན་ལ་བྱུས་གཏོགས་མི་བྱེད་པ་དེ་རེད། གལ་སྲིད་དགེ་འདུན་པ་ཞིག་ལ་ན་ཚ་བྱུང་བ་ཡིན་ན་ཁོང་ལ་བོད་མིའི་སྲོལ་རྒྱུན་གྱི་སྨན་དགོས་པ་བརྗོད་མ་དགོས་པ་རེད། བོད་ཀྱི་གསོ་རིག་ནི་བོད་མིའི་སྲོལ་རྒྱུན་རིག་གནས་རེད། བོད་སྨན་དང་རྒྱ་སྨན་མཉམ་འབྲེལ་བྱེད་པ་ནི་རྒྱ་སྨན་དང་ཕྱི་ལུགས་ཀྱི་སྨན་མཉམ་སྡེབ་བྱེད་པ་དང་གཅིག་པ་ཡིན། དགེ་འདུན་པ་ཞིག་ལ་ན་ཚ་ཕོག་སྐབས་སྨན་པ་ལ་མི་སྟོན་ཐབས་མེད་ཡིན་ལ། བོད་ཀྱི་གསོ་རིག་ཚན་རིག་ནི་ང་ཚོའི་སྲོལ་རྒྱུན་གྱི་འཕྲོད་བསྟེན་ཡིན།

བཞི་པ་ནི། ཆོས་ལུགས་ཀྱིས་གཞུང་གི་སྲིད་བྱུས་ལ་བྱུས་གཏོགས་མི་བྱེད་པ་ཞེས་པ་འདི་རེད། ཆོས་ལུགས་ནི་སེམས་ཀྱི་རང་བཞིན་ཞིག་ཡིན། དེའི་རྐྱེན་གྱིས་བྱུས་གཏོགས་ཞེས་པའི་སྐད་ཆ་དེ་ཡོང་གི་མེད། བྱུས་གཏོགས་ཡོང་གཞི་ཁོ་ན་ནི་དགེ་འདུན་པ་རྣམས་མི་སེར་ཡིན་པ་དེ་ཡིན། ཁོང་ཚོས་རང་ཉིད་མི་སེར་ཞིག་ཡིན་པའི་སྟེང་ནས་སྐད་ཆ་བཤད་ཀྱིན་ཡོད་སྟབས་བྱུས་གཏོགས་ཞེས་པ་དེར་འབྲེལ་བ་མི་འདུག རྒྱའི་ཚིག་མཛོད་དུ་གསལ་བའི་བྱུས་གཏོགས་གི་གོ་དོན་ལྟར་ན་ང་ཚོར་གོ་བ་འདི་འདྲ་ཞིག་སྟེར་སྲིད། མི་སེར་ཡིན་པའི་དགེ་འདུན་པ་འདི་དག་གིས་གཞུང་གི་སྲིད་བྱུས་ལ་བྱུས་གཏོགས་བྱ་མི་ཆོག་པ་དེ་རེད། འདི་ནི་ནོར་འཁྲུལ་རེད། ཅེས་བཤད་ཡོད།

གཞན་ཡང་བོད་རིག་པའི་ཚོགས་སྟེང་དེར་ཞུགས་མཁན་མཁས་པ་དག་གིས་ཀྱང་བོད་ཀྱི་གནད་དོན་ཐད་རང་རང་གི་བསམ་ཚུལ་བཏོན་ཡོད། དཔེར་ན། སི་ཁྲོན་ཞིང་ཆེན་ནོར་སྲིད་ལྷན་ཁང་དུ་ཕྱག་ལས་གནང་མཁན་ཞིག་གིས་བཤད་དོན། རྒྱ་ནག་ནང་དུ་མི་རིགས་ཀྱི་གནད་དོན་ཚབས་ཆེན་པོ་རེད། གལ་སྲིད་རྒྱ་ནག་གིས་སྔར་ནས་མི་རིགས་འདྲ་མཉམ་གྱི་སྲིད་བྱུས་ལག་བསྟར་བྱས་ཡོད་ཚེ་མི་རིགས་ཀྱི་ཚབས་ཆེའི་འགལ་བ་དང་མི་རིགས་ཁྱད་གསོད་ཀྱི་གནད་དོན་ཡོང་གི་མ་རེད། རྒྱ་ནག་གིས་བོད་དབང་སྒྱུར་བྱས་ནས་ལོ་ ༦༠ འགོར་ཡོད་པ་རེད། དེར་བརྟེན་ག་རེ་བྱས་ནས་ཕྱིའི་རྒྱལ་ཁབ་དང་ང་ཚོའི་མཐའ་མཚམས་ཕ་རོལ་གྱི་མི་རྣམས་ཀྱིས་བོད་ཀྱི་གནད་དོན་ཐོག་ལག་པ་བསྲིངས་པ་རེད། འདི་ནི་ང་ཚོའི་ནང་ཁུལ་དུ་དཀའ་ངལ་ཡོད་སྟབས་ཕྱི་ཕྱོགས་ནས་གོ་སྐབས་བཙལ་བ་རེད། རྒྱ་ནག་གིས་མི་རིགས་སྲིད་བྱུས་ཀྱི་ཐད་ལ་བསམ་བློ་བསྐྱར་དུ་གཏོང་དགོས་ཀྱི་འདུག དཀའ་ངལ་ནི་དེ་རེད་དམ། རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་བླ་མ་རྣམས་ལ་དད་ལྡན་མང་ཚོགས་ཀྱིས་ཡིད་ཆེས་མི་བྱེད་པ་དེར་རྒྱ་ནག་གཞུང་ཧང་སང་གི་ཡོད་སྲིད། ངས་དེའི་རྒྱུ་མཚན་བཤད་ཆོག རྒྱ་ནག་གཞུང་གིས་མུ་མཐུད་ནས་ཆོས་ལུགས་ནི་མི་དམངས་ཀྱི་ཉལ་ཐ་ཡིན་པ་དང་བླ་མ་རྣམས་ནི་རྫུན་མ་ཡིན་པའི་ལྟ་ཚུལ་དེར་རྒྱབ་སྐྱོར་བྱེད་བཞིན་པའི་དབང་གིས་རེད། དེར་བརྟེན་ཆོས་ལུགས་ནི་ཉལ་ཐ་ཡིན་པར་ཡིད་ཆེས་བྱེད་མཁན་ཞིག་གིས་ངོས་འཛིན་བྱས་པའི་བླ་མ་དེར་སུས་ཡིད་ཆེས་བྱེད་གི་རེད། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྟེང་གི་བླ་མ་དག་གིས་རང་གི་ཆོས་ལུགས་ཀྱི་རྩ་དོན་ལ་གཏོར་བརླག་གཏོང་གི་ཡོད་པ་རེད། དེང་སྐབས་རྒྱ་ནག་གཞུང་གིས་དགོན་པ་ཁག་ནི་ཡུལ་སྐོར་སྤྲོ་འཆམ་པའི་བསྟི་གནས་ལ་སྒྱུར་གྱིན་ཡོད་ལ། རྩ་ཆེའི་བླ་མ་རྣམས་ཀྱིས་སྤྱིར་བཏང་གི་ངལ་རྩོལ་བྱེད་ཀྱིན་ཡོད་པ་རེད། སྲིད་གཞུང་གིས་ད་ནི་ཆོས་སྲིད་ཟུང་འབྲེལ་གསར་པ་ཞིག་འཛུགས་ཀྱིན་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་སྡེ་ཚན་གྱི་ལས་བྱེད་རྣམས་དང་། དྲིལ་བསྒྲགས་སྡེ་ཚན། དེ་བཞིན་གཞུང་གི་སྤྱི་བདེ་ཚན་ཁག་གི་ལས་བྱེད་དག་གིས་ཆོས་ལུགས་ཀྱི་ལས་དོན་དག་ལ་མཛུབ་སྟོན་བྱེད་ཀྱིན་ཡོད། དེང་སྐབས་ལས་བྱེད་འདི་དག་ནི་༼སངས་རྒྱས་དངོས་༽དང་ཁོང་ཚོས་ཁྲིམས་འགལ་གྱི་སྒོ་ནས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་གསར་པ་ཞིག་འཛུགས་ཀྱིན་འདུག་ཅེས་བཤད་འདུག

དེ་བཞིན་སྡེ་དགེ་རྫོང་ནས་ཡིན་པའི་ཚེ་རིང་རྡོ་རྗེ་ཞུ་བ་ཞིག་གིས་བཤད་དོན། ཞིན་ཅང་གི་བདུན་པའི་ཚེས་ལྔ་དང་འབྲེལ་བའི་དོན་རྐྱེན་སྐོར་རྒྱ་ནག་གིས་དྲིལ་བསྒྲགས་བྱས་པའི་རྗེས་ནས་བཟུང་རཱ་བྷེ་ཡ་ ཁ་ཌེར་ནི་ཡུ་གུར་བའི་དབུ་ཁྲིད་ཅིག་ཏུ་གྱུར་བ་རེད། ང་ཚོར་འདིའི་ཕྱོགས་ནས་ཉམས་མྱོང་ཐོབ་དགོས་པ་རེད། ངས་ ༡༩༦༤ ལོ་ནས་བཟུང་སྲིད་གཞུང་གི་ལས་ཀ་བྱས་པ་ཡིན། ངའི་ཚོར་སྣང་ལ་ད་སྐབས་ང་ཚོས་ལས་འགུལ་མང་པོ་ཞིག་བསྐྱར་བཅོས་ཀྱི་སྤེལ་བཞིན་འདུག ང་ཚོས་ཆོས་ལུགས་མ་གླེང་བར་ཆབ་སྲིད་གླེང་མི་ཐུབ། ང་ཚོས་མང་ཚོགས་མ་གླེང་བར་གུང་ཁྲན་ཏང་གླེང་མི་ཐུབ། ངའི་རེ་བ་ལ་མི་རིགས་དང་ཆོས་ལུགས་ཀྱི་དཀའ་རྙོག་བྱུང་སྐབས་སྲིད་གཞུང་གིས་ཁ་ཐུག་ཏུ་ཏཱ་ལའི་བླ་མར་སྐྱོན་འཛུགས་མ་གནང་རོགས། གནད་དོན་གང་ནས་བྱུང་ས་དེ་ནས་ཐག་གཅོད་དགོས་པ་རེད་ཅེས་བཤད་འདུག

ལོ་སྔོན་མའི་ཞི་རྒོལ་སྐབས་ནས་བཟུང་རྒྱ་རིགས་ཤེས་ཡོན་པ་མང་པོ་ཞིག་གིས་བོད་མི་རིགས་ཀྱི་བདེ་སྡུག་དང་རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་སྲིད་བྱུས་ལ་བསྐྱར་ཞིབ་བྱ་དགོས་སྐོར་འབོད་སྐུལ་ཞུས་ཡོད་ལ། བོད་རིགས་ཤེས་ཡོན་པ་ཚོའི་ནང་དུ་འདི་ལྟའི་རེ་སྐུལ་ཞུ་མཁན་དཀོན་པོར་གྱུར་ཡོད། ཡིན་ཡང་། ཉེ་ཆར་ཁྲིན་ཏུའུ་ནས་འཚོགས་པའི་བོད་རིག་པའི་ཚོགས་ཆེན་སྟེང་གི་བོད་རིགས་ཤེས་ཡོན་པ་དག་གི་དགོངས་ཚུལ་འདི་དག་གིས་རྒྱ་ནག་གཞུང་དང་བོད་རིགས་ཤེས་ཡོན་པ་རྣམས་ལ་མི་རིགས་སྲིད་བྱུས་ཀྱི་ནོར་འཁྲུལ་ལ་དྲན་སྐུལ་དང་མི་རིགས་ཀྱི་འོས་འགན་འཁྱེར་སྟངས་ལ་ཁ་ཕྱོགས་གསལ་བོ་ཞིག་བཟོས་ཡོད་པར་འདོད།

མཆན། ༡༽ ཡང་གླིང་རྡོ་རྗེའི་མིང་གི་དག་ཆ་འདི་ཡིན་མིན་གསལ་བོ་མེད་སྟབས་མཁྱེན་མཁན་ཡོད་ན་འདིར་འགོད་རོགས།

     ༢༽ བོད་རིག་པའི་ཚོགས་འདུའི་སྐོར་འདི་རྒྱ་ཡིག་གི་ལམ་ནས་ཀློག་འདོད་མཁན་ཚོས་དྲ་ཐག་ narba.tibetcul.com/75508.html ལ་བསྣུན་ཏེ་ཀློག་རོགས། 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 55

  1. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    ཡངས་གླིང་རྡོ་རྗེ་དང། འབའ་བ་ཕུན་ཚོགས་དབང་རྒྱལ་སོགས་བོད་རིགས་དམར་ཤོག་རྒན་རིམ་པ་འདི་རིགས་ལ་དམར་པོའི་ལམ་ལུགས་སུ་སློབ་སྦྱོང་ཚད་ངེས་ཅན་ཞིག་ཡོད་པ་རེད། ལེ་ཉན་རང་ལུགས་གཞིར་བཞག་གི་དམར་ཕྱོགས་ཀྱི་ལམ་ལུགས་ངོ་མ་ནི་སྤྱི་ཚོགས་རང་ལུགས་ཀྱི་གསར་བརྗེ་ལ་མེད་དུ་མི་རུང་བའི་ལག་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། ལམ་ལུགས་འདིར་ལྷག་ཏུ་མི་རིགས་གནད་དོན་གྱི་དཀའ་རྙོགས་རིགས་གཙང་བཟོའི་ཆ་རྐྱེན་ཚང་ཡོད། དེར་བརྟེན་ང་ཚོའི་དམར་ཤོག་རྒན་རིམ་པ་ཚོས་ཀྱང་དམར་པོའི་ལམ་ལུགས་གཞིར་བཞག་གིས་མི་རིགས་ཀྱི་གནད་དོན་ཐག་གཅོད་གཙང་མ་ཡོང་ཐབས་སུ་བརྩོན་བཞིན་པ་འདི་ནི་རྒྱུ་མཚན་ལྡན་པ་ཞིག་རེད། འོན་ཀྱང་ད་ལྟའི་རྒྱ་ནག་དམར་པོའི་གཞུང་འདི་ནི་དམར་པོའི་མིང་བྱང་ཁུར་བ་ཙམ་ལས་དོན་ལ་དམར་པོའི་ལམ་ལུགས་ཀྱི་ལྡོག་ཕྱོགས་སུ་འགྲོ་བཞིན་ཡོད་པར་མ་ཟད། ཐ་ན་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་རྡོག་བརྫིས་གཏོང་ཐུབ་མཁན་གྱི་སྲིད་དབང་སྒེར་གཅོད་པ་ཞིག་ཆགས་ཡོད་ཕྱིར་ང་ཚོའི་དམར་ཤོག་རྒན་རིམ་པ་ཚོས་བཤད་ཚད་སྤྱང་ཁུའི་རྣ་བར་ཆོས་བཤད་ལས་མེད་པ་ནི་ཐག་བཅད་ནས་བཤད་ཆོག འོན་ཀྱང་གནས་སྐབས་རིང་ཁོང་ཚོས་ག་ཚོད་གསུང་ཡང་རྒྱ་གཞུང་གིས་སྣང་མེད་དང། དེ་རྗེས་ནམ་ཞིག་ནས་ཁྱོད་ལ་བདེན་པ་འདུག དེའི་སྐོར་ང་ཚོས་བསམ་བློ་གཏོང་བཞིན་ཡོད་མདོག་སྟོན་ངེས་ཡིན་ལ། གལ་སྲིད་ཁོང་ཚོའི་ལང་ཕྱོགས་དང། གཏམ་བཤད་འདི་རིགས་ཀྱིས་བོད་ནང་ཁུལ་གྱི་སྤྱི་ཚོགས་ལ་ཤུགས་རྐྱེན་ཞིག་ཐེབས་ཀྱིན་ཡོད་ཚེ་དེ་མ་ཐག་རྒྱ་དམར་སྲིད་གཞུང་གིས་ངག་འཇམ་པོ་དང། རྣམ་འགྱུར་ཡག་པོས་སྒོ་ནས་ཁྱེད་ཀྱི་འཕྲོད་བསྟེན་ཆེད་ཡིན་ཞེས་ཁོང་ཚོར་ཁབ་བརྒྱབ་ཏེ་སྲོག་ཐོག་གཏང་ངེས་ཡིན་པ་ལས་བོད་མི་དམར་ཤོག་རྒན་རིམ་པ་ཁོང་རྣམས་ད་ནས་རྒྱ་གཞུང་གིས་བཙོན་འཇུག་མི་བྱེད་ཐག་ཆོད་ཡིན། འོན་ཀྱང་གྲུབ་འབྲས་སོན་མིན་ལ་མ་ལྟོས་པར་ཁོང་ཚོས་འདི་ལྟར་བདེན་དོན་གསུངས་ཐུབ་པ་ནི་ཁོང་ཚོ་ཙམ་དུ་མ་ཟད་བོད་མི་རིགས་སྤྱིའི་གཟི་བརྗིད་ཆགས་ཡོད། དེའི་ཕྱིར་ཡངས་གླིང་རྡོ་རྗེ་དང། འབའ་བ་ཕུན་ཚོགས་དབང་རྒྱལ་སོགས་ནི་ང་ཕོད་ལྟ་བུའི་བོད་རྒྱལ་ཁབ་དང། མི་རིགས་ཀྱི་སྐུ་ཞབས་ལ་ཐག་ནག་རུལ་བ་ཉིན་ལམ་བརྒྱ་ཕྲག་ལ་སླེབས་ངེས་རེ་མི་འདོགས་མཁན་གྱི་གངས་ཅན་གྱི་ངེས་དོན་དཔའ་བོའི་ཡང་རྩེ་རེ་རེད། ཅེས་བསྟོད་ཀྱང་བསྟོད་རིན་ཡོད་པ་ཞིག་ཡིན།

    Reply
  2. བྱམས་རྒྱལ། says:
    ལོ་ 15 སྔོན།

    མི་རིགས་ཀྱི་འོས་འགན་འཁྱེར་མཁན་ཁྱེད་འདྲ་མཐོང་དུས་སེམས་པ་གཏིང་ནས་དགའ་བྱུང་ལགས། ཕྱག་འཚལ་ལོ།

    Reply
  3. བྱམས་རྒྱལ། says:
    ལོ་ 15 སྔོན།

    མི་རིགས་ཀྱི་འོས་འགན་འཁྱེར་མཁན་ཁྱེད་འདྲ་མཐོང་དུས་སེམས་པ་གཏིང་ནས་དགའ་བྱུང་ལགས། ཕྱག་འཚལ་ལོ།

    Reply
  4. བྱམས་རྒྱལ། says:
    ལོ་ 15 སྔོན།

    མི་རིགས་ཀྱི་འོས་འགན་འཁྱེར་མཁན་ཁྱེད་འདྲ་མཐོང་དུས་སེམས་པ་གཏིང་ནས་དགའ་བྱུང་ལགས། ཕྱག་འཚལ་ལོ།

    Reply
  5. ཨ་རུ་ར། says:
    ལོ་ 15 སྔོན།

    སྐུ་ཞབས་ཡངས་གླིང་རྡོ་རྗེའི་སྐོར་ལ་ང་ཚོས་བསམ་ཚུལ་དང་ཁོང་ལ་བསྔགས་བརྗོད་བྱེད་དགོས་པ་ཞིག་རེད་དེ། རྩ་བའི་གནས་སྟངས་ཀྱི་ཐད་ལ་བསམ་གཞིག་བྱས་ཚེ་ཁོང་ལ་ཕན་པ་ལས་་གནོད་སྐྱོན་ཆེ་བ་མེད་དམ། ཚང་མས་དོགས་སྒྲིམས་གལ། ང་ཚོས་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་མང་དྲག་ན་གནོད་སྐྱོན་ཡང་ཡོང་མི་སྲིད་པའི་ངེས་པ་མེད་དོ།།
    འདི་ནི་ཕྲན་གྱི་བསམ་ཚུལ་ཞུས་པ་ཡིན་པས་ནོར་འཁྲུལ་ཡོད་ན་དགོངས་དག་ཞུ་རྒྱུ་བཅས།

    Reply
  6. བཙན་པོའི་བུ། says:
    ལོ་ 15 སྔོན།

    ང་ལ་མཚོན་ན་ཡང་ལས་རྡོ་རྗེ་མཆོག་ནི་བཀའ་དྲིན་ཆེན་པོ་ཡིན་ལ། ངས་ཁོང་གི་མདུན་ནས་ལེགས་བཤད་དང་སློབ་གསོ་གང་མང་ཞིག་ཐོབ་མྱོང་ཡོད། ང་སྔོན་ཆད་རྔ་བ་ཁུལ་དུ་ཡོད་སྐབས་སྐུ་ཞབས་བཀྲ་ཡེ་མཆོག་བརྒྱུད་ནས་ཁོང་ལ་མཇལ་རྒྱུའི་གོ་སྐབས་བྱུང་སོང་ལ། ང་ཁོང་གི་མདུན་དུ་བཅར་ཏེ་རྔ་བ་ཁུལ་དང་རྫོང་ཁག་དག་གི་སློབ་གསོའི་སྐོར་ལ་བཀའ་མོལ་བྱས་ཚེ། ད་དུང་ངའི་སེམས་ནང་ནས་བརྗེད་མི་ཐུབ་པ་ཞིག་ནི། སྐུ་ཞབས་ཁོང་གིས་ནན་ཏན་གྱིས་གསུང་དོན། ང་ཚོ་ཏང་ལ་ཞུགས་པ་ནི་མིང་ཙམ་རེད་མ་གཏོགས་དོན་གྱི་ཆ་ནས་རང་གི་མི་རིགས་ལ་ཕན་པ་གང་ཡོད་ཅིག་གི་ཕྱོགས་ལ་དུས་རྒྱུན་དུ་ཀྭ་ལངས་ལངས་བྱས་བསྡད་ཡོད། དེ་མཚུངས་ཁྱེད་ཅག་གཞོན་སྐྱེས་དག་གིས་ཀྱང་ཏང་ལ་ཞུགས་པ་འདི་ལྟས་ངན་ཞིག་རེད་མི་བསམ་པར། ཏང་ལ་ཞུགས་ནས་དངོས་ཤུགས་བརྒྱུད་གསུམ་གང་རུང་ནས་རང་མི་རིགས་ལ་ཞབས་ཞུ་སྒྲུབས་དགོས་ནི་རེད། འདི་ནི་ང་ཚོའི་ལས་དབང་རེད། ང་ཚོ་ལ་བོད་ཅེས་པའི་རྒྱལ་ཁབ་ཅིག་མ་བྱུང་བར་དུ་ང་ཚོས་ཀྱང་ཐབས་ཤེས་སྣ་ཚོགས་་བརྒྱུད་ནས་བོད་རང་གི་སྐད་ཡིག་དང་རིག་གཞུང་རིན་པོ་ཆེ་དེ་རྩ་བརླག་ཏུ་མི་འགྲོ་བའི་ཐབས་ལམ་ཞིག་འཚོལ་དགོས་ནི་རེད། ང་ལ་མཚོན་ན་ཏང་གི་མི་ཞིག་རེད། ཡིན་ན་ཡང་དོན་གྱིས་བོད་མི་རིགས་ཀྱི་བདེ་བ་སྡུག་བསྔལ་གང་གི་ཐད་ནས་ཤི་ལངས་རོ་ལངས་བྱེད་ཐུབ་མཁན་ཞིག་ཡིན། ཞེས་གསུངས་སོང་། ངས་ནི་སྐུ་ཞབས་ཁོང་གི་ཕྱག་ལས་གནང་སྟངས་དེ་དག་ལ་རྗེས་སུ་ཡི་རངས་བྱེད་བཞིན་ཡོད།

    Reply
  7. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ཡངས་གླིང་རྡོ་རྗེ་ལགས་དང་བོད་ཀྱི་མཁས་དབང་རྣམས་པས་སོ་སོའི་མི་རིགས་ཐད་དེ་ལྟར་གསུངས་བཤད་དང་ཕྱག་ལས་གནང་བར་གུས་པས་སྙིང་ཐག་བར་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།ཁྱེད་རྣམས་པའི་སྐུ་གཟུགས་ལ་ན་ཚ་མེད་པ།ཐུགས་དགོངས་ཐབས་ཅད་མྱུར་དུ་འགྲུབ་པའི་སྨོན་ལམ་ཡང་ཡང་ཞུ།

    Reply
  8. རྐང་རྗེན་པ། says:
    ལོ་ 15 སྔོན།

    ཙན་དན་ལོ་མས་ཡང་སྙིང་ཅི་ཞིག་བཤད་ཀྱི་ཡོད་པ་ངས་གསལ་པོ་ཤེས་མ་སོང། ལྷག་པར་༼བེད་སྤྱོད་ལོག་པ་གཏོང་༽ཟེར་བའི་དོན་གོ་མ་སོང། དེ་བཞིན། ༼ཕྱོགས་ཞེན་༽ཟེར་བའང་ཕལ་ཆེར་ང་ཁམས་པའི་ཕྱོགས་སུ་ལྷུང་བ་རེད་ཟེར་གྱི་ཡོད་པ་མིན་འགྲོ། དེ་ཡིན་ན་ཁྱེད་རང་ནོར་བ་རེད། ང་ཆོལ་ཁ་གསུམ་གྱི་སྤྱི་མི་ཞིག་ཡིན། སོ་སོ་ཕྱོགས་ཞེན་ཅན་ཡིན་ན་མི་གཞན་པའང་སོ་སོ་ནང་བཞིན་ཡིན་པའི་ངེས་པ་ཡོད་པ་མ་རེད། རང་སྐྱོན་གཞན་ལ་འགེབས་རྐྱང་མ་བྱེད་ཨང།

    Reply
  9. རྨེ་རུ། says:
    ལོ་ 15 སྔོན།

    ཡངས་གླིང་རྡོ་རྗེ་ལགས་གཙོས་པའི་བོད་རིགས་མཁས་དབང་རྣམ་པས་བོད་མི་རིགས་ཀྱི་
    ལ་རྒྱ་དང་ཤ་ཞེན་ཆེན་པོས་བོད་ཀྱི་གནས་དོན་གླེང་གནང་བར་རྗེས་སུ་ཡིད་རངས་ཞུ་རྒྱུ་ཡིན།
    རང་གི་ལྟོ་གོས་གཏམ་གསུམ་ལ་མི་བལྟ་བར་འདི་འདྲ་གསུངས་པ་ནི་བོད་མི་རིགས་ཀྱི་དཔའ་རྒོད་ངོ་མ་རེད།

    Reply
  10. ཙན་དན་ལོ་མ། says:
    ལོ་ 15 སྔོན།

    རྐང་རྗེན་པ་ལགས། བོད་ནང་གི་དཔའ་བོ་ཚོའི་སྙིང་སྟོབས་དང་བྱས་རྗེས་ཁྱེད་ཀྱིས་འདི་ལྟར་བེད་སྤྱོད་ལོག་པ་གཏོང་རྒྱུའི་འབད་བརྩོན་མ་གནང་རོགས། གཅིག་བྱས་ན་ཁྱོད་ལ་ལོ་རྒྱུས་ཀྱི་ཤེས་བྱ་ཆུང་དྲང་བདེན་གཤིས་སྤྱོད་མེད་པའི་མི་ཞིག་ཡིན་སྲིད། ཁྱེད་ཀྱིས་བོད་ཡོངས་ནས་རྒྱ་ནག་ལ་ང་རྒོལ་བྱས་པའི་ལོ་རྒྱུས་མི་སྣ་ཆེས་ཉུང་ཉུང་ཞིག་ཤེས་མེད་པ་དང་། སྐབས་རེ་ཤེས་ནའང་ཆེད་དུ་ཁྱད་གསོད་བྱེད་སྲིད། བོད་མི་རིགས་བུ་རྒོད་ཡངས་གླིང་རྡོ་རྗེ་ཡང་མི་གཞན་གྱིས་གླེང་མེད་ན་ཁྱེད་ཀྱིས་མི་ཤེས་པས་གུ་དོག་ཕྱོགས་ཞེན་གྱི་རང་མདོག་ཕྱི་ལ་བསྟན་པ་ཁྱེད་རང་ངོ་ཚ་མ་ཤེས་པ་ཙམ་རེད།

    Reply
  11. རྐང་རྗེན་པ། says:
    ལོ་ 15 སྔོན།

    ཟི་ཁྲོན་གྱི་བོད་རིགས་ས་ཁུལ་དུ་བོད་ཡིག་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་འཚམས་བཙུགས་ཡོད་པ་རྣམས་ཀྱང་ཡངས་གླིང་རྡོ་རྗེའི་རྒྱབ་སྐྱོར་དང་ནུས་པ་ལས་བྱུང་བ་ཡོངས་གྲགས་རེད། སྤྱིར་རྒྱ་ནག་གཞུང་གིས་བོད་ཐོག་སྲིད་ཇུས་འཛིན་སྟངས་དང་། ལས་འགུལ་སྤེལ་སྟངས། ཡང་ན་འགྱུར་བ་ཇི་གཏོང་སོགས་གཞི་རྩའི་ལས་དོན་ཁག་བྱེད་ཕྱོགས་ནི་གཙོ་བོར་ཁམས་ཕྱོགས་ཀྱི་གནས་སྟངས་ལ་བལྟས་ནས་ཐག་གཅོད་བྱེད་ཀྱི་རེད་ཅེས་བཤད་སྲོལ་ཞིག་ཡོད། དེ་སྔ་བོད་ལ་ཐོག་མར་བཙན་འཛུལ་བྱེད་པའི་སྐབས་སུའང་ཆབ་མདོ་ལག་པར་ཐེབས་པ་དང་རྒྱ་ནག་གཞུང་བློ་ཇེ་བདེ་དང་དཔའ་ངར་ཇེ་ཆེར་སོང་སྟེ། བོད་ཡོངས་རྫོགས་དབང་དུ་བསྒྱུར་རྒྱུ་གཏན་འཁེལ་གཙང་མ་བྱུང་བ་དང་དེ་ལྟར་བྱེད་ཐུབ་པའི་གདེང་ཚོད་ཀྱང་རྙེད་པ་རེད་ཟེར། དེ་ལྟར་ན་ད་ཆ་ཁམས་ཁུལ་ནས་རྒྱ་ནག་ལ་ངོ་རྒོལ་རྒྱུན་མི་ཆད་པའི་ཁར། དེ་ཕྱོགས་ནས་ཕེབས་པའི་ལས་བྱེད་དང་ཤེས་ཡོན་པ་འདི་དག་གིས་སྙིང་སྟོབས་ཆེན་པོས་རྒྱ་གཞུང་ལ་འདི་ལྟར་རྒོལ་གཏམ་བཏང་ཚེ་རྒྱ་གཞུང་གིས་བོད་སྤྱིའི་ཐོག་བསམ་བློ་ཞིག་མ་བཏང་ཐབས་མེད་ཆགས་ཀྱི་ཡོད་ངེས། མི་རིགས་ཀྱི་དཔའ་བོ་འདི་དག་སྐུ་ཚེ་ཡུན་བརྟན་ཡོང་བར་སྨོན།

    Reply
  12. བོད་པ། says:
    ལོ་ 15 སྔོན།

    གུས་འདུད་ཞུ་ན་འདི་ལ་ཞུ་དགོས།

    Reply
  13. རྒྱལ་ཐང་ཡོན་ཏན says:
    ལོ་ 15 སྔོན།

    བོད་ཀྱི་དཔའ་བོ་ཁོང་དང་འདྲ་བ་རྣམས་ལ་ངས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

    Reply
  14. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 15 སྔོན།

    ངས་དེ་རིང་མ་གཏོགས་མཐོང་མ་བྱུང་།གྲོགས་པོ་ཞིག་གིས་ཁ་པར་སླེབས་ནས་ཡོང་གླིང་གི་ཕ་ཡུལ་བྲག་གཡབ་ཡིན་བྲིས་འདུག་ཟེར་བྱུང་།ད་ཐེངས་བལྟས་དུས་བཅོས་ཟིན་པའམ་ཡང་ན་བཀོལ་མེད་པ་འདྲ།
    ཡོང་གླིང་རྡོ་རྗེ་ངས་དངོས་སུ་རིགག་མ་མྱོང་ཡང་།ཁོང་གི་བུ་ཞིག་ང་ཡི་གཅེན་པོ་དང་སློབ་གྲོགས་ཀྱང་ཡིན།
    ཁོང་ནི་འབའ་ཐང་མཐིལ་ནས་ཡིན་པ་དང་།ཡོང་གླིང་ཟེར་པ་འདི་གཅེས་མིང་ཡིན་པ་འདྲ།གཞན་རུས་མིང་དང་ཁྱིམ་མིན་པ་ང་ལ་གསལ་ཆ་ཡོད།

    Reply
  15. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 15 སྔོན།

    ངས་དེ་རིང་མ་གཏོགས་མཐོང་མ་བྱུང་།གྲོགས་པོ་ཞིག་གིས་ཁ་པར་སླེབས་ནས་ཡོང་གླིང་གི་ཕ་ཡུལ་བྲག་གཡབ་ཡིན་བྲིས་འདུག་ཟེར་བྱུང་།ད་ཐེངས་བལྟས་དུས་བཅོས་ཟིན་པའམ་ཡང་ན་བཀོལ་མེད་པ་འདྲ།
    ཡོང་གླིང་རྡོ་རྗེ་ངས་དངོས་སུ་རིགག་མ་མྱོང་ཡང་།ཁོང་གི་བུ་ཞིག་ང་ཡི་གཅེན་པོ་དང་སློབ་གྲོགས་ཀྱང་ཡིན།
    ཁོང་ནི་འབའ་ཐང་མཐིལ་ནས་ཡིན་པ་དང་།ཡོང་གླིང་ཟེར་པ་འདི་གཅེས་མིང་ཡིན་པ་འདྲ།གཞན་རུས་མིང་དང་ཁྱིམ་མིན་པ་ང་ལ་གསལ་ཆ་ཡོད།

    Reply
  16. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 15 སྔོན།

    ངས་དེ་རིང་མ་གཏོགས་མཐོང་མ་བྱུང་།གྲོགས་པོ་ཞིག་གིས་ཁ་པར་སླེབས་ནས་ཡོང་གླིང་གི་ཕ་ཡུལ་བྲག་གཡབ་ཡིན་བྲིས་འདུག་ཟེར་བྱུང་།ད་ཐེངས་བལྟས་དུས་བཅོས་ཟིན་པའམ་ཡང་ན་བཀོལ་མེད་པ་འདྲ།
    ཡོང་གླིང་རྡོ་རྗེ་ངས་དངོས་སུ་རིགག་མ་མྱོང་ཡང་།ཁོང་གི་བུ་ཞིག་ང་ཡི་གཅེན་པོ་དང་སློབ་གྲོགས་ཀྱང་ཡིན།
    ཁོང་ནི་འབའ་ཐང་མཐིལ་ནས་ཡིན་པ་དང་།ཡོང་གླིང་ཟེར་པ་འདི་གཅེས་མིང་ཡིན་པ་འདྲ།གཞན་རུས་མིང་དང་ཁྱིམ་མིན་པ་ང་ལ་གསལ་ཆ་ཡོད།

    Reply
  17. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    གཅན་བཟོད་རྒྱམ་ཁྱོད་ཀྱི་དུས་སུ་བབ་པའི་གཏམ་དེས་ཚང་མ་བློ་བདེ་རུ་བཅུག་སོང་། ད་ཉལ་བ་ལ་ངས་གནང་བ་སྤྲོད་ཆོག སྐྱིད་པོ་བྱས་ནས་ཉལ་སྡོད།

    Reply
  18. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ད་ཉལ་གི་ཡིན་ཏོ།

    Reply
  19. བཤད་སྒྲུབ says:
    ལོ་ 15 སྔོན།

    དངོས་གནས་རྒྱ་ནག་ནང་བོད་རིགས་གོ་གནས་ཡོད་པ་རྣམས་ནས་བོད་མི་རིགས་ཀྱི་ལ་རྒྱ་ཡོད་པའི་མཁས་དབང་ཁོང་འདྲ་པོར་དཔའ་ངར་ལྡན་པའི་ཕྱག་ལས་ཅིག་གནང་ཐུབ་ན་ང་ཚོའི་བོད་དོན་ཐད་མི་རིགས་གཞན་དང་རྒྱལ་ཁབ་གཞན་ལ་རེ་བ་བཅོལ་པ་ལས་དགའ་བ་སྙམ། དེ་ཡང་སྐྱབས་བཅོལ་བོད་མིའི་གཤིས་ཀ་དང་དགོས་མཁོ་འདྲ་ཡོད་ན་མ་རྟོགས་ཁོང་ཕ་ཡུལ་གང་ནས་ཡིན་མིན་དང་མཚན་འབྲི་སྟངས་གཙོ་བོར་མ་ཡིན་པར་སྐབས་བབ་ཕྱག་ལས་བའི་རྒྱུན་རིམ་ཐོག་གླེང་ན་བཟང་བ་མཐོང་།

    Reply
  20. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    དེ་རིང་དུས་བབ་དྲ་ཐོག་ནས་མཛད་རྗེས་ཆེ་བའི་བོད་མི་རྒན་པ་ཡངས་གླིང་རྡོ་རྗེའམ་དབྱངས་གླིང་རྡོ་རྗེ། ཡང་གླིང་རྡོ་རྗེ་ལགས་ཀྱི་མིང་གི་དག་ཆ་དང་སྐྱེས་ཁོངས་གང་ཡིན་སོགས་ཁ་གསལ་མ་ངེས་སྟབས། གུས་པས་མཐོང་བའི་ཡིག་རིགས་འདི་དག་ངལ་བར་བརྟེན་ནས་མཚམས་སྦྱོར་བྱས་པ་ཡིན་ལགས།

    ཡངས་གླིང་རྡོ་རྗེ་མཆོག་ནི་1931་ལོར་ཁམས་པའི་ལྷོ་ཕྱོགས་ཀྱི་འབའ་ཐངརྫོང་སྐུ་འཁྲུངས། 1944་ལོར་རྒྱལ་བཙུགས་འབའ་
    ཐང་(འབའ་ཨན)དགེ་ཐོན་སློབ་གྲྭ་ཞུགས་ནས་སློབ་སྦྱོང་བྱས། 1949་ལོར་ཀྲུང་གོ་གུང་ཁྲན་ཏང་གི་ནང་དུ་ཞུགས། དེ་སྔ་བོད་ཤར་ཕྱོགས་དམངས་གཙོའི་ན་གཞོན་མནའ་འབྲེལ་ཚོགས་པའི་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་དང༌། ཏང་གི་རྩ་འཛུགས་
    ཚོགས་ཆུས་གི་ཚོགས་གཙོ་བྱས་མྱོང༌། 19500་ལོའི་རྗེས་སུ། ཡངས་གླིང་རྡོ་རྗེ་སྔ་ཕྱིར་སྟག་ཤོད་(ཉེ་འདུན)རྫོང་གི་ཐོན་ཨུ་ཧྲུའུ་ཅི་དང༌། ཀྲུང་གུང་ལི་ཐང་རྫོང་གི་ཏང་ཨུའི་ཧྲུའུ་ཅི། གུང་གཞོན་ཚོགས་པའི་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན། ནུབ་ཁམས(ཤིང་ཁང་)ཞིང་ཆེན་
    ན་གཞོན་མཉམ་འབྲེལ་ཚོགས་པའི་དྲུང་ཡིག་ཆེན་མོ། གུང་གཞོན་ཚོགས་པ་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི། གུང་གཞོན་ཚོགས་པ་
    སི་ཁྲོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་དང་མི་རིགས་ལས་དོནཔུའུ་ཡི་པུའུ་ཀྲང༌། སི་ཁྲོན་ཞིང་ཆེན་
    ན་གཞོན་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི་གཞོན་པ། གུངགཞོན་ཚོགས་པ་སི་ཁྲོན་ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཀྲུང་གུང་སྡེ་དགེ་རྫོང་
    ཨུ་ཧྲུའུ་ཅི། སྡེ་དགེ་རྫོང་མི་དམངས་དྲག་ཆས་ཕུའུ་ཡི་སྲིད་ཨུ་ཨང་དང་པོ། དཀར་མཛེས་ཀུལ་མི་རིགས་ལས་བྱེད་
    སློབ་གྲྭའི་ཞོ་ཀྲང་དང་ཧྲུའུ་ཅི། རྔ་བ་ཁུལ་གསར་བརྗེ་ཨུཡོན་ལྷན་ཁང་གི་ཀྲུའུ་རིན། ཀྲུང་གུང་རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ཨང་དང་པོ། རྔ་བ་ཁུལ་ཡན་ལག་དམག་ཁུལ་གྱི་སྲིད་ཨུ་ཨང་དང་པོ་དང༌། ཀྲུང་གུང་སི་ཁྲོན་ཞིང་ཨུའི་སྐབས་གསུམ་པའོ་ཨུ་ཡོན། སི་ཁྲོན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱུན་ལས་ཧྲུའུ་ཅི། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། སི་ཁྲོན་ཞིང་ཅེན་སྲིད་གྲོས་ཀྱི་སྐབས་ལྔ་པ་དང་དྲུག་པའི་ཀྲུའུ་ཞི་གཞོན་པ་དང་
    ཏང་གི་ཚོགས་པའི་ཧྲུའུ་ཅི་གཞོན་པ། རྒྱལ་ཡོངས་དམངས་ཆེན་གྱི་སྐབས་བདུན་པའི་འཐུས་མི། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་
    འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པ་དང༌། བཅུ་གནིས་པ། བཅུ་གསུམ་པ་བཅས་ཀྱི་འཐུས་མི། ཀྲུང་གུང་རྒྱལ་ཡོངས་འཐུས་མི་
    ཚོགས་ཆེན་སྐབས་བཅུ་གཉིས་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་སོགས་ཏང་དང་སྲིད་གཞུང་གི་ལས་འགན་གལ་ཆེན་ཁུར་མྱོང༌།

    དེ་ལས་ཀྱང་མང་པ་སེས་འདོད་ཡོད་ན་གཤམ་གྱི་དྲ་ཐག་འདིར་ཕེབས་ཤོག
    https://tibettimes.net/wordpress/blogs.php?id=115

    Reply
  21. ཙན་དན་ལོ་མ། says:
    ལོ་ 15 སྔོན།

    འབའ་བ་ཕུན་ཚོགས་དབང་རྒྱལ་གྱིས་རྒྱ་ནག་གི་རོགས་པ་བླངས་ནས་བོད་ལ་དམར་ཕྱོགས་འཛུགས་རྒྱུ་དང་གསར་བརྗེ་བྱེད་འདོད་པ་ཆེས་ནོར་བ་ལས། མི་རིགས་ལ་ངོ་མ་ཤ་ཚ་ཡོད་བཟོ་འདུག རྒྱུ་དམར་ལ་ཡིད་ཆེས་བྱས་དྲགས་པའི་ནོར་བ་རེད།

    Reply
  22. ཡོན་བྷེ། says:
    ལོ་ 15 སྔོན།

    ང་ཚོའི་ཕ་ཡུལ་གྱི་ལོ་ལོན་ཚོས་༼ཡང་ལས་རྡོ་རྗེ་༽ཞེས་ནམ་རྒྱུན་བཤད་འདུག་རྒྱུ་ཞིག་ཡོད་ལ། དེ་ནི་ད་ལྟ་བསམ་དུས་ཕལ་ཆེར་ཁོང་ཡིན་ས་རེད། ཁོང་གི་མིང་གི་དག་ཆ་ལ་ཁྱད་པར་ཆེན་པོ་མེད་བསམ། གང་ཡིན་ཟེར་ན་ཡང་ལས་ཟེར་བ་འདི་རྒྱ་སྐད་ཅིག་ཡིན་པ་འདྲ། སྒྲ་དག་དག་ནི་ཡངས་གླིང་མ་ཡིན་པར་ཡང་ལས་ཞེས་བསྒྱུར་ན་ཐོན་ཡོང་གི་སྙམ།

    Reply
  23. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    རྩོམ་སྒྲིག་པ་དེ་ཡག་པོ་ཞིག་བསྒྱུར་འདུག ངོ་མ་དགའ་བྱུང༌། སྡེ་དགེ་ཚེ་རིང་རྡོ་རྗེས་ངརཔོ་བཤད་འདུག མི་དེ་དག་ལ་ཉེས་པ་མ་ཕོག་ན་ཆོག་ག འོ་རེད། ཁོང་གི་ཕ་ཡུལ་གང་ནས་ཡིན་གཙོ་བོ་མ་རེད། ནོར་ཡོད་ན་སྐྱོན་མེད། ཕུན་དབང་གི་ལོ་རྒྱུས་ནང་ལ་ཡང་ཡོད།

    བར་སྐབས་ལྷ་ས་བའི་བཤད་སྲོལ་ཞིག་ལ། ཨ་ཕོ་ཡར་ཡར་ཡོང་དུས༎ འབའ་པ་མར་མར་འགྲོ་སོང་༎ ཟེར་བ་རེད། དེའི་གོ་དོན་ནི་རག་སྡིག་དང་བསྟན་འཛིན་སོགས་ཧོར་པ་དེ་ཚོ་རང་སྐྱོང་ལྗོང་གི་དཔོན་ལ་ཁེལ་སྐབས། ཕུན་དབང་དང་ཡངས་གླིང་རྡོ་རྗེ་སོགས་མར་རྒྱ་ནག་ཏུ་བཏང་སོང་བ་ལ་ཟེར་བ་རེད་ཟེར།

    Reply
  24. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    མཚོ་ཚང་བཀྲ་ཤིས་ལགས་ཀྱིས་དགོངས་ཚུལ་གནང་བ་ཐུགས་རྗེ་ཆེ། ངས་གཞན་ལ་བཀའ་འདྲི་ཞུ་ཆོག

    ཨ་ལ་ལ་ལགས། མཆན་ཤར་སྟངས་དེར་ཅུང་མི་བདེ་བ་ལྟར་སྣང་ཡང་། དེ་ནི་ང་ཚོ་དྲ་ངོས་ལ་ཡོང་སྐབས་སྔོན་ཆད་ཀྱི་མཆན་ཤར་སྟངས་ལ་གོམས་བསྡད་ཡོད་པའི་དབང་གིས་ཡིན་ངེས། ཅུང་མི་འགོར་བར་གོམས་ངེས། ང་རང་ལ་མཚོན་ནའང་ཐོག་མར་མི་བདེ་བ་ལྟར་སྣང་ཡང་ད་ནི་གོམས་བསྡད་འདུག གཙོ་བོ་རང་ཉིད་དྲ་ངོས་ལ་རྒྱུན་དུ་འཁོར་གྱིན་ Update ཡོད་མེད་ལ་ཐུག་འདུག མཆན་ཀློག་སྟངས་ཀྱང་དེ་འདྲ་རེད། སྔ་མ་རྣམས་བཀླགས་ཡོད་ན་ཤོག་ངོས་རིམ་པ་བཞིན་སྔོག་ནས་འགྲོ་དགོས་གི་མ་རེད། མདུན་ངོས་ཀྱི་མཆན་གསར་ཤོས་དག་བཀླགས་ནས་ཕྱིན་ན་སྟབས་བདེ་བ་འདུག ཡིན་ཡང་། རྗེས་ཕྱོགས་མི་ཚང་མར་བདེ་བོ་མེད་པའི་གནས་ཚུལ་བྱུང་ན་བསྐྱར་དུ་བཟོ་བཅོས་རྒྱག་རྒྱུར་དཀའ་ངལ་འདྲ་ཡོད་པ་མ་རེད།

    གཉིས་པ་དེར། མཆན་གྱི་བསམ་འཆར་ཞེས་པ་དེ་རིག་པར་བསྒྱུར་དོན་གྱི་དམིགས་ཡུལ་ནི་ངའི་ཟིན་བྲིས་སྔོན་མ་ཞིག་གི་ནང་དུ་གསལ་བཤད་བྱས་ཡོད།འདིའི་ཐད་འཐད་པ་ཡོད་མེད་གཉིས་ཀ་འདུག ཡིན་ཡང་། གནས་སྐབས་རིང་རིག་པ་རང་སོར་འཇོག་རྩིས་ཡོད། འདི་ལའང་ངེས་པར་དུ་འགྱུར་བ་གཏོང་དགོས་པ་འདྲ་བྱུང་ན་སྐབས་དེ་དུས་ལྟ་ཆོག་གི་རེད། གནས་སྐབས་འདི་ཙམ་ཡིན།

    གཟའ་མཇུག་གི་གུང་གསེང་ལ་སྐྱིད་པོ་ཡོང་བའི་རེ་བ་ཡོད།

    Reply
  25. ཨ་ལ་ལ says:
    ལོ་ 15 སྔོན།

    སྐུ་ཞབས་རྩོམ་སྒྲིག་པ་ལགས། རེ་སྐུལ་ཅིག་ཞུ་དགོས་པར་འདུག དུས་བབ་དྲ་བ་འདི་ནི་བོད་མི་རིགས་ལ་ཁ་ཚ་དགོས་གཏུག་གི་ཞབས་འདེགས་ཞུ་མཁན་གྱི་རེ་བཅོལ་ཞུ་ས་དང་དོན་དག་སྨིན་ས་ཁོ་ན་ཡིན་ལ། དེ་ལ་བོད་མི་ཡོད་དོ་ཅོག་ནས་སྤྲོ་སྣང་དང་རེ་སྒུག་མི་བྱེད་མཁན་ཕལ་ཆེར་ཡོད་ཀྱི་མ་རེད་འདོད་ཅིང་། ཕྲན་ལ་མཚོན་ནའང་ཉིན་གཅིག་གི་དུས་ཡུན་རིང་དུ་དྲ་བ་འདི་ལ་ཐེངས་ཁ་་ཤས་མ་བལྟས་ན་ཡིད་སེམས་བདེ་ལ་འབེབས་མི་ཐུབ་པའི་ཚོད་ཅིག་ཆགས་སོང་། ཡིན་ནའང་ད་ལྟ་སྔར་དང་མི་འདྲ་བར་མཆན་བཀོད་པ་དག་མགོ་ལ་སླེབས་ཀྱི་ཡོད་ལ་དེའི་ཐད་དུ་རྩོམ་སྒྲིག་པ་ལགས་ཀྱིས་གསལ་བཤད་གནང་བ་ཡང་ངས་མཐོང་བྱུང་། འོན་ཀྱང་ང་ལ་མཚོན་ན་སྟབས་མི་བདེ་ཞིང་མགོ་རྨོངས་པ་ཞིག་ད་དུང་ཡང་ཆགས་ཀྱི་འདུག དུས་མཚུངས་སུ་ང་དང་ང་འདྲ་བ་མང་པོ་ཞིག་ཀྱང་དན་དན་ཡོད་ངེས། མཆན་བཀོད་ཐོག་ལ་སླེབས་པ་འདིས་དངོས་གཞིའི་གསར་འགྱུར་ལ་བསམ་ཚུལ་བཀོད་པ་དེ་ལྟ་མཁན་ཞིག་ཡིན་ཚེ་མཐོང་བདེ་ནའང་ནང་གསེས་མཆན་བཀོད་ཁག་ལ་བསམ་ཚུལ་བཏོན་པ་ལ་ལྟ་བདེ་བོ་ཞིག་གཏན་ནས་མི་འདུག དེའི་རྐྱེན་གྱིས་སྔར་བཞིན་རང་སོར་བཞག་ན་གནོད་སྐྱོན་དང་དཀའ་ངལ་འདྲ་མེད་ན་དེ་བཞིན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ། དེ་མིན་ད་དུང་ཡང་འཆར་སྣང་སིབ་སིབ་ཅིག་བཤད་འདོད་པ་ནི་བསམ་ཚུལ་འདོན་ས་དེ་ལ་རིག་པ་འདོན་པ་ཞེས་བཀོད་འདུག་པ་དེ་ནི་ཚིག་བདེ་བོ་ཞིག་གཏན་ནས་མི་འདུག དེ་ལ་བསམ་ཚུལ་འདུན་པ་ཞེས་བཀོད་པ་ཡིན་ན་ཚིག་དོག་གཉི་གར་གོ་རྒྱུ་ཞིག་ཡོད་པར་སྙམ། འདི་དག་ནི་རང་གི་བསམ་ཚུལ་ཙམ་ཡིན་པས་དགོངས་འགལ་མེད་པར་ཞུ།

    Reply
  26. མཚོ་ཚང་བཀྲིས། says:
    ལོ་ 15 སྔོན།

    ལུང་རིགས་ལགས། ད་རུང་བཅོས་རན་མེད་པ་འདྲ། གནས་ཡོད་མི་སྣ་འགའ་ཞིག་གིས་ཡང་གླིང་རྡོ་རྗེ་ཁོང་བྲག་གཡབ་ནས་རེད་གསུང་གི་འདུག་དཱ། ཞིབ་པར་དཔྱོད་རོགས་འཚལ། རྗེས་འཇུག་ས་ཡོད་མེད་ཅི་མི་སྐྱོན་ཀྱང་ཕ་ཡུལ་གང་ནས་ཡིན་མིན་མ་ཤེས་ཚེ་ཕྱི་སྡོད་བོད་མིའི་ངོ་ཚ་མ་ཡིན་ནམ། དགོངས་འཇགས་འཚལ།

    Reply
  27. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཁོང་གིས་ཀྱང་རང་གི་མི་ཚེའི་ལོ་རྒྱུས་འདྲ་བྲིས་ཡོད་རྒྱུ་མ་རེད། ད་ནི་དགུང་ལོ་ ༧༩ རེད། ཡང་ལོ་རྒྱུས་ཀྱི་དེབ་རྒན་ཅིག་ང་ཚོའི་ལག་ལ་ཡོང་ས་མ་རེད།

    Reply
  28. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་གཉིས་ཀྱི་གསལ་བཤད་ལ་ཐུགས་རྗེ་ཆེ། དེ་དོན་བཟོ་བཅོས་བྱ་ངེས་ཡིན།

    Reply
  29. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 15 སྔོན།

    ཡངས་གླིང་རྡོ་རྗེའི་སྐྱེ་ཡུལ་འབའ་བ་ཡིན་པ་དང་། རིག་གནས་གསར་བརྗེ་མ་ལངས་གོང་ཙམ་ལ་སྡེ་དགེ་རྫོང་དུ་འགོ་ཁྲིད་བྱས་ནས་སྡེ་དགེ་པར་ཁང་སྲུང་སྐྱོབ་ཀྱི་ལས་འགན་ཁུར་མཁན་གྲས་ཡིན་འདུག་པ་དང་། རིག་གནས་གསར་བརྗེའི་སྐབས་སྡེ་དགེ་རྫོང་ཐོག་ཏུ་འཐབ་རྩོད་ཤུགས་ཆེན་ཕོག་ཡོད་འདུག སྲིད་ཇུས་གུ་ཡངས་རྗེས་བོད་རང་སྐྱོང་ལྗོངས་སུ་ལས་འགན་ཁུར་སྐབས་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་བྱ་བཞག་རྒྱ་ཆེར་བསྒྲུབས་ཡོད་སྐོར་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུང་གི་འདུག

    Reply
  30. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཁ་བ་ནག་པོ་དང་གནམ་ལྕགས་བཅས་ཀྱིས་དགོངས་ཚུལ་གནང་བར་ཐུགས་རྗེ་ཆེ། མིང་གི་དག་ཆར་འགྱུར་བ་གཏོང་གི་ཡིན།

    Reply
  31. གནམ་ལྕགས། says:
    ལོ་ 15 སྔོན།

    མི་འདིའི་མིང་གི་དག་ཆ་ལ་ཁ་བ་ནག་པོ་ལྟར་ཡང་འཇུག་ཡོད། ༡༩༩༡ལོའི་《སྦྲང་ཆར》དུས་དེབ་ཅིག་གི་སྟེང་དུ་ད་དུང་ཁོང་གིས་ཕུལ་བའི་ཤིས་ཚིག་ཕྱག་བྲིས་མ་ཞིག་ཡོད། དེ་དུས་དམ་པ་ཁོང་གིས་ཀྱང་རང་མིང་ཡང་འཇུག་ཅན་དེ་བྲིས་འདུག

    Reply
  32. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོར་དྲན་སྐུལ་ཞུ་རྒྱུ་ཞིག་ལ། ད་ནངས་ཞོགས་པར་ཁོང་གི་ཕ་ཡུལ་གྱི་སྐོར་ལ་དོགས་པ་ཡོད་མཁན་རེ་ཟུང་བྱུང་སྟབས། ངས་ཡང་གླིང་རྡོ་རྗེ་ལགས་ཀྱི་ཕ་ཡུལ་གང་ཡིན་བཙལ། རྒྱ་ཡིག་གི་དྲ་ཚིགས་ཤིག་ཏུ་ཁོང་གི་ངོ་སྤྲོད་མདོར་བསྡུས་ཤིག་འདུག དེའི་ནང་དུ་ཁོང་གི་ཕ་ཡུལ་འབའ་ཐང་ཡིན་པར་བཤད་འདུག

    ད་དུང་ངེས་ཤེས་གསལ་བོ་ཞིག་མ་བྱུང་སྟབས། ལམ་སེང་བཅོས་མེད། ཁོང་གི་ཕ་ཡུལ་གང་ཡིན་ཤེས་མཁན་ཚོས་ཡུལ་མིང་མཆན་གྱི་ནང་འགོད་རོགས།

    Reply
  33. དབུས་ཕྲུག་ཚེ་རིང་། says:
    ལོ་ 15 སྔོན།

    བོད་རིགས་དམར་ཤོག་པ་ཚོའི་ལོ་རྒྱུས་འདི་འདྲ་རེ་གོ་དུས་སེམས་པ་དྲོ་སོབ་སོབ་རེ་མི་བྱེད་ག་ལ་སྲིད།

    Reply
  34. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ཨོ་རེད་ཡ། དྲ་གྲོགས་མཚོ་ཚང་བཀྲིས་བཤད་པ་བཞིན། ད་གཞི་ནས་དྲན་བྱུང་། སྡེ་རུང་གིས་བྲིས་པ་དེ། ཡངས་གླིང་རྡོ་རྗེས་ལགས་ཀྱིས་སྡེ་དགེ་པར་ཁང་སྲཔང་སྐྱོབ་བྱས་པའི་མཛད་རྗེས་རེད། ང་ལ་གྲོགས་པོ་རྭ་གཉེན་ལགས་ཀྱིས་མཁོ་སྤྲོད་བྱས་ནི་ཡིན། དཔར་གློག་ཀྱང་ཡོད། ཁ་སྔོན་ནས་དྲ་ཐོག་ཏུ་འཇོག་བསམ་ནས་ཡུན་རིང་འགོར་སོང་། སང་ཉིན་གཟའ་ཉི་མ་ཡིན་པས་ཡིག་གཏགས་བྱས་རྗེ་དྲ་ཐོག་ཏུ་འགོད་ངེས་ཡིན།

    Reply
  35. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    སྡེ་རུང་ཚེ་རིང་དོན་གྲུབ་ཀྱིས་ཀྱང་ཡངས་གླིང་རྡོ་རྗེའི་སྐོར་ཞིག་བྲིས་ཡོད་བསམ། བོད་མི་རུས་པ་ཅན་ཞིག་དང་རུས་ལ་རྐང་ཡོད་མཁན་ཞིག་ཡིན་ས་རེད། སྙན་ངག་པ་ཡི་དམ་ཚེ་རིང་གིས་ཀྱང་ཁོང་ལ་ཆེད་དུ་སྙན་ཚིག་ཅིག་བྲིས་ཡོད་པ་ཁོའི་སྙན་དེབ་(ཁ་བའི་ལྗོངས་)ཀྱི་ནང་དུ་བཀོད་འདུག

    Reply
  36. མཚོ་ཚང་བཀྲིས། says:
    ལོ་ 15 སྔོན།

    ཁོང་ནི་སྡེ་དགེ་པར་ཁང་དང་འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་སྲོག་སྐྱོབ་དྲིན་ཆེན་བཅིག་པོ་དེ་རེད།

    Reply
  37. བདེ་བ་ཅན། says:
    ལོ་ 15 སྔོན།

    རྩོམ་སྒྲིག་པ་ལུང་རིགས་ལགས་ནས་བོད་རིགས་ཤེས་ཡོན་ལྡན་པའི་མཐོ་རིམ་ལས་བྱེད་རྒན་གྲས་ཡངས་གླིང་རྡོ་རྗེ་ལགས་ནས་ཉེ་དུས་སི་ཁྲོན་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ཚོགས་འདུའི་ཐོག་གསུངས་པའི་དགོངས་ཚུལ་ཁག་ཅིག་རྒྱ་ཡིག་གི་ཟིན་བྲིས་དྲ་གནས་ཁག་ཅིག་ཐོག་ཐོན་པ་བོད་བསྒྱུར་གནང་སྟེ་ང་ཚོར་མཁོ་འདོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    ཡངས་གླིང་ཞེས་པ་དེར་ཡང་འཇུག་ས་ཡོད་འདུག་ཅིང་གཞན་ཁོང་གི་མིང་གི་དག་ཆ་དེ་རང་ཡིན་བཟོ་འདུག གཉིས་པ་ཁོང་གི་འཁྲུངས་ཡུལ་ནི་ཁམས་འབའ་ཐང་རྫོང་དུ་ཡིན་བཟོ་འདུག་པ་ལས་བྲག་གཡབ་ཡིན་བཟོ་མི་འདུག
    ལྷག་པར་ད་ལྟའི་སི་ཁྲོན་བོད་རིག་པའི་ཞིབ་འཇུག་ཁང་དེ་ཡང་ཁོང་སྐུ་ངོ་མས་སྣེ་འཁྲིད་གནང་སྟེ་ 1995་ ལོ་ཙམ་དུ་བཙུགས་ཡོད་འདུག
    ཡངས་གླིང་རྡོ་རྗེ་ལགས་ནི་སྔ་རྗེས་སུ་སི་ཁྲོན་ཞིང་ཆེན་ཁོངས་གཏོགས་ཀྱི་བོད་རིག་རྫོང་ཁག་མང་པོ་ཞིག་གི་ནང་དུ་ཏང་ཨུད་ཀྱི་ཧྲུའུ་ཅི་གནང་མྱོང་བ་མ་ཟད། 1993 ལོར་སི་ཁྲོན་སློབ་ཆེན་ནང་དུ་བོད་ཀྱི་རབ་འབྱམས་ཞིབ་འཇུག་སླཽབ་མའི་འཛིན་གྲྭ་གསར་འཛུགས་གནང་བ་སོགས་བོད་ཀྱི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་ཐད་གལ་ཆེའི་ནུས་པ་བཏོན་མྱོང་མཁན་ཞིག་ཡིན་འདུག་ཅིང༌། དེ་བས་ཀྱང་ངོ་མཚར་ཆེ་བ་ཞིག་ལ་ཁོང་ནས་ཉེན་ཁར་མི་འཛེམས་པར་སྡེ་དགེ་རྫོང་ཏང་ཨུད་ཀྱི་ཧྲུའུ་ཅི་བྱ་རིང་མཚན་སྙན་ཆེ་བའི་སྡེ་དགེ་དཔར་ཁང་ཆེན་མོ་ཉམས་ཆག་སྲུང་སྐྱོབ་བྱ་རྒྱུར་ནུས་པ་ཆེན་པོ་བཏོན་གནང་མྱོང་ཡོད་པ་ཞིག་རེད། དེ་བཞིིན་མི་རིགས་ཀྱི་གནད་དོན་ནི་གྲལ་རིམ་གྱི་གནད་དོན་ཡིན་ཞེས་པར་ཁོང་ནས་རྒྱུ་མཚན་ཁ་གསལ་དྲངས་ཏེ་དགག་པ་བསྐྱོན་གནང་ཡོད་པ་དང༌། རྔ་པ་ཁུལ་གྱི་ཧྲུའུ་ཅིའི་ལས་འགན་བཞེས་རིང་ངོ་ལོག་གསར་པ་ཞེས་པའི་ལྟ་ཚུལ་ནོར་འཁྲུལ་ཅན་ཐོན་པ་དེར་ཞིབ་འཇུག་མཐིལ་ཕྱིན་བྱས་ཏེ་མང་ཚོགས་དཀར་འདོན་བྱ་ཐུབ་པའི་གནས་ཚུལ་ཡོད་འདུག་པ་དང་། 1980་ ནས་ 1985་ལོ་ཙམ་བར་བོད་རང་སྐྱོང་ཞེས་པའི་ཁུལ་དུ་ལས་དོན་བསྒྲུབས་ཡོད་པ་དང༌། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནས་ཚོགས་འདུ་མང་པོའི་སྟེང་ཐེངས་མང་པོར་ཡངས་གླིང་རྡོ་རྗེ་ནི་ རྒྱལ་ཁབ་ཀྱི་ལས་བྱེད་བཟང་པོ་དང་། གུང་ཁྲན་ཏང་ཡོན་བཟང་པོ། གྲངས་ཉུང་མི་རིགས་ཀྱི་དབུ་ཁྲིད་བཟང་པོ། ཆོས་ལུགས་པའི་གྲོགས་པོ་བཟང་པོ་ཡིན་ཅེས་གདེངས་འཇོག་བཀའ་གསུང་བསྩལ་མྱོང་ཡོད་པ་ཞིག་ཡིན་འདུག
    ཡངས་གླིང་རྡོ་རྗེ་ནི་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཀྲ་ ུའུ་ཞི་གཞོན་པ་གནང་མྱོང་ཞིང༌། ད་ལྟའི་ཆར་སི་ཁྲོན་སྤྱི་ཚོགས་ཚན་རིག་ཁང་གི་ཆེད་བསྐོས་ཞིབ་འཇུག་པ་དང༌། སི་ཁྲོན་ཞིང་ཆེན་སློབ་ཆེན་ལོ་རྒྱུས་ཚན་ཁག་གི་གདན་ཞུའི་སློབ་དཔོན་ཆེན་མོ་སོགས་ལས་འགན་མང་དག་ཞིག་འཁུར་བཞིན་ཡོད་འདུག་ལ། སི་ཁྲོན་བོད་རིག་པའི་ཞིབ་འཇུག་ཅེས་པའི་དེབ་ཕྲེང་དཔེ་བསྐྲུན་གྱིས་དཔྱད་རྩོམ་ཁག་ཅིག་མུ་མཐུད་བཀོད་མུས་ཡིིན་འདུག
    ་ གནས་ཚུལ་དེ་ཚོའི་ཐོག་ནས་ཉེ་དུས་ཁོང་གི་ཞིབ་འཇུག་ཚོགས་འདུའི་ཐོག་གསུངས་པའི་གཏམ་བཤད་དེ་ཚོ་ནི་ཧ་ཅང་དོན་སྙིང་ལྡན་པ་ཞིག་ཡིིན་པ་ཚོར་ཐུབ་ཅིང༌། ཁོང་གི་ལོ་མང་རིང་བོད་ཀྱི་གནད་དོན་དང་འབྲེལ་བའི་ལས་དོན་གྱི་འཁུར་བླངས་བའི་ཉམས་མྱོང་ཡོད་ཅིང༌། ལྷག་པར་དུ་བོད་མི་རིགས་ཀྱི་རིག་གཞུང་དང་འབྲེལ་བའི་དམིགས་བསལ་ནུས་པ་ཤུགས་ཆེ་བཏོན་ཡོད་པ་སོགས་ལས་བོད་ནང་དུ་ཡོད་པའི་མཐོ་རིམ་ལས་བྱེད་རྒན་གྲས་ཚོས་ད་ལྟའི་དུས་སུ་ནུས་པ་མང་ཙམ་བཏོན་རྒྱུ་འདི་ནི་དོན་གྱི་བདག་པོ་བོད་ནང་ཡོད་པའི་གཞིས་ལུས་བོད་མི་ཚོར་ཡོད་ཅེས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་བདུད་རྩི་ཡང་ནས་ཡང་དུ་བསྩལ་བཞིན་པའི་མཐུ་ལས་བོད་རིགས་ལས་བྱེད་རྒན་གྲས་ཚོས་གནད་དོན་དེའི་རིགས་མང་ཙམ་གླེང་ཐུབ་རྒྱུར་སྨོན་ལམ་འདེབས་རྒྱུ་ཡིན༎

    Reply
  38. ནམ་མཁའ་བསྟན་འཛིན། says:
    ལོ་ 15 སྔོན།

    ཨ་ཁུ་ཁ་བའི་བཤད་ནོ་བདེན་ཡ། ཡངས་གླིང་རྡོ་རྗེ་ཞེས་བྲིས་འདུག་པ་ཞིག་དྲན་གྱི་འདུག སྔོན་ཆད་ཁོ་བོ་བོད་ན་ཡོད་དུས་ཡངས་གླིང་རྡོ་རྗེ་མཆོག་ང་ཚོའི་སློབ་གྲྭར་གཟིགས་ལ་ཐེངས་གཅིག་ཕེབས་སོང་། དེ་དུས་བྱིས་བ་བསམ་མེད་ཡིན་ཙང་གཏམ་བཤད་ཅི་ཞིག་གནང་སོང་བ་དྲན་གྱི་མི་འདུག འོན་ཀྱང་མི་ཚང་རིག་གནས་གསར་རྗེའི་སྐབས་སུ་སྡེ་དགེ་དཔར་ཁང་ཆེན་མོ་སྐྱོབ་མཁན་དེ་མི་འདི་ཅེས་གླེང་གིན་འདུག་པ་ཞིག་ད་ལྟའང་དྲན་སོས་ཀྱི་འདུག

    Reply
  39. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ངས་འདི་འབའ་ཐང་དུ་སྐྱེས་པ་རེད་སྙམ་ཡོད། ད་ངོ་མ་བོད་མི་རིགས་ཟེར་བ་འདི་ཕ་བཟང་རུས་པ་གསེར་རེད། སུ་ཡིན་རུང་རང་རང་གི་ས་ནས་རང་རང་གི་ནུས་པ་རེ་འདོན་རྒྱུ་རེད། ད་བསམ་ན་ལེགས་མཆོག་དང་བྱམས་པ་ཕུན་ཚོགས་གཉིས་ཀྱི་རྩ་དགོངས་ཞུ་དགོས་བྱུང་བ་དེ་ཡང་འདི་འདྲའི་ལས་ཀ་རེ་དང་འབྲེལ་བ་ཡོད་མིན་སུས་ཤེས། ག་ལེར་ཤེས་ཡོང་རྒྱུ་རེད། ཁྱི་ཤི་ཤི་བྱེད་མཁན་ང་ཕོད་དང་ཐེན་པོ་སོགས་ཉུང་ཉུང་རེ་ལས་མི་འདུག་ག

    Reply
  40. ཁ་བ་ནག་པོ། says:
    ལོ་ 15 སྔོན།

    འབའ་པ་ཕུན་དབང་གི་ལོ་རྒྱུས་དེབ་དེའི་ནང་དུ་ཡངས་གླིང་རྡོ་རྗེ་ཞེས་ཡངས་ས་མཐའ་ཅན་འདི་བྲིས་ཡོད་བསམས། དེ་བཞིན་བོད་ལྗོངས་གསར་འགྱུར་སོགས་སུ་ཡང་དེ་བཞིན་ཡོད་སྙམ་པས་བརྟག་པར་འཚལ། གང་ལྟར་རྒད་པོ་འདིའི་ངོ་སོ་ཅིག་བསྟོད།

    Reply
  41. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ལུང་རིགས་ལགས། ཡང་གླིང་རྡོ་རྗེའི་མིང་གི་དག་ཆ་འགྲིགས་འདུག་ལགས། ཡང་གླིང་རྡོ་རྗེས་བོད་ཡིག་ཀྱང་འབྲི་ཀློག་ཡག་པོ་མཁྱེན་གྱི་རེད་བསམ་བྱུང་། ང་ཡང་ཡང་གླིང་རྡོ་རྗེ་དང་འབྲེལ་བའི་སྒྲུང་ཞིག་ཡོད། སྔོན་མ་ཀ་ཐོག་ཞིང་སྐྱོང་སྤྲུལ་སྐུ་ཟེར་བ་ཞིག་འདིར་རྒྱ་གར་དུ་བོད་གཞུང་དང་ཅིག་མ་འགྲིགས་ནས་ཕྱིར་བོད་དུ་ལོག་པ་རེད། དེའི་སྐབས་ཡང་གླིང་རྡོ་རྗེ་སི་ཁྲོན་གྱི་དཔོན་རོགས་མཐོ་གྲས་ཤིག་ཡིན་སྟབས་ཞིང་སྐྱོང་སྤྲུལ་སྐུ་ལ་ས་ཆ་སྤྲད་རྒྱུ་སོགས་སྣེ་ལེན་བྱ་རྒྱུའི་འགན་དེ་ཁོར་བབ་ཡོད་པ་རེད་ཟེར། དེའི་སྐབས་སུ་ཁོས་ཁས་མ་བླངས་པ་རེད་ཟེར། མི་འདི་ཚོས་ཐོག་མར་རྒྱ་མིས་འགྲིགས་མ་སོང་ཟེར་ནས་ཕར་སོང་། ད་ཏཱ་ལའི་བླ་མས་འགྲིགས་མ་སོང་ཟེར་ནས་ཚུར་ཡོང་། མི་འདིའི་གྲས་ཡག་པོ་མེད། ཡིད་ཆེས་བྱ་རྒྱུ་མེད་ཅེས་བརྗོད་པ་རེད་ཟེར། མི་རུས་པ་ཅན་ཞིག་རེད་ཟེར་ནས་ཤོད་མཁན་མང་པོ་འདུག་ལགས།

    Reply
  42. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ལུང་རིགས་ལགས། ཡང་གླིང་རྡོ་རྗེའི་མིང་གི་དག་ཆ་འགྲིགས་འདུག་ལགས། ཡང་གླིང་རྡོ་རྗེས་བོད་ཡིག་ཀྱང་འབྲི་ཀློག་ཡག་པོ་མཁྱེན་གྱི་རེད་བསམ་བྱུང་། ང་ཡང་ཡང་གླིང་རྡོ་རྗེ་དང་འབྲེལ་བའི་སྒྲུང་ཞིག་ཡོད། སྔོན་མ་ཀ་ཐོག་ཞིང་སྐྱོང་སྤྲུལ་སྐུ་ཟེར་བ་ཞིག་འདིར་རྒྱ་གར་དུ་བོད་གཞུང་དང་ཅིག་མ་འགྲིགས་ནས་ཕྱིར་བོད་དུ་ལོག་པ་རེད། དེའི་སྐབས་ཡང་གླིང་རྡོ་རྗེ་སི་ཁྲོན་གྱི་དཔོན་རོགས་མཐོ་གྲས་ཤིག་ཡིན་སྟབས་ཞིང་སྐྱོང་སྤྲུལ་སྐུ་ལ་ས་ཆ་སྤྲད་རྒྱུ་སོགས་སྣེ་ལེན་བྱ་རྒྱུའི་འགན་དེ་ཁོར་བབ་ཡོད་པ་རེད་ཟེར། དེའི་སྐབས་སུ་ཁོས་ཁས་མ་བླངས་པ་རེད་ཟེར། མི་འདི་ཚོས་ཐོག་མར་རྒྱ་མིས་འགྲིགས་མ་སོང་ཟེར་ནས་ཕར་སོང་། ད་ཏཱ་ལའི་བླ་མས་འགྲིགས་མ་སོང་ཟེར་ནས་ཚུར་ཡོང་། མི་འདིའི་གྲས་ཡག་པོ་མེད། ཡིད་ཆེས་བྱ་རྒྱུ་མེད་ཅེས་བརྗོད་པ་རེད་ཟེར། མི་རུས་པ་ཅན་ཞིག་རེད་ཟེར་ནས་ཤོད་མཁན་མང་པོ་འདུག་ལགས།

    Reply
  43. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རྒྱ་ནག་གི་ལྟོ་ཕོག་ཟ་མཁན་བོད་མི་ཚོས་མི་ཁོང་ལ་སློབ་སྦྱོང་བྱེད་ཐུབ་ན་ག་འདྲ་ཡག་པོ་ཨང།
    ཁ་མ་ཡིན་དོན་གྱིས་བོད་མི་རིགས་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ན་རྒྱ་ནག་གཞུང་གི་འོག་ཏུ་རྒྱུན་རིང་ཁ་པོ་རེད་དྲན།

    Reply
  44. ཁ་བ་ནག་པོ། says:
    ལོ་ 15 སྔོན།

    ཡངས་གླིང་རྡོ་རྗེ་འདི་མི་རེ་བ་ཅན་ཞིག་ཡིན། དེ་ནི་འབའ་བ་ཕུན་དབང་གི་མི་ཚེའི་ལོ་རྒྱུས་ལས་ཀྱང་ཏོག་ཙམ་རེ་ཤེས་ཐུབ་ཀི

    Reply
  45. ཟ་ལེ་རྒྱལ། says:
    ལོ་ 15 སྔོན།

    གསར་འགྱུར་འདི་གང་མགྱོགས་ངང་བྱམས་པ་ཕུན་ཚོགས་དང་བདྨ་འཕྲིན་ལས་གཉིས་ལ་བསྐུར་དགོས་བ་རེད། སུས་འཇོན།

    Reply
  46. དབྱངས་བུ། says:
    ལོ་ 15 སྔོན།

    ནཱ་སཱ་སྦི་སྦི་སི་གསར་འགྱུར་ནང་གསལ་ལྟར་ན། དེ་རིང་མཚན་མོའི་ཆུ་ཚོད་་༡༢ ནས་་ཞོགས་པའི་ཆུ་ཚོད་་༤ བརཁོ་སི་མོ་འོད་རྡུལ་་COSMO rays མཱར་སེ་ནས་སའི་གོ་ལའི་ནང་འཛུལ་གྱི་འདུག་པས། ཁྱེད་རྣམས་ཀྱི་ལག་ཐོག་ཁ་པར་ལ་གནོད་སྐྱོན་མི་ཡོང་སླད་ཁ་རྒྱབ་དགོས།།

    མཆན། གོང་གི་གནས་ཚུལ་དེ་ནི་གུས་པས་(Yahoo!Answer)ཞེས་པའི་དྲ་རྒྱ་ལས་དོན་བསྒྱུར་གྱིས་བཀོད་པ་ཡིན།

    Reply
  47. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ཡོང་ནས་བཀླགས་ཟིན།

    Reply
  48. བསེ་རུ། says:
    ལོ་ 15 སྔོན།

    ༡༠༨༠ གྱ་གྲངས་ཀྱི་ནང་ཞེས་པའི་ལོ་ཚིགས་འདི་ནོར་བ་མ་རེད་དམ། ནོར་ཡོད་ཚེ་གང་མགྱོགས་བཅོས་རོགས།།

    Reply
  49. གཞིས་ལུས་བོད་པ། says:
    ལོ་ 15 སྔོན།

    ཡངས་གླིང་རྡོ་རྗེ་ཞེས་དུས་དེབ་ཅིག་གི་ཐོག་ཏུ་བྲིས་འདུག མི་མཛད་རྗེས་ཅན་ཞིག་རེད། སྙན་ངག་པ་ཡི་དམ་ཚེ་རིང་གིས་ཀྱང་ཁོང་ལ་བསྡགས་བརྗོད་བྱས་འདུག

    Reply
  50. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    རྩོམ་སྒྲིག་པ་ལགས། ངས་ཉིད་ཀྱི་ཟིན་བྲིས་ནང་དུ་སྐད་ཞིག་བཞག་ཡོད་ལགས། དེར་གཟིགས་ནས་ལན་ཞིག་ཡོད་པ་ཞུ།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese