མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་ཞི་མོལ་དང་འབྲེལ་བའི་ཆབ་སྲིད་ཚིག་སྦྱོར་འགའ་ལ་དཔྱད་པ། བསྟན་འཛིན་ཉིན་བྱེད།

བོད་ཀྱི་དུས་བབ།
༢༠༡༠/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

 

བསྟན་འཛིན་ཉིན་བྱེད།

ལོ་ཤས་རིང་ངས་བོད་རྒྱ་ཞི་མོལ་གྱི་གནད་དོན་ཐོག་དོ་སྣང་དང་དཔྱད་ཞིབ་ཅིག་བྱས་པ་ཡིན་ལ། གནད་དོན་འདི་དང་འབྲེལ་བའི་ཐད་དེ་རིང་སྐད་ཆ་འགའ་གླེང་ན་བསམ་བྱུང་། བོད་རྒྱའི་དཀའ་རྙོག་འདི་ད་བར་ཞི་མོལ་གྱི་ལམ་ནས་སེལ་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གི་ཧམ་པ་དང་དངོས་ཡོད་གནས་ཚུལ་ངོས་ལེན་མ་བྱས་པ་དེ་རེད། ཚང་མས་མཁྱེན་གསལ་ལྟར་རྒྱ་གཞུང་གིས་བོད་ཀྱི་གནད་དོན་ཞེས་པ་ཞིག་ངོས་ལེན་ནམ་ཡང་མི་བྱེད་ཅིང་། ཁོ་པ་ཚོས་བརྗོད་གསལ་ལྟར་ན་གཞིས་ལུས་བོད་མི་ཚོ་ནི་བདེ་ཐག་ཆོད་དང་སྐྱིད་ཐག་ ཆོད་ཡོད། གནད་དོན་གཙོ་བོ་ནི་བཙན་བྱོལ་དུ་གནས་པའི་རྒྱལ་བ་རིན་པོ་ཆེས་གཙོས་བོད་རིགས་ རྣམས་ཀྱི་མི་ཚེའི་མདུན་ལམ་དེ་ལ་ཐུག་ཡོད་པ་རེད་ཅེས་བཤད་ཀྱི་ཡོད། འདི་ནི་རྫུན་གཏམ་ཞིག་ཡིན་པར་རྒྱལ་སྤྱིའི་མི་མང་ཙམ་དུ་མ་ཟད། རྒྱ་གུང་བྲན་ཏང་རང་ཉིད་ནས་ཀྱང་ཤེས་ཀྱི་ཡོད་པ་རེད། མདོར་བསྡུས་ནས་བཤད་ན། རྒྱ་ནག་གུང་བྲན་ཏང་ལ་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་བཟང་ཕྱོགས་ཀྱི་སྙིང་ སྟོབས་དང་ཆབ་སྲིད་ཀྱི་མདུན་པ་ཞིག་མེད་ལ། མེ་མདའི་ཁ་རྩེ་ནས་དབང་ཆའི་ལམ་ལུགས་ལ་ངོས་འཛིན་བྱེད་མཁན་གྱི་སྲིད་དབང་སྒེར་འཛིན་ཞིག་གིས་གདོང་ཐུག་ནས་སྐད་ཆ་བཤད་དེ་ཆབ་སྲིད་ཀྱི་གནས་བབ་ལ་འགྱུར་བ་གཏོང་ རྒྱུའི་ལམ་སྲོལ་དེ་ལ་ཡིད་ཆེས་བྱེད་ཀྱི་མེད། དེ་འདྲའི་ཐབས་སྐྱོ་པོའི་གནས་སྟངས་འདི་ནི་རྒྱ་གུང་བྲན་ཏང་ཙམ་དུ་མ་ཟད། འཛམ་གླིང་སྤྱི་ཡོངས་ཀྱི་ཆབ་སྲིད་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། འདི་ནི་ཧ་ཅང་གི་བློ་ཕམ་པའི་གནས་ཚུལ་ཞིག་རེད། དེར་བརྟེན་རྒྱལ་བ་རིན་པོ་ཆེས་ག་དུས་ཡིན་ཡང་དུས་རབས་ཉི་ཤུ་རྩ་གཅིག་འདི་ཞི་མོལ་གྱི་དུས་རབས་ཤིག་ཏུ་བསྐྲུན་ཐུབ་པ་བྱེད་དགོས་ཅེས་བཀའ་སློབ་ནན་པོ་གནང་གི་ཡོད།

ང་ཚོས་རྒྱ་གུང་བྲན་ཏང་དང་འཐབ་རྩོད་བྱེད་སྐབས་འཚེ་མེད་ཞི་བའི་ལམ་བེད་སྤྱོད་གཏོང་གི་ཡོད་ལ། བོད་ནང་དུ་དངོས་ཤུགས་བརྒྱུད་གསུམ་གྱིས་རྒྱ་རིགས་བཙན་རྒྱལ་རིང་ལུགས་པ་ཚོར་ཁ་ གཏད་བཅག་དང་གཅོག་བཞིན་ཡོད་པ་རེད། ༢༠༠༨ ལོའི་བོད་ཆོལ་གསུམ་ས་ཁུལ་ཁྱོན་ཡོངས་ལ་གཅིག་རྗེས་གཉིས་འཐུད་ཀྱིས་ཞི་བའི་སྐད་འབོད་བྱས་པ་དེ་དཔེ་མཚོན་གསལ་ཤོས་ཤིག་ཡིན། དེ་བཞིན་བཙན་བྱོལ་ནང་དུའང་ད་བར་ཞི་བའི་སྐད་འབོད་ཀྱིས་མཚོན་པའི་ལས་འགུལ་སྣ་མང་ཞིག་མུ་མཐུད་སྤེལ་ཡོད་པ་མ་ཟད། འབྱུང་འགྱུར་ཡང་མུ་མཐུད་སྤེལ་རྒྱུ་རེད།

ཡིན་ནའང་རྒྱ་གུང་བྲན་ཏང་མཉམ་འཐབ་རྩོད་བྱེད་སྐབས་ང་ཚོས་དོ་སྣང་དམིགས་ བསལ་བྱེད་དགོས་པ་ཞིག་ནི་རྒྱའི་གཞུང་འབྲེལ་གསར་འགྱུར་དྲིལ་བསྒྲགས་ཁག་དང་། ལྷག་པར་དུ་བོད་ཀྱི་གནད་དོན་དང་འབྲེལ་བའི་ཐད་ཁོང་ཚོས་ཆབ་སྲིད་ཀྱི་ཚིག་སྦྱོར་ བེད་སྤྱོད་བྱེད་བཞིན་པ་དེ་ཡིན། རྒྱ་གུང་བྲན་ཏང་གིས་བོད་ཀྱི་གནད་དོན་ཐད་བེད་སྤྱོད་གཏོང་བཞིན་པའི་ཆབ་སྲིད་ ཀྱི་བརྗོད་ཚིག་ཁག་གི་རྒྱབ་ཁུག་ཏུ་མ་འོངས་བོད་ཀྱི་ལས་དབང་དང་འབྲེལ་བའི་སྲིད་ དོན་གྱི་གནད་འགག་མང་པོ་ཞིག་ཡོད་པར་དོགས་མི་དགོས། ཁོང་ཚོས་བརྗོད་ཚིག་བེད་སྤྱོད་གཏོང་བ་དཔེར་ན། བོད་ཆེན་པོ། Greater Tibet ཁ་བྲལ་རིང་ལུགས། Separatism གྲངས་ཉུང་མི་རིགས། Minority Nationality མི་རིགས་ས་གནས་རང་སྐྱོངས། Regional Ethnic Autonomy མེས་རྒྱལ། Mainland China ཧན་རྒྱ་རིགས། Han Chinese སོགས་ཀྱི་རྒྱབ་ཁུག་ཏུ་བོད་མི་རིགས་ཀྱི་ཁེ་ཕན་ལ་གནོད་པའི་འཐབ་བྱུས་ངན་པ་ཡོད།

མདོར་བསྡུས་ཏེ་བརྗོད་ན། ཆབ་སྲིད་ཀྱི་ཚིག་སྦྱོར་དེ་རིགས་ཀྱི་རྒྱབ་ཏུ་སྦས་པའི་དངོས་ཡོད་ཀྱི་གནད་དོན་གཙོ་བོ་ནི་བོད་འདི་ལོ་རྒྱུས་རང་བཞིན་གྱི་རྒྱ་ནག་གི་ཆ་ཤས་རེད་ཅེས་པ་དེ་ཡིན། ཆབ་སྲིད་ཀྱི་གནད་འགག་འདི་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་རེད། ཆེས་ཉེན་ཁ་ཅན་གྱི་གནས་ཚུལ་ཞིག་ནི། དེང་སང་བོད་གཞུང་དང་དང་གཞུང་འབྲེལ་མིན་པའི་ཆབ་སྲིད་ཡིག་ཆ་ཁག་གཙོས་པའི་བོད་རིགས་ཤེས་ཡོན་ཅན་དང་བོད་མི་དཀྱུས་མ་ཚོའི་ཁ་ལ་ཆབ་སྲིད་ཀྱི་ཚིག་སྦྱོར་དེ་་རིགས་སྣང་མེད་བེད་སྤྱོད་གཏོང་བཞིན་འདུག དེ་དག་བེད་སྤྱོད་གཏོང་ཚེ་རྒྱ་གུང་བྲན་ཏང་གིས་བོད་ཀྱི་ལོ་རྒྱུས་ལ་བསྐྱར་བྲིས་ཀྱིས་བོད་དེ་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་ཡིན་ཞེས་འཁྱོག་བཤད་བྱེད་བཞིན་པ་དེར་ཤུགས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད་པས་དེ་འདྲ་བེད་སྤྱོད་གཏོང་ རྒྱུ་མེད།

འོ་ན་ཆབ་སྲིད་ཀྱི་བརྗོད་ཚིག་དེ་ཚོའི་ཚབ་ཏུ་ང་ཚོའི་ངོས་ནས་ཅི་ཞིག་བེད་ སྤྱོད་གཏོང་དགོས་བརྗོད་ན་འདི་འདྲ་ཞིག་སྟེ། རྒྱ་གུང་བྲན་ཏང་གིས་བོད་ཆེན་པོ་ Greater Tibet ཞེས་པའི་ཚབ་ཏུ་བོད། Tibet ༼བོད་ཆེ་ཆུང་གི་སྐད་ཆ་གང་ཡང་མེད་ལ། བོད་ནི་གཅིག་ལས་མེད། ལོ་རྒྱུས་ཐོག་བོད་ཁ་ཐོར་དུ་སོང་ཡོད་ནའང་། བོད་རིགས་ཆོལ་གསུམ་ཡོངས་ཆོས་རིག་གཞུང་སྐད་ཡིག་གཅིག་མཚུངས་ཀྱི་མི་རིགས་ཤིག་ ཡིན། ལོ་རྒྱུས་ནང་མི་རིགས་གཅིག་མཚུངས་ཡིན་པའི་རྒྱལ་ཁབ་ཁ་འཐོར་གྱིས་སླར་ཡང་གཅིག་ འགྱུར་བྱུང་བ་མང་པོ་བྱུང་ཡོད། ཡོ་རོབ་ཀྱི་རྒྱལ་ཁབ་ཕལ་མོ་ཆེ་དེ་འདྲ་རེད།༽ གྲང་ཉུང་མི་རིགས་ Minority Nationality ཀྱི་ཚབ་ཏུ་བོད་མི། Tibetan people ༼གྲང་ཉུང་མི་རིགས་ཅེས་བརྗོད་སྐབས་བོད་མི་རིགས་ལ་ལོ་རྒྱུས་ཐོག་ནས་རྒྱལ་ཁབ་ ཁེར་རྐྱང་རང་བཙན་ཅན་ཞིག་མེད་པའི་རྣམ་པ་སྟོན་གྱི་ཡོད། མ་ཟད་བོད་མིར་གྲངས་ཉུང་མི་རིགས་ཅེས་བརྗོད་པ་འདིས་བོད་ཀྱི་གནས་བབ་རྒྱ་ཁ་ཆེ་ གཙོས་པའི་གྲངས་ཉུང་མི་རིགས་གཞན་དང་གཅིག་མཚུངས་སུ་འདོད་ཀྱི་ཡོད། འདིར་རྒྱ་ནག་གིས་བཙན་འོག་ཏུ་དཀའ་སྡུག་མྱོང་བཞིན་པའི་མི་རིགས་གཞན་ཚོར་མཐོང་ ཆུང་ཁྱད་གསོད་བྱས་པ་ཞིག་མིན་ལ། དངོས་ཡོད་ལོ་རྒྱུས་གནས་བབ་ཐོག་ནས་བརྗོད་ཀྱི་ཡོད། དེ་ནི་དངོས་འབྲེལ་མིན་པ་རྒྱ་གུང་བྲན་ཏང་རང་ཉིད་ཀྱིས་ཤུགས་ཀྱིས་ཁས་ལེན་བྱས་ ཡོད་པ་སྟེ། ༡༩༥༡ ལོར་གུང་བྲན་ཏང་སྲིད་གཞུང་གིས་བོད་གཅིག་པུའི་མཉམ་ཡིག་ཐོག་ནས་གྲོས་མཐུན་དོན་ ཚན་བཅུ་བདུན་ཟེར་བ་དེ་བཞག་པས་མཚོན་ཐུབ།  དེ་འདྲའི་གྲོས་མཐུན་ཟེར་བ་ཞིག་གྲངས་ཉུང་མི་རིགས་གཞན་སུ་ཞིག་དང་མཉམ་དུ་བཞག་ མེད། ལྷག་པར་དུ་རྒྱལ་སྤྱིའི་ཁྲིམས་མཐུན་ལྟར་ན་བོད་མི་མང་ལ་མི་རིགས་ཏེ། People ཞེས་པའི་ཆ་རྐྱེན་ཡོངས་རྫོགས་ཚང་ཡོད་སྟབས་ཁྲིམས་མཐུན་རང་ཐག་རང་གཅོད་ཀྱི་ཐོབ་ ཐང་ལྡན་ཡོད།༽ཁ་བྲལ་རིང་ལུགས་ Separatism/Splittism ཀྱི་ཚབ་ཏུ་རང་བཙན་ Independence ཏེ་རྒྱ་གཞུང་གིས་ཁྱེད་ཚོ་བོད་འདི་ཁ་བྲལ་གཏོང་གི་འདུག་ཅེས་བརྗོད་སྐབས་ང་ཚོས་ བོད་ཁ་བྲལ་གཏོང་གི་མེད་ཅེས་མ་བརྗོད་པར་བོད་ལ་རང་བཙན་རྩོད་ཀྱི་མེད་ཅེས་ བརྗོད་དགོས། དེའི་རྒྱུ་མཚན་རྒྱལ་སྤྱིའི་ཁྲིམས་ཀྱི་གནད་འགག་ལ་ཐུག་ཡོད། ཁ་བྲལ་ཞེས་པའི་ཚིག་སྦྱོར་འདིས་བོད་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་ཏེ་ཁ་བྲལ་ གཏོང་ན་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་པའི་རྣམ་པ་སྟོན་གྱི་ཡོད། འོན་ཀྱང་ང་ཚོས་རང་བཙན་རྩོད་ཀྱི་མེད་ཅེས་བརྗོད་ན། བོད་འདི་ལོ་རྒྱུས་ཐོག་རང་བཙན་ཅན་གྱི་རྒྱལ་ཁབ་ཞིག་ཡིན་ཅིང་། ད་ལྟའི་ཆར་རྒྱའི་བཙན་འོག་ཏུ་ཡོད་པ། ཡིན་ནའང་ང་ཚོས་རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་ཐོག་བོད་ལ་རང་བཙན་རྩོད་ རྒྱུའི་ཐོབ་ཐང་དང་བདེན་པ་ཡོད་རུང་རྒྱའི་སེམས་འཁུར་ལ་བསམ་ཤེས་ཟེར་ནའང་འདྲ་ རྒྱའི་ཧམ་བཤད་སྐྱག་རྫུན་ལ་མགོ་བཏགས་གིས་བོད་ལ་རང་བཙན་མ་རྩོད་པར་རང་སྐྱོང་ རྩོད་ཀྱི་ཡོད་པའི་རྣམ་པ་སྟོན་གྱི་ཡོད། མདོར་བསྡུས་ཏེ་བརྗོད་ན། ཁ་བྲལ་རིང་ལུགས་ཞེས་པའི་ཚིག་འདི་ཉིད་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་པ་ དང་། རང་བཙན་ཞེས་པའི་ཚིག་འདི་རྒྱལ་སྤྱིའི་ཁྲིམས་དང་མཐུན་གྱི་ཡོད་པ་དེ་རེད། དེ་བཞིན་མི་རིགས་ས་གནས་རང་སྐྱོང་ Regional Ethnic Autonomy གི་ཚབ་ཏུ་རང་སྐྱོང་ Self-rule ཞེས་སི་ཏིསི་སྦག་གསུང་བཤད་ནང་འཁོད་པ་བཞིན་བེད་སྤྱོད་གཏོང་དགོས་པ་དང་། རྒྱ་ནག་སྐམ་ས་ཆེན་པོའི་ Mainland ཚབ་ཏུ་རྒྱ་ནག China ༼གུང་བྲན་ཏང་གིས་བོད་བཙན་འཛུལ་མ་བྱས་གོང་གི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁག་ནང་ བོད་དང་རྒྱ་ནག་ཅེས་ཐ་དད་དུ་བཞག་པ་མ་གཏོགས་རྒྱ་ནག་སྐམ་ས་ཆེན་པོ་ཞེས་པའི་ བརྗོད་ཚིག་ཅིག་ཁྱོན་ནས་མེད། རྒྱ་ནག་སྐམ་ས་ཆེན་པོ་ཞེས་བརྗོད་སྐབས་བོད་དེ་རང་བཞིན་གྱིས་རྒྱའི་ཁོངས་སུ་ཡིན་ པར་གཏོགས་ཀྱི་ཡོད།༽ རྒྱ་ཧན་མི་རིགས་ Han Chinese ཀྱི་ཚབ་ཏུ་རྒྱ་མི་ Chinese ཞེས་བེད་སྤྱོད་གཏོང་དགོས་ཏེ། རྒྱ་ཧན་མི་རིགས་ཀྱིས་ཤུགས་ཀྱིས་རྒྱ་བོད་རིགས་ Tibetan Chinese ཏེ། ཧན་རིགས་དང་བོད་རིགས་གཉིས་པོ་རྒྱའི་ཁོངས་གཏོགས་ཡིན་པར་སྟོན་གྱི་ཡོད།

དེར་་བརྟེན་གནད་འགག་ཅན་གྱི་ཆབ་སྲིད་ཚིག་སྦྱོར་དེ་རིགས་ངོ་འཕྲོད་པའི་ཐོག་ང་ཚོས་རྒྱ་གུང་བྲན་མཉམ་འཐབ་རྩོད་བྱེད་དགོས། དེ་མིན་རྒྱལ་སྤྱིའི་ཁྲིམས་ལུགས་དང་འབྲེལ་བའི་ཆབ་སྲིད་ཀྱི་ཚིག་སྦྱོར་གནད་འགག་རིགས་མགོ་ཅི་ཡང་མ་ཚོད་དེ་རྒྱས་བཤད་པ་བཞིན་ཚིག་སྦྱོར་བེད་སྤྱོད་གཏོང་ན་རང་ཉིད་ཀྱི་རྐང་པར་རང་ཉིད་ཀྱིས་སྟ་རེས་བཞུས་པའི་དཔེ་དང་འདྲ་བར་རང་ཤི་རྒྱག་ གི་ཡོད།

ཡང་གནད་ཡོད་ཅན་གྱི་མི་སྣ་འགས་ང་ཚོས་གྲངས་ཉུང་མི་རིགས་དང་། མི་རིགས་ས་གནས་རང་སྐྱོང་ཞེས་པའི་ཚིག་བེད་སྤྱོད་མ་གཏོང་རང་གཏོང་རེད། གང་ལགས་ཤེ་ན། ང་ཚོས་རང་སྲིད་རང་སྐྱོང་སྟེ་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞི་ནང་བོད་ཀྱི་ གནད་དོན་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད་ཀྱི་ཡོད། དེ་ནི་ཆབ་སྲིད་ཀྱི་གནས་ལུགས་གཏིང་ཟབ་གོ་ཚོད་ཀྱི་མེད་པས་ཡིན། ཐད་ཀར་བརྗོད་ན་བྱབ་ཆུང་བའི་སྐད་ཆ་ཞིག་རེད། དོན་དངོས་ལ་ང་ཚོར་རང་སྐྱོང་ཞིག་ཐོབ་པར་རྒྱའི་དྲིལ་བསྒྲགས་ཐོག་སྤེལ་བའི་ཚིག་ སྦྱོར་དེ་རིགས་བེད་སྤྱོད་མ་བྱས་ན་ནུས་པ་ཆེ་བ་ཐོན་རྒྱུ་ཡིན། དཔེར་ན། སི་ཀོ་ཊི་ལན་ཌི་ Scotland ལྟ་བུར་དབྱིན་ཇིའི་ Britain འོག་ཚད་མཐོའི་རང་སྐྱོང་གི་གནས་བབ་ཡོད་ལ། འོན་ཀྱང་ཁོང་ཚོས་ག་དུས་ཡིན་ཡང་སི་ཀོ་ཊི་ལན་ཌི་ཡི་ལོ་རྒྱུས་དབྱིན་ཇི་ལས་ཐ་དད་ ཡིན་པ་དང་། རང་ཉིད་སི་ཀོ་ཏེཤ་མི་རིགས་ Scottish ཤིག་ལས་དབྱིན་ཇིའི་གྲངས་ཉུང་མི་རིགས་ A minority nationality in Britain ཤིག་ཏུ་ངོས་འཛིན་ནམ་ཡང་བྱེད་ཀྱི་མེད། དེར་བརྟེན་ད་ལྟའི་ཆར་སི་ཀོ་ཊི་ལན་ཌི་ལ་དབྱིན་ཇིའི་འོག་ཚད་མཐོའི་རང་སྐྱོང་ཡོད་ནའང་ ཉིན་མ་གཅིག་མང་མོས་འོས་བསྡུའི་ Plebiscite ལམ་ནས་རང་བཙན་བྱེད་རྒྱུའི་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཀྱང་ཐོབ་ཐང་ཡོད་པ་རེད། མ་གཞི་ནས་རྒྱ་ནག་གི་རྩ་ཁྲིམས་འདི་རྟག་པ་ཞིག་མིན་ལ། འགྱུར་བའི་རང་བཞིན་ཞིག་རེད། ད་བར་འགྱུར་བ་ཚད་མེད་བཏང་ཡོད། དཔེར་ན་ཧོང་ཀོང་ལ་དམིགས་བསལ་རང་སྐྱོང་བསྐྲུན་ཆེད་རྩ་ཁྲིམས་ཀྱི་ཚིག་འབྲུ་ལ་འགྱུར་བ་བཏང་ཡོད། དེ་འདྲ་བོད་ཀྱི་གནད་དོན་ཐོག་ལ་འགྱུར་བ་གཏོང་མི་ཐུབ་པ་ཅི་ཡང་མིན། བོད་ལ་སྤྱིར་ཧོང་ཀོང་ལས་ཀྱང་རང་སྐྱོང་ཆེ་བའི་ཐོབ་ཐང་ཅིག་ཡོད་པ་རེད།

སྤྱིར་བཏང་ངོས་རང་མའོ་ཚེ་ཐུང་༼ཙེ་ཏུང་༽གི་ལུང་འདྲེན་པར་དགའ་པོ་མེད། ཡིན་ནའང་དེ་རིང་འདིར་ལུང་འདྲེན་མི་བྱེད་ཀ་མེད་ཐུག་བྱུང་། མའོ་ཚེ་ཐུང་བོད་བཙན་འཛུལ་དང་བོད་ལ་མནར་གཅོད་གཏོང་མཁན་གྱི་འགོ་གཙོ་ཡིན་སྟབས་ཁོ་པའི་སྐད་ཆ་དེ་ང་ཚོའི་སེམས་ལ་ཟུག་ཤུགས་ཆེ་བ་མེད་ན་སྙམ། མའོས་དེ་འདྲ་ཞིག་བཤད་ཡོད་དེ། གལ་ཏེ་ང་ཚོས་དྲིལ་བསྒྲགས་ཀྱི་དམག་འཐོབ་ན་རྒྱལ་ཁ་ཕྱེད་ཀ་འཐོབ་ཚར་པ་རེད་ཅེས་བརྗོད་ཡོད། དེར་བརྟེན་ང་ཚོས་རྒྱའི་མཉམ་ཆབ་སྲིད་དྲིལ་བསྒྲགས་ཀྱི་འཐབ་རྩོད་བྱེད་སྐབས་ངེས་པར་དུ་བོད་ཀྱི་མི་རབས་རྗེས་མའི་ལས་དབང་དང་འབྲེལ་བའི་བོད་རྒྱ་ཞི་མོལ་གྱི་ལས་རིམ་ནང་བེད་སྤྱད་པའི་ཆབ་སྲིད་ཀྱི་ཚིག་སྦྱོར་རིགས་ཀྱི་རྒྱབ་ལྗོངས་གནད་འགག་རྣམས་རྟོགས་བཞིན་དེ་ལྟར་བེད་སྤྱོད་གནང་དགོས་སོ།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡༢ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 5

  1. གཞིས་ཆགས་བུ། says:
    ལོ་ 16 སྔོན།

    ཉིན་བྱེད་ལགས། ངོ་མ་རྩོམ་ཡིག་ཡག་པོ་བྲིས་འདུག ད་དུང་ཡང་མུ་མཐུད་ནས་རྩོམ་ཡིག་གང་མང་སྤེལ་བའི་འཚམས་འདྲི་དང་སྨོན་ལམ་ཡོད།

    ལོ་གསར་ལ་བཀྲ་ཤིས་བདེ་ལེགས།་

    Reply
  2. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    ཨ་རོགས་ཉིད་བྱེད། ཡང་རྩོམ་ཡག་པོ་བྲིས་འདུག ངས་ལྟོས་ན་རྩོམ་འདི་ཁ་སང་གི་དེ་ལས་ཀྱང་གཡག་པོ་བྱུང་འདུག ཡིན་ནའང་། ད་དུང་ཚིག་འགྲེལ་བརྒྱག་དགོས་པ་འགའ་ལྷག་འདུག ཁྱོད་ལ་བོད་ཡིག་ཐོག་རྩོམ་མ་འབྲི་ལབ་ན་ཉན་རོགས་བྱེད་ཀྱི་མུ་འདུག ཨོ་ན་ད་མུ་མཐུད་དུ་ཡིན་ད༌༌༌༌༌༌

    Reply
  3. བྱམས་རྒྱལ། says:
    ལོ་ 16 སྔོན།

    སློབ་སྦྱོང་མང་པོ་ཐོབ་སོང་ པར་བཤུ་གཅིག་རྒྱབ་ནས་རྒྱུན་དུ་ཀློག་གི་ཡིན་ ནང་དམེ་དང་ ཕྲག་དོག་ ཕྱོགས་ལྷུང་གི་དྲི་མས་ འགོས་པའི་ བསམ་ཚུལ་ཤ་སྟགས་གཅིག་་མཐོང་རྗེས་ད་གཟོད་ཁྱེད་ཀྱི་འདི་ལ་ཡིད་སྨྲོན་ཤོར་བྱུང་
    གནང་ཉིན་ལོ་གསར་སྐབས་རྒྱ་རིག་མང་གཙོ་དོན་གཉེར་བ་འགའ་ཤས་སྐུ་འགྲོན་དུ་ཕེབས་ཀྱི་ཡོད་ཚོད་འདུག་པས་ སྐད་ཆ་ཤོད་རྒྱུ་གོ་སྐབས་བྱུང་ན་ ཚིག་འདི་ཚོ་ཕན་ཐོགས་འདུག་སྣམ།།

    Reply
  4. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    རྩོམ་ཡིག་ཡག་པོ་བྲིས་འདུག ཀློག་གིན་ཀློག་གིན་ངས་ཨ་ཚོགས་ཚང་གི་ཨ་ར་མཐོང་ཡོང་གིན་འདུག ཧ ཧ ཧ ཀུ་རེ་ཡིན། གནད་འགག་གི་སྐད་ཆ་རེད། ཞིབ་པར་བཀླགས་ཡོད།

    Reply
  5. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    དྲ་གྲོགས་ལགས། ཁྱོད་རང་གིས་ཞིབ་འཇུག་གི་ཁ་ཕྱོགས་ལ་གལ་གནད་རང་བཞིན་མི་ཉུང་བ་ཞིག་འདུག

    ༡ དེ་ཡང་ཁྱོད་རང་གིས་བརྗོད་པ་བཞིན་ཆབ་སྲིད་ཀྱི་ཐ་སྙད་འདི་ཚོ་རྒྱ་བོད་གཉིས་ཕན་བྱེད་ཀྱི་ཡིན་མདོག་བྱས་ཏེ་༸གོང་ས་མཆོག་གི་དགོངས་པ་མ་ལོན་པས་ཆབ་སྲིད་ཀྱི་ཐ་སྙད་འདི་ཚོ་བྱུང་བ་རེད་ཅེས་བརྗོད་ན་མི་འགྲིག་པ་འདུག

    ༢ དེ་ཡང་ཆབ་སྲིད་ཀྱི་ཐ་སྙད་འདི་དག་ཁོར་ཡུག་བསྐྲུན་གྱིན་ཡོད་པའི་གནས་བབ་འོག་རྒྱ་ནག་ལ་ཁས་ལེན་བྱེད་རྒྱུ་མང་དྲག་ནས་ཡོང་གི་འདུག
    གནད་དོན་འདི་ ༢༠༠༢/༢༠༡༠ བར་གྱི་བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་དང་། དེ་དག་གི་སྐབས་སུ་བཟོས་པའི་ཡིག་ཆ་ཁག་ལ་ལྟོས་དང་གསལ་གྱི་རེད།

    ༣ དཔེར་ན། བོད་ཀྱི་ས་ཁོངས་བདག་དབང་རྒྱ་ནག་ལ་ཡོད་པ་ཁས་བླངས་ན་རྨང་གཞི་ཚར་བ་རེད། རྒྱ་ནག་གིས་བློ་བདེ་པོའི་ངང་ནས་ཀྲུང་གོའི་བོད་ཟེར་གྱི་ཟེར་གྱི་རེད་ལ། དེ་ལ་ཁ་བྲལ་བཏང་ན་ཁྲིམས་འགལ་རེད་ལོས་ཟེར། དེར་བརྟེན་སྐད་ཆ་འདི་དག་གི་ཡོང་ཁུངས་ལ་འགྱུར་བ་གཏོང་དགོས།

    ༤ ད་དུང་དེ་འབྲེལ་བཤད་རྒྱུ་མང་པོ་འདུག་ཀྱང་གནས་སྐབས་དེ་ཙམ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese