མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྲེང་བ་འཛིན་མཁན་དང་མེ་མདའ་འཕེན་མཁན། བོད་འབྱོར་རྩོམ་ཡིག

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༣
Share on FacebookShare on TwitterShare on EmailShare on Whatsapp

 

སྨྱུག་མིང་འོག་བོད་ནས་འབྱོར་བའི་རྩོམ་ཡིག

ར་ཛི་ནྰ་མ། 

ཕྲེང་བ་འཛིན་མཁན་ནི་དོན་ངོ་མས་རང་དོན་སྒེར་གཤིས་སུ་འཁྱོག་གཟུགས་ཀྱིས་འཛིན་པ་ལས་གྱེས་མཁན་དག་ཡིན་ཞིང་། ཁོ་ཚོའི་མིག་གི་ལམ་དུ་བཤམས་པའི་གཞུང་ལུགས་དང་རྣ་བའི་ཡུལ་དུ་གྱུར་བའི་སློབ་གསོ་དག་ཀྱང་རང་གཅེས་འཛིན་གྱི་ཐབས་ཁོ་ན་ལས་ལྡོག་པར་བྱ་བ་དེ་ཡིན་མོད། རང་ལུས་གྱི་ནར་བོར་བ་དང་མི་ཚེ་དོན་མེད་དུ་བྲན་བཀོལ་བྱེད་པ་ལས་འདའ་འགོངས་ བྱས་ཏེ། ཤེས་རབ་ཀྱི་སྒོ་ནས་གནས་ལུགས་འཚོལ་བ་ནི་རང་ལ་བལྟས་ཏེ་ཡང་དོན་ཆེ་ལ་གཞན་ལ་བལྟས་ཏེ་ཡང་དོན་ཆེ་བ་ཞིག་ཏུ་མཐོང་གིན་ཡོད། ཁོ་ཚོའི་ངག་རྒྱུན་ལ་ཡང་བསྟན་པའི་དོན་དུ་ཉན་ཐོས་ཀྱི་གོ་ཆ་གྱོན་དགོས་པར་གསུངས་འདུག་པ་འདི་ལས་གོ་འོང་བ་ཞིག་ཀྱང་རེད། འོན་ཀྱང་རྣམ་པའི་ཆ་ནས་ཀྱང་ཞི་བ་དང་དྲག་པོ་བར་མ་གང་བསྟན་དུ་རུང་བ་ཞིག་ཡིན་མོད། ཀུན་སློང་གི་ཆ་ནས་གཞན་དོན་གཙོ་བོར་འཛིན་པ་ཞིག་ཡིན་པས་དེ་ལ་བདག་གཅེས་བྱེད་དགོས་པ་རེད། དུས་ཀྱི་བབ་དང་བསྟུན་ནས་མིའི་རིགས་ལ་ཞབས་འདེགས་ཅི་ལྟར་བྱ་ནུས་པ་ཡིན་ན་དེ་ལྟར་བསྒྲུབ་ཆོག་པའི་འོས་འགན་ཡོད་འདུག དཔེར་ན་པཎ་ཆེན་རིན་པོ་ཆེས། ངས་བོད་མི་མང་ལ་དམག་དཔོན་བྱས་ནས་ཕན་ཐོག་ན་དམག་དཔོན་བཅའ་གི་ཡིན། དེ་ལས་གཞན་ལས་སྣེ་གང་གི་སྒོ་ནས་ཕན་ཐོག་ན་ལས་སྣེ་དེ་ཡི་མི་བཅའ་གི་ཡིན་གསུངས་པའི་གཏམ་ཞིག་འདུག་པ་དེ་ཡང་གཞན་ཕན་གྱི་སྒོ་དང་མཐུན་པའི་གསུང་བཤད་ཅིག་ཡིན་པས། ངེད་ཅག་ཕྲེང་བ་འཛིན་པའི་རིགས་ཀྱང་དེ་ལས་མ་འདས་སོ། །

ང་ཚོའི་གཞུང་ལུགས་ནས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཀུན་པོའི་དོན་བསྒྲུབ་དགོས་པར་གླེང་བ་དེ་ཡང་ཐོག་མར་ཉེ་ས་ནས་རིང་སར་འགྲོ་དགོས་པར་བཤད་པ་ཞིག་ལོས་ཡིན་སྙམ། དཔེར་ན་རང་ཉིད་ཀྱི་ད་ལྟའི་མ་རྒན་འདི་ཐེ་བའི་མི་རིགས་ནས་མི་རིགས་གཞན་ལ་ཁ་ཕྱོགས་ཏེ་གནས་ལུགས་དར་སྤེལ་དུ་བཏང་བ་ནི་མ་རྒན་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་ཚུལ་ཞིག་ཡིན་ངེས། དེའི་ཕྱིར་ཕྲེང་བ་བཟུང་བ་ཀུན་པོས་སྒེར་དོན་གྱི་ཆེད་དུ་སེམས་ཅན་ལ་རྨ་ཕབ་མཁན་གྱི་མི་རིགས་དང་ལྟ་བ་ལ་ཞི་བའི་སྐད་འབོད་བརྒྱག་པའི་ལམ་ཁ་ནི་ཆོས་སྲིད་གང་གི་ཐད་ན་ཡང་ཡོད་ངེས་རེད། གཏམ་རྒྱུད་ཅིག་ཏུ་དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་མདུང་ཐུང་བསད་པར་རྐྱེན་བྱས་ཏེ་ཚོགས་རྒྱ་ཆེན་པོ་བསགས་པ་དེ་ཡང་རྣམ་པའི་སྟེང་ནས་མ་ཡིན་པར་ཀུན་སློང་གི་སྟེང་ནས་དོན་དེ་འདྲ་ཞིག་འགྲུབ་སོང་བ་ཡིན་ལོས་ཆེ། ད་དུང་སྐད་གྲགས་ཡོད་པའི་རྭ་ལོ་ཙཱ་བས་ཀྱང་མཐུ་ཤེད་ནས་མི་རླབས་ཆེན་འགའ་རེ་བསྒྲལ་བའི་ལོ་རྒྱུས་དག་ལ་བལྟས་པའི་འབྲས་བུར་ང་ཚོས་ཀྱང་ཀུན་སློང་དག་མ་ཞིག་ཡིན་ན་གཞན་དོན་བྱ་བ་ནི་མཚམས་ཁང་ཁོ་ན་ནས་སྨོན་ལམ་འདེབས་རྒྱུ་ཙམ་ཞིག་མ་ཡིན་པ་དེ་གོ་འོང་བས། སེམས་ཅན་གྱི་དོན་ནམ་བདེན་པའི་དོན་དུ་ཕྲེང་བ་བཟུང་བ་ཀུན་གྱིས་རྣམ་པ་དྲག་ཞན་གང་གི་སྒོ་ནས་ཀྱང་ཧུར་བརྩོན་བྱ་ཆོག་པའི་འོས་འགན་ཡོད་འདུག ལྷག་པར་དུ་གནས་ལུགས་ལ་རྒྱབ་ཀྱིས་ཕྱོགས་པའི་ཁ་གཏད་དུ་ཕྲེང་བ་འཛིན་མཁན་དག་གིས་བདེན་པ་བརྡར་ཆོག་ཆོག་ཅིག་ཡིན་པས། བྱབ་ཆུང་རེ་འགས་དེ་ནི་ཆོས་དང་མི་མཐུན་པ་ཞིག་རེད་ཅེས་ཟེར་བ་དང་བསྟན་པའི་དོན་དུ་མ་རེད་ཟེར་བ་ནི་མིག་རྒྱང་ཐུང་དྲགས་པས་ལན་པ་ཞིག་རེད་འདུག ཆོས་ལུགས་རིག་གནས་ནི་མི་རིགས་ལ་ཞབས་འདེགས་སྒྲུབ་སྤྱད་ཅིག་ཡིན་པ་དང་། དེ་བརྒྱུད་འཛིན་བྱེད་མཁན་དག་ནི་མི་རིགས་ལ་ཞབས་འདེགས་སྒྲུབ་མཁན་ཞིག་ངེས་པར་དུ་ཡིན་དགོས་པ་རེད། མི་རིགས་ལ་ཞབས་འདེགས་བསྒྲུབ་ཕྱོགས་ཀྱི་ཐད་ནས་དྲག་པོ་དང་ཞི་བ་གང་རུང་ཡོང་སྲིད་པ་རེད། འོན་ཀྱང་འདི་ནས་དྲག་པོ་ཟེར་བ་དེ་ནི་མེ་མདའ་བཀོལ་བ་དང་མེ་སྒྱོགས་བཀོལ་བ་ལྟ་བུ་ཞིག་མ་ཡིན་པར། གནས་ལུགས་ཀྱི་ཆེད་དུ་གཞན་གྱི་གདོང་ལ་གདོང་ཕྱོགས་ནས་སྐད་འབོད་འདོན་པ་དང་མི་མང་གི་སྣེ་འཁྲིད་ནས་བདེན་ལུགས་རྩོད་སྟངས་ཤིག་རེད། དཔེར་ན་དྲང་བདེན་མ་ཡིན་པའི་སྲིད་གཞུང་དང་དཔོན་རིགས་ལ་གབ་པའི་ཚུལ་དུ་འམ་ཡང་ན་གཞུང་ལས་ཁང་ག་གེ་མོ་ནས་སྐད་གདངས་དམའ་མོས་སེམས་ངོ་བསྟན་ཏེ་གནས་ལུགས་བཤད་པས་འབྲས་བུ་གང་ཡང་འབྱུང་གི་མ་རེད། དེའི་ཕྱིར་འཛམ་གླིང་མི་མང་གི་རྣ་བས་ཐོས་པ་དང་མིག་གིས་མཐོང་ཐུབ་པའི་བྱ་འགུལ་ཞིག་ལ་ཅིས་ཀྱང་བརྩོན་དགོས་པ་དེ་རེད། དེའི་ཕྱིར་སྐབས་ཀྱི་དགེ་བ་ལ་འདང་རྒྱག་མཁན་གྱི་ཕྲེང་འཛིན་པ་མང་པོ་ཞིག་གིས་ཆེ་ས་ནས་རང་སྲོག་བོར་ཡོད་པ་དང་དམའ་ས་ནས་ཀྱང་སྐད་འབོད་འདོན་པའི་བྱ་འགུལ་དུ་ཞུགས་པ་དེ་རེད། ངས་བལྟས་ན་བྱ་འགུལ་འདི་དག་ཆོས་དང་ཆབ་སྲིད་གང་ལ་ཡང་འགལ་མི་འདུག་པ་ཞིག་ལས་ཅི་ཡང་སྣང་གིན་མི་འདུག ཆབ་སྲིད་ཀྱི་ཕྱོགས་ནས་ཀྱང་ཆེ་བས་ཆུང་བར་གཉའ་གནོན་དང་བྲན་བཀོལ་སྒེར་གཅོད་བཅས་ཀྱི་བྱ་འགུལ་སྤེལ་ན་བྱ་འགུལ་སྤེལ་ཡུལ་གྱི་མི་སེར་དག་ལ་ཡང་འོས་ལངས་དང་སྐད་འབོད་གཏོང་རྒྱུའི་ཐོབ་ཐང་ཡོད་པ་འགྲོ་བ་མིའི་བདེན་ལུགས་ཀྱི་ནང་དུ་གསལ་བོ་ཡིན་པ་དེ་རེད། 

ཆོས་ཕྱོགས་ནས་བལྟས་ཀྱང་འགལ་བ་མེད་སྟངས་གོང་དུ་གླེང་བ་དེ་འདྲ་ཞིག་ཡིན་པས་བསྐྱར་དུ་བཤད་དགོས་མེད། འདས་ལོའི་སྐབས་སུ་བལྟས་ན་ཡང་ཤེས་འོང་བ་ཞིག་རེད། ཕྲེང་འཛིན་པ་དག་གི་སེམས་ངོར་སྡུག་བསྔལ་འདི་བཤད་ས་ཞིག་གང་དུ་ཡོད་དམ་སྙམ་ནས་སྲང་ལམ་ན་རྒྱུག་པ་ཙམ་ལས། རང་ཉིད་དམག་ཇི་འདྲ་ཞིག་ལ་དམར་འཛིང་བྱེད་ཐུབ་བམ་སྙམ་པ་ཞིག་བློ་ཡི་གུད་དུ་ཡང་ མེད། དེ་ཡི་རྟགས་སུ་ལག་པའི་ནང་ན་མཚོན་ཆའི་རིགས་ཕར་བསལ་རྡོ་བ་བྱེའུ་མགོ་ཙམ་ཞིག་ཀྱང་ཡོད་པ་མ་རེད། ཁོ་ཚོས་མདུན་ཐད་ན་རུ་དཔུང་བསྒྲིགས་པ་དག་གི་རྫིག་ཉམས་མ་མཐོང་བ་དང་དེ་དག་གིས་དྲག་པོའི་བྱ་སྤྱོད་མི་སྤེལ་བར་ཡིད་ཆེས་ཡོད་པས་མ་ཡིན་ཏེ། ཁོ་ཚོའི་ལག་གི་མེ་མདའ་དང་ཁོ་ཚོས་དྲག་པོའི་བྱ་སྤྱོད་སྤེལ་སྟངས་སྔར་ནས་རྣ་བས་ཐོས་ཡོད་ལ། མངོན་སུམ་དུ་མིག་གིས་ཀྱང་མཐོང་ཡོད་མོད་འོན་ཀྱང་ད་དུང་ཚོམ་མེད་དུ་ལག་ལ་ཕྲེང་བ་ཁོ་ན་བཟུང་ནས་རྒྱུག་པ་ནི་བདེན་ལུགས་ལ་ཡིད་ཆེ་བས་རེད་འདུག ད་དུང་འཛམ་གླིང་ཞི་བདེ་ལ་མིག་དཔེ་སྟོན་པའི་སླད་དུ་ཡིན་འདུག དེ་ལྟ་བུའི་བསམ་བློ་རྣམ་དག་ཅིག་སྐྱེས་ཡོད་པ་ནི་ང་ཚོ་ལ་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་སོགས་ཀྱི་རྟོགས་པ་སད་འདུག་པས་མ་ཡིན་པར་གཞན་ཕན་སྙིང་རྗེ་ཅན་གྱི་ཆོས་ལུགས་ཤིག་ཡོད་པས་ཡིན་འདུག་སྟབས། ང་ཚོའི་ཆོས་ལུགས་པའི་སྙིང་སྟོབས་དང་ཆོས་ལུགས་གཞུང་ལུགས་ཀྱི་ལྟ་གྲུབ་ཀུན་ལ་སྨན་པ་དེ་ལྷང་ལ་བུད་པ་ཞིག་རེད། དེ་བས་མེ་མདའ་འཛིན་མཁན་དག་གིས་ང་ཚོ་ལ་མེ་མདའ་ཅི་ལྟར་འཕེན་དགོས་པའི་གོ་སྐབས་མང་པོ་མ་རྙེད་པ་དང་། ང་ཚོ་ལ་སྒྲོ་འདོགས་བྱེད་དགོས་སའི་གཏམ་ཡན་གང་ཡང་མ་རེག་པའི་སྟབས་ཀྱིས་བཙན་ཁང་དང་མགོན་ཁང་ནང་གི་ཡི་དམ་ཆོས་སྐྱོང་གི་ཕྱག་ཆ་དང་འཚོ་བའི་ཡོ་བྱད་ནང་གི་མར་གྲི་དང་སོ་གྲི་དག་བརྙན་འཕྲིན་དུ་བསྒྱུར་དགོས་བྱུང་བ་རེད། ནམ་རྒྱུན་མེ་མདའ་འཛིན་མཁན་དག་ལ་མཚོན་ན་ང་ཚོའི་ཁ་བྲལ་གྱི་བྱ་འགུལ་མང་པོ་ཞིག་ནི་མི་མང་གིས་བསང་ཕུད་པ་དང་ལྷ་རྒྱལ་གཏོང་བ་གསོལ་འདེབས་འདོན་པ། སྐུ་པར་བཤམས་པ་དག་ལ་ངོས་བཟུང་འདུག་པས་ཁོ་ཚོས་མེ་མདའ་འཕེན་ས་ལར་ནས་རྙེད་གིན་མེད་མོད། སྲང་ལམ་གཡས་གཡོན་ན་མཚོན་འགོག་དང་མཚོན་ཆ་གང་བཟང་རེ་འཁྱེར་ནས་རུ་དཔུང་ནམ་རྒྱུན་གྲལ་དུ་བསྒྲིགས་འདུག ཁོ་ཚོས་བཤད་པའི་འཆམ་མཐུན་ཟེར་བ་ནི་འཆམ་ཕབ་ཅིག་དང་ཅི་འདྲའི་མཚུངས་ཨང་།

མེ་མདའ་འཛིན་མཁན་དག་ལ་མཚོན་ན་ནི་མེ་མདའ་རིང་ཐུང་ཅི་རིགས་ཤིག་གི་ཁོག་ལ་དུག་རྫས་དང་མདེའུ་རིང་ཐུང་ཅི་རིགས་ཤིག་བླུཊ་ནས་སུ་ཞིག་གི་སྟེང་ལ་འཕེན་ཆོག་ཆོག་དང་གང་ཞིག་དེ་རུ་བསླེབས་ན་དེ་ལ་ཡ་ལན་དྲག་པོའི་སྒོ་ནས་རྩོད་ཆོག་ཆོག་བྱས་ཡོད་འདུག འགྲོ་འདུག་སྤྱོད་གསུམ་གང་གི་ཐད་ནས་ཀྱང་གདུག་རྩུབ་ཀྱི་རྣམ་པ་ལྷན་ནེ་ལྷང་ངེར་བུད་ཡོད། སྐད་ཆ་ཤོད་དུས་དྲག་སྐད་འདོན་པ་དང་ཡར་འགྲོ་མར་འགྲོ་བྱེད་སྐབས་ལྟིག་སྒྲ་དང་ཁྲོག་སྒྲ་མཐོ་བར་གཏོང་བར་མ་ཟད། བྱིས་པ་ཡན་ཆད་ལ་མེ་མདའི་མཆུ་དང་མདེའུ་ཡི་ཕྲེང་བ་ངོམ་ནས་མིའི་སེམས་ལ་ཅི་ལྟར་འཚེ་ན་དེ་ལྟར་བྱེད་པ་རེད། ཁོ་ཚོའི་དམིགས་ཡུལ་ན་བདེན་ལུགས་ཟེར་བ་དང་ཐོབ་ཐང་ཟེར་བ་ཞིག་ལར་ནས་མེད་པར་གཉའ་གནོན་དང་འཇིགས་སྐུལ་ཁོ་ནས་ཁྱབ་ཡོད་འདུག དཔེར་ན་འདས་ལོར་གྲྭ་ཤག་དག་སྔོག་བཤེར་བྱེད་དུས་མེ་མདའ་འཛིན་མཁན་དག་གིས་ཁང་བདག་གི་བྲང་དང་གཡས་གཡོན་ལ་མེ་མདའ་བཙུགས་ནས་ཅི་འདོད་བྱེད་པར་མ་ཟད། ཁང་བའི་རྒྱ་སྒོ་ཡན་ཆད་ལ་ལག་པ་མ་རེག་པར་རྡོག་པས་གཞུ་བ་རེད། ཁང་བདག་ཁྱིམ་དུ་མ་བསླེབས་པ་དག་གིས་ཁང་བའི་སྒོ་ལ་སྟ་རེས་བསྣུན་ཏེ་བཅགས་པར་མ་ ཟད། དངོས་རྫས་བོར་བརླགས་ཀྱི་བྱ་བ་མང་དུ་བྱུང་ཡོད་མོད། ཕྲེང་འཛིན་པ་དག་ལ་དབང་ཆུང་དྲགས་པས་དང་མེ་མདའ་འཛིན་མཁན་དག་ལ་དྲག་ཤུགས་མཐོ་དྲགས་པས་ང་ཚོས་ཅི་ལྟར་བྱ། ཁོ་ཚོ་ལ་ཕྱོགས་གཅིག་ནས་བཤད་ན་ཁེག་ཡང་མི་འདུག་སྟེ། རང་གི་ཡན་ཆད་ན་ད་དུང་སྟག་གི་མཆེ་བ་ལས་རྣོ་བའི་འཇིགས་ཟིལ་ཞིག་ཡོད་པས་ཡིན་སྲིད་དོ།། དོན་མང་པོ་ཞིག་ལ་དབྱེ་ཞིབ་བྱ་རྒྱུ་ཞིག་བྱུང་ན་འཕྲེང་བ་འཛིན་མཁན་གྱི་རིགས་ནི་རྒྱལ་གཅེས་པ་དང་མེ་མདའ་འཛིན་མཁན་གྱི་རིགས་ནི་སྒེར་གཅོད་པ་རེད་ཅེས་ན་ཡང་ ང་ཚོའི་གནས་བབ་འདིའི་འོག་ནས་མི་འགལ་བར་སེམས་སོ།། དེ་ལས་གཞན་མེ་མདའ་མཁན་འཛིན་དག་ལ་མཚོན་ན་རང་སྲུང་གཙོ་བོ་བྱེད་པ་ལས་རྒྱལ་ཁབ་དང་མི་རིགས་གཙོ་བོ་བྱེད་ཀྱིན་མི་འདུག དེ་ཡང་སློབ་གསོ་ལ་རེག་ལས་པ་ཞིག་ཡིན་ལོས་ཆེ། ཁོ་ཚོའི་རྣ་ཁར་འོང་བ་ནི་ཕྲེང་བ་འཛིན་མཁན་དག་ནི་འཇིགས་སྐུལ་བ། ལོག་སྤྱོད་པ། རྡུང་བ་བོ། འཕྲོག་པ་པོ་ཞིག་ཏུ་བསྒྲགས་པ་མང་དྲགས་པས་གོམས་པའི་གཤིས་སུ་སོང་བ་ཡིན་ངེས། གོ་ཐོས་ལ་འཕྲེང་བ་འཛིན་པ་དག་རྒྱ་མོ་ལོ་གཞོན་ཚོས་མཐོང་ན་སྡུག་སྐད་བཏོན་ནས་འབྲོ་བར་བཤད། ངོ་མ་འདི་ལྟའི་སློབ་གསོ་ཞིག་གི་འོག་ནས་ཉམ་ཆུང་བའི་ཕྲེང་བ་འཛིན་པ་དག་ཅི་ལྟར་འདུག་དགོས་ཨང་། ཤོག་དངུལ་གྱིས་གྱོང་གུད་གསུབ་ཏུ་མེད་པ་ཞིག་ཡིན་པ་མེ་མདའ་འཛིན་མཁན་དག་གིས་ངོ་མ་མ་ཤེས་པ་ཡིན་ནམ། ན་ནིང་མེ་མདའ་བསྟན་ནས་འཇིགས་ཟིང་གི་ནང་དུ་དེ་འདྲ་ཞིག་བསྐྱལ་ཅིང་། ད་ལོར་ཤོག་དངུལ་རེ་བསྟན་ནས་འཆམ་མཐུན་འཆམ་མཐུན་ཞེས་འབོད་སྐུལ་གཏོང་བ་ནི་ཁ་མཚར་སྐྱིད་པོ་ཞིག་མ་རེད་དམ། 



༢ ཕྲེང་བ་འཛིན་མཁན་དག་ལ་གཞན་གྱི་སྲོག་ལ་རྒོལ་བའི་སྙིང་སྟོབས་མེད་པ་མིན།

ཕྲེང་བ་འཛིན་མཁན་དག་ལ་འགས་གཏོར་དང་དམར་གསོད་བྱེད་པའི་སྙིང་སྟོབས་མེད་པ་མ་རེད། རང་ལུས་ལ་མེ་སྦར་ནས་རང་སྲོག་ཐལ་བ་སྤར་གང་ལ་ཡང་རྩིས་མི་བརྒྱགས་པའི་དཔའ་བོ་དང་། བདེན་པའི་འབོད་སྐད་སིང་སིང་སྒྲོག་གིན་མེ་མདའ་དང་མེ་སྒྱོགས་ཀྱི་ཁ་ན་རི་བོ་བཞིན་དུ་ཀྲོང་ངེར་འགྱིངས་པའི་ངང་ཚུལ་ལ་ལྟོས་ཤིག་དང་། རོ་སྐྱིན་ལ་རོ་ལེན་མི་ཐུབ་པའི་སྡར་མ་ཝ་འདྲ་བ་ཞིག་ལར་ནས་མིན་པ་འཛམ་གླིང་མི་མང་གིས་ཤེས་ངེས་པ་དེ་རེད། རྔ་བའི་ཡུལ་གྱི་གྲྭ་བ་བཀྲ་བྷེ་དང་རྭ་རྒྱ་དགོན་པའི་བཀྲ་ཤིས་བཟང་པོ་དེ་མིན་ས་བྱི་ལོའི་གསར་བརྗེས་ཆེན་མོའི་སྐབས་ཀྱི་བདེན་པའི་སྙིང་ལ་སྟག་གི་དཔའ་ཚུལ་རྫོགས་པ་དག་གིས་ར་སྤྲད་འོང་བ་དེའོ།། འོན་ཀྱང་ཞི་བའི་སྦྱོར་བ་ལ་མཐའ་གཅིག་ཏུ་རང་སྲོག་འབུལ་བའི་མི་རིགས་འདི་ནི་མིང་དུ་གྲགས་པའི་ཞི་བདེ་ཡི་རྟགས་མ་ཞིག་ལ་རྒྱབ་ཀྱིས་བསྙེས་པའི་རུས་པ་ཅན་ཞིག་ཡིན་པའི་ཆ་ནས། དྲག་པོའི་ལས་ལ་ནམ་ཡང་རིང་དུ་གྱུར་བ་རེད། དེ་མིན་ཤར་ཏི་ཀི་སུ་ཐེན་གྱིས་རྒྱ་གཞུང་ལ་རྒོལ་བའི་སྙིང་སྟོབས་དེ་འདྲ་ང་ཚོ་ལ་ཡར་ལྡན་དུ་ཚང་ཡོད་པར་མ་ཟད། དེ་ལས་ཀྱང་ཚད་མཐོ་བའི་སྙིང་སྟོབས་ཡོད། རྒྱ་གར་གྱི་གནྔྷེ་ཡིས་མཚོན་ཆ་འཛིན་མཁན་དག་ནི་སྡར་མ་དང་མཚོན་ཆ་མི་འཛིན་མཁན་དེ་ནི་དཔའ་བོར་བགྲངས་འདུག་པ་དངོས་ནས་གནས་ལུགས་རྒྱ་ཆེན་པོ་འདུག་པའི་གཏམ་རེད།



ང་ཚོས་རིག་གཞུང་གི་ངོས་ནས་སམ་ཡང་ན་ང་ཚོའི་སྲིད་ལུགས་ཀྱི་འགྲོ་སྟངས་གང་གི་ཆ་ནས་ཀྱང་བཟོད་པ་གཙོ་བོར་བྱེད་པ་དང་གཞན་ཕན་གཙོ་བོར་བྱེད་པ་རེད། དེའི་ཕྱིར་ང་ཚོ་ལ་ཞི་བདེ་ཡི་ལྟེ་བ་ཞིག་ཏུ་ངོས་འཛིན་ཆོག་པ་རེད། ན་ནིང་ལྟ་བུའི་ཆེས་གནད་འགག་གི་སྐབས་སུ་ཡང་ཞི་བའི་ངོ་རྒོལ་ལས་འདའ་འགོངས་བྱས་མེད་པ་རེད། དེ་མིན་རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་མཚོན་ན་ཞི་བདེ་ཞེས་པ་ད་དུང་ཁ་གཡང་ཙམ་གྱི་ཚུལ་དུ་ལུས་འདུག དོན་གྱི་འགག་མདོར་ཐུག་ནས་ལག་པ་མཚོན་ཆར་འཆིང་བཞིན་ཡོད་པ་སུ་ཞིག་གིས་ཀྱང་ར་སྤྲོད་དགོས་པ་མི་འདུག དཔེར་ན་སྒེར་གཅོད་པ་འདི་དག་ལ་མཚོན་ན་ཆེས་ཞི་བའི་ལྟེ་གནས་བོད་པ་ཚོའི་ལག་ཏུ་མཚོན་ཆ་འབར་རྫས་ཅི་ཡང་མེད་པ་ཉི་མ་ཤར་ཤར་དང་ནམ་མཁའ་ལངས་ལངས་ཀྱི་ཚུལ་དུ་ཤེས་མོད། དེང་རབས་ཀྱི་སྒྱོགས་མདེལ་དང་མེ་མདའ་སྣ་ཚོགས་ལག་ཏུ་འཕྱར་ཞིང་ལྐོག་ཏུ་སྦ་ནས་འཁྱེར་འོང་གིན་འདུག་པར་བལྟས་པས་ཤེས་ནུས། ཁོ་ཚོས་རྒྱལ་ཁ་ནི་མེ་མདའི་ཁ་ན་ཡོད་ཅེས་པའི་གཏམ་རྙིང་ཞིག་ལ་སྐྱབས་འཆས་ནས་ དུས་རབས་ཉེར་གཅིག་པའི་རིང་ལ་ཡང་ད་དུང་གདུག་རྩུབ་སྙིང་འགས་པ་ལྟ་བུ་ཞིག་སྟོན་གིན་ང་ཚོའི་མཐའ་བསྐོར་ནས་ཡོད་མོད། ང་ཚོ་ནི་ཞི་བས་ལས་ལ་སྦྱོང་མཁན་ཞིག་ཡིན་པའི་ངོས་ནས་དེ་ཡི་སྲོག་ལ་རྒོལ་དགོས་ པའི་བསམ་བློ་ཞིག་ལར་ནས་མེད། རེ་ཞུ་དང་སྐད་འབོད་ཁོ་ནར་ཤུགས་རྒྱག་གིན་ཡོད། འོན་ཀྱང་ཁ་དཔེར་དབང་ཆེན་གྱིས་རྫ་མ་བཅགས་ན་སྦྱོར་སྲོལ་ཡོད་པ་དང་། དབང་མེད་ཀྱི་གོ་རེ་བཅགས་ན་ཟ་སྲོལ་མེད་པའི་ཡུལ་དུ་ལྷུང་བས་ང་ཚོར་གདུག་བཙིར་གནོན་བཙིར་ཤིན་ཏུ་ལྕི་མོད། བདེན་པ་ལ་རང་སྲོག་འབུལ་བའི་ཕྲེང་འཛིན་པ་དག་གིས་སྐབས་ཀྱི་གཡོ་སྒྱུ་དང་གདུག་རྩུབ་ལ་མགོ་བོ་འབུལ་མི་སྲིད་པར་མ་ཟད། དུས་ཚོད་ཐུང་ཐུང་ཞིག་གི་དགོས་མཁོ་མ་ཡིན་པར་མི་ལོ་དུ་མར་འགུལ་སྐྱོད་ཅིག་བྱ་དགོས་པ་ཡང་རྟོགས་ཡོད། ང་ཚོ་ལ་མིག་དང་རྣ་བ་གསལ་བོ་ཞིག་ཡོད་པས་རྒྱལ་གཅེས་པ་གནྔྷེ་སོགས་ཀྱིས་ཀྱང་ལོ་ངོ་ག་ཙམ་ལ་དཀའ་ལས་བརྒྱབས་པའི་རྣམ་ཐར་ལ་སློབ་སྦྱོང་བྱ་གིན་ཡོད། དེ་ལས་གཞན་སྒེར་གཅོད་པའི་འཁྲུལ་ཤེས་ལ་ང་ཚོ་འཕྲེང་འཛིན་པ་དག་གིས་མི་གཅིག་གི་ངོར་བལྟས་ནས་སྡོད་ཀྱིན་ཡོད་པའི་བསམ་བློ་བཏང་སྟེ་ང་ཚོར་དུས་ཚོད་རིང་དུ་བསྲིངས་པ་ནི་གོ་སྐབས་མཆོག་ཏུ་གྱུར་བ་ཞིག་ཏུ་སེམས་མོད། ང་ཚོས་ནི་མི་རིགས་ཤིག་གི་མ་འོངས་པར་བསམ་བློ་གཏོང་གིན་ཡོད་པ་ལས་མི་གཅིག་གི་ཚེ་ཡི་རིང་ཐུང་ལ་བསམ་བློ་གཏོང་གིན་མེད། དེ་ནི་ཁོ་ཚོས་ང་ཚོར་འཕྱ་སྨོད་བྱས་དྲགས་པ་རེད། རྒྱ་ནག་པའི་ཁ་དཔེར་ཁྲེན་ཀྲིན་ཤི་ན་ད་དུང་ཁྲེན་ཀྲིན་ཡོད་ཅེས་པ་དེ་དང་ལྟོ་སྦྱར་ན་འགྲིག་པོ་རེད། དེ་ལས་གཞན་ང་ཚོའི་བྱེས་གྱར་བ་དག་གི་ལམ་ལུགས་ནི་བཀས་བཀོལ་རྒྱུད་འཛིན་ཡིན་པ་དང་དེ་སླར་གསོ་བྱ་འདོད་ཡོད་པ་དང་། མི་གཅིག་གི་སྒེར་གཅོད་ཀྱི་ལྟ་བ་ཡིན་ཚུལ་སོགས་བྱིས་པ་ན་ཚོད་ཤེད་མ་རྒྱས་པ་དག་ལ་རི་གན་གི་ཕ་གི་ན་སྤྱང་ཀི་ཡོད་ཅེས་པ་ལྟ་བུའི་སྐད་ཆ་རྫུན་མ་ལབ་པ་འདི་ཡང་སྐབས་ཀྱི་སྒེར་གཅོད་མགོ་ཡེངས་རྩིང་རགས་ཅན་རེ་འགས་དུས་ཚོད་ཕུད་སྤྱད་ཙམ་ལས་ཅི་ཡང་མིན་པ་ང་ཚོས་ཤེས་ཡོད་པར་མ་ཟད། ལྐོག་ཏུ་དགོད་ཀྱིན་ཡོད། བོད་ནང་ལ་འཕེལ་རྒྱས་ཡོངས་ཡོད་ཚད་རྒྱ་ལབ་སྟོང་ལབ་བྱས་ཏེ་གསར་འགྱུར་རྫུན་མ་རེར་སྒོར་མོ་དང་གོ་ས་ཕྲན་བུ་རེ་ཡི་རྔན་པ་དང་ལྷན་དུ་སྒྲོག་གིན་ཡོད་པ་དེ་ཡང་ནམ་གསལ་གསལ་ཡིན་པ་ཀུན་གྱིས་ཤེས་པ་དེ་ལགས་པས་ང་ཚོ་ལྐོག་ན་ངུ་གིན་ཡོད།  བྱ་བ་ཙག་ཙིག་འདི་དང་འདིའི་རིགས་ནས་བྱ་བ་ཆེན་པོ་རྒྱལ་ཁབ་ཀྱི་བརྟན་བརླིང་བར་དུ་རྫུན་གྱི་འཕྲེང་བསྒྲིགས་ཏེ་མིག་ལྡན་ལ་ལོང་བས་མགོ་སྐོར་བྱེད་པའི་བྱ་ཐབས་ཡ་ང་བ་འདི་ནམ་ཞིག་གི་དུས་ལ་མཇུག་རྫོགས་པར་ང་ཚོར་ཡིད་ཆེ་ཡང་ཡོད། འོན་ཀྱང་ཁོ་ཚོའི་གཞུང་ལུགས་ན་རྫུན་པ་མང་དུ་བསྒྲིགས་ན་མཐར་བདེན་པར་འགྱུར་བའི་བཤད་སྟངས་ཤིག་ཡོད་པ་དེར་ཁོ་ཚོས་ཡིད་ཆེས་བྱས་ཏེ་ཧུར་ཐག་གིས་འཇུ་གིན་འདུག་ཀྱང་། དེ་ནི་འཕྲལ་གྱི་སྣང་ལུགས་ཤིག་ལས་ལོ་ངོ་བརྒྱ་ཕྲག་ལ་སྲ་ཞིང་འགྱུར་མེད་ཀྱི་བདེན་པ་ཞིག་ག་ལ་ཡིན། དེ་ནི་དཔེར་ན་འཕྲལ་གྱི་འཁྲུལ་རྒྱུས་སླད་པའི་དུང་དཀར་སེར་སྣང་ཙམ་ཡིན་པས་བདེན་པའི་ཕུ་ངོ་མ་དེ་ལྷང་ལ་འབུད་པར་ཡིད་ཆེ་ང་ཚོར་མཐའ་གཅིག་ཏུ་ཡོད། དེའི་ཕྱིར་ང་ཚོའི་འཕྲེང་འཛིན་པའི་འབོད་སྐུལ་དང་རེ་ཞུ་ནི་མི་རབས་ནས་མི་རབས་སུ་རྒྱུན་སྐྱོང་ཐུབ་རྒྱུར་ལྷག་པར་ཡིད་རྟོན་བརྟན་པོ་ཡོད། དུས་རབས་རེ་རེ་བརྗེས་ན་འཛམ་གླིང་མི་མང་དང་ཕྲེང་འཛིན་པའི་སྡེ་ཡི་མིག་དབང་ཇེ་གསལ་ཡིན་པར་མ་ཟད།  སྒེར་གཅོད་པ་རང་ལ་མཚོན་ན་ཡང་ངོ་ཚ་ཇེ་ཆེ་ཡིན་པ་རྟེན་འབྲེལ་གྱི་གཤིས་སུ་གྲུབ་ཅིང་། སྒེར་གཅོད་པའི་རིགས་སུ་གཏོགས་པའི་རྟོགས་སད་པ་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བ་འདིས་ཀྱང་བདེན་དཔང་འཕེར་བ་ཞིག་རེད་འདུག སྒེར་གཅོད་པ་ཚོ་ལ་མཚོན་ན་དམག་མི་དང་མི་འབོར་གྱི་གྲངས་ལ་དམིགས་ནས་ཡིད་ཚིམས་པ་དང་། ད་ལྟའི་དཔལ་འབྱོར་གྱི་གནས་སྟངས་ཙམ་ལ་བལྟས་ཏེ་ང་རྒྱལ་ཆེན་པོ་བྱེད་བཞིན་ཡོད་ཀྱང་། མི་ནི་དཔལ་འབྱོར་གྱི་གཡོག་ཏུ་ནམ་ནམ་ཞར་ཞར་ལ་ཚུད་པ་ཞིག་མ་ཡིན་པར་མཐར་ཐུག་གི་མིའི་འདོད་བློ་ནི་ནང་སེམས་ཀྱི་ཞི་བ་དེ་སྙེགས་པར་འདོད་ཀྱིན་ཡོད་པ་ནི་དངོས་པོའི་ཆོས་ཉིད་ཀྱིས་ར་འཕྲོད་འོང་བ་ཞིག་ཡིན་སྟབས། རྣམ་པ་ཐམས་ཅད་དུ་རྟག་པ་ཐེར་ཟུག་གི་བསམ་བློ་གཏོང་མཁན་དག་གི་བསམ་ཚུལ་ལ་དགོད་བྲོ་བའི་ལྟ་ཚུལ་བྱུང་ཡོད། 

འདི་ནི་ལྷག་པར་ཕྲེང་འཛིན་པའི་ཚོགས་ཀྱིས་སྔར་ནས་ཤེས་ཡོད་པའི་སྡོམ་ཚིག་ཅིག་ཡིན། ཕྱི་ཡི་འགྱུར་བ་དང་ནང་གི་འགྱུར་བ་གང་ལ་བསམ་བློ་བཏང་ན་ཡང་ང་ཚོའི་ལས་འགུལ་ལ་འབྲས་བུ་མི་འབྱུང་བ་དང་། གཞན་གྱི་རྒྱལ་ཁ་ནི་རྣམ་པར་མི་གཡོ་བ་ཞིག་མིན་པའི་གནས་ལུགས་ཀྱིས་ང་ཚོས་མུ་མཐུད་དུ་ཞི་བའི་སྐད་འབོད་གཏོང་སྲིད་ཅིང་། བདེན་པར་རེ་བ་ཤུགས་ཆེན་བརྒྱག་ངེས་ཡིན། འོན་ཀྱང་ང་ཚོས་སྒེར་གཅོད་པར་གོ་སྐབས་སྟེར་བའི་ལས་འགུལ་དྲག་པོའི་ཆ་དང་འདྲེས་པའི་རྡུང་འཕྲོག་བཅོམ་གསུམ་ནམ་ཡང་བྱེད་གི་མ་རེད། རྒྱུ་མཚན་ནི་ང་ཚོ་རང་རྒྱལ་གཞན་ཕམ་ཁོ་ནར་བརྩོན་པ་དག་མ་ཡིན་པར་རང་གཞན་གཉིས་ལ་མིག་གིས་བལྟས་ཏེ་བདེན་ལུགས་འཚོལ་མཁན་ཞིག་ཡིན་པའི་ཕྱིར་རོ།། ང་ཚོའི་འཕྲེང་འཛིན་པའི་ཚོགས་ཀྱི་ལངས་ཕྱོགས་ནི་སྒེར་གཅོད་པའི་མེ་མདའི་ཁ་ནས་མི་གཅིག་མ་གཏོགས་ལྷག་པར་མི་འགྱུར་རུང་མི་གཅིག་པོས་བདེན་ལུགས་མི་འདོར་བ་དང་། འཚེ་བའི་སྤྱོད་པར་མི་ཞུགས་རྒྱུ་དེ་ཡིན་པས་མ་འོངས་པ་དང་འཛམ་གླིང་ལ་བལྟས་ཏེ་ང་ཚོར་རྒྱལ་ཁ་ཡོད། འོན་ཀྱང་སྐབས་ལན་རེར་སྒེར་གཅོད་པའི་ལག་འོག་ནས་ང་ཚོ་ཕམ་པའི་ཟོལ་ནམ་ཡང་བྱུང་བ་དང་འབྱུང་གི་རེད། ཡིན་ཡང་དེ་ཙམ་གྱིས་བདེན་པ་དོར་འགྲོ་བ་ཞིག་དང་བདེན་པ་ལ་སྙིང་བོ་མེད་པ་ཞིག་ཏུ་ཡེ་ནས་བསམ་བློ་འཁོར་གིན་མེད། ང་ཚོས་ཅུང་གཟབ་ནན་བྱེད་དགོས་ས་ནི་གྲུབ་མཐའ་ཕན་ཚུན་གྱི་འགལ་ཟླ་དང་ཆོལ་ཁ་སྐྱ་སེར་བར་གྱི་འགལ་ཟླའི་རིགས་སྲིད་དབང་སྒེར་གཅོད་པའི་བེད་སྤྱོད་གཏོང་རྒྱུའི་ཉེན་འདུག་པས་རྣམ་ཤེས་གྲིམ་པོར་བྱ་དགོས་སོ། སྐབས་སུ་སྤྲུལ་སྐུ་རེ་འགའ་དང་ལྐོག་ཟ་རུལ་སུངས་ཀྱི་མགོ་འཁྲིད་རེ་གཉིས་བེད་སྤྱོད་གཏོང་བཞིན་པ་ཡིན་མོད། དེ་ལ་དེ་ཙམ་གྱི་རིན་ཐང་ཆེན་པོ་དང་ཉེན་ཁ་ཆེན་པོ་མི་འདུག་གོ།  རྒྱུ་མཚན་ནི་ང་ཚོའི་ཕྲེང་འཛིན་པའི་རིགས་ཀྱི་གོ་རྟོགས་ཇེ་སད་དུ་འགྲོ་གིན་ཡོད་པ་ཉིན་རེ་ལས་གསལ་བ་མ་ཟད། ལྷག་པར་དུ་ཆབ་སྲིད་ཀྱི་རིག་པ་ཇེ་སྦོམ་ནས་ཇེ་སྦོམ་ཡིན་པ་སྐབས་ཀྱི་གནས་བབ་ལས་ངོ་འཕྲོད་ཡོང་གི་འདུག དེའི་ཕྱིར་ཞི་ལ་དཀར་པོ་དང་ནག་པོ་གང་ཡིན་རུང་བྱི་བ་གསོད་མཁན་ཡིན་པའི་གོ་རྟོགས་རྙེད་ཡོད། འདས་ལོར་སྒྲུབ་ཁང་ཟེར་བ་དང་ཚེར་སྨོན་གླིང་ཟེར་བ་དེ་མིན་ཀུན་མཁྱེན་སོགས་མང་པོས་སྐད་གཅོང་སྦོམ་པོས་དགེ་འདུན་པ་དག་གི་རང་དབང་གི་ཞི་རྒོལ་དེ་ཆོས་དང་འགལ་ཡོད་ཚད།  ང་ཚོའི་དབུ་ཁྲིད་ཆོས་གོས་གྱོན་པའི་ཁྲམ་པ་ཡིན་སྟངས་ཤོད་ནས་རྫིག་པོ་ཅི་ལྟར་བཅོས་རུང་། སེམས་དངལྡན་པ་ཞིག་ཡིན་དུས་ཀ་ཁ་ག་ངའི་མགོ་རྔ་མི་ཤེས་ཀྱང་རྒྱུད་ལ་བསླབ་བྱ་ཞིག་བཞག་ཡོད་པ་ཕར་ཞོག རང་མི་འདྲེ་ཡི་སོང་ཡོད་པ་དང་སྲུང་མ་བདུད་དུ་བབ་པའི་ངེས་ཤེས་ལྷང་ངེར་སྐྱེས་འདུག དོན་འདི་ཡིས་ང་ཚོར་བརྡ་ཞིག་སྤྲད་འོང་བ་ནི་མི་སེར་སྤེལ་མཁན་གྱི་ལག་ཆར་གྱུར་བ་ཁོ་ཚོས་སྔར་ནས་ད་ལྟའི་བར་དུ་ལོ་རྒྱུས་ཉེས་ཅན་དུ་བཏང་འོང་བའི་བརྒྱུད་རིམ་ དེར་བསམ་ཞིབ་ཅིག་ཞུ་བ་ལས། དེ་དག་གིས་སྤྱི་ཚོགས་ལ་ནུས་པ་ཞིག་མ་འོངས་པར་ཐོན་པའི་འཇིགས་པ་སེམས་ཀྱི་ཟུར་ དུ་ཡང་མི་ཤར་རོ།།

སྒེར་གཅོད་པས་དེ་དག་ཆེད་དུ་གསོ་སྐྱོང་བྱས་ནས་འབངས་མི་རྨོངས་འཐོམས་ཀྱིས་འགུག་འདོད་པ་དེ་ཡང་ངེད་ཅག་ཕྲེང་འཛིན་པའི་སྡེ་ཡིས་སྔར་ནས་ཤེས་པས། ཁོ་ཚོའི་འདོད་པ་དེ་འཁྲུལ་བ་ཡིན་པ་ཡང་ཤེས་ཡོད།། མི་སེར་སྤེལ་མཁན་གྱི་སྒེར་གཅོད་པ་ཞིག་ལ་མཚོན་ན་དྲག་པོའི་དམག་དཔུང་དང་། དཔལ་འབྱོར་གྱི་བསླུ་བྲིད་མཁོ་བར་མ་ཟད། མི་སེར་སྤེལ་ཡུལ་གྱི་རྒྱལ་བཙོང་བ་རེ་འགའ་ལག་འོག་ཏུ་ལེན་པའི་ཐབས་ཤེས་ཀྱང་ངེས་པར་དགོས་སྟབས། བོད་ལ་མཚོན་ན་རིག་པ་ནང་དུ་བརྡིབས་ཤིང་འདོད་པ་ཐུར་དུ་བསྲིངས་པའི་སྤྲུལ་སྐུ་ཚོ་ལས་ལག་གཡོག་པ་ཚད་ལྡན་ཞིག་མེད་པའི་འགྲོ་སྟངས་ཤེས་ཡོད། དེའི་ཕྱིར་ཁོ་ཚོས་སྤྲུལ་སྐུ་མང་པོ་ཞིག་ལ་མཁོ་བའི་འདོད་པ་སྤྲོད་ལ་མཐར་གཏུགས་ན་དེའི་རིགས་ཀྱི་བདག་དབང་ལྷ་སྡེ་མི་སྡེ་ལས་རང་ལ་གཏོགས་པའི་ཧམ་པ་ཡང་བཅངས་གིན་ཡོད་པའི་ཚུལ་དག་ཕྲེང་འཛིན་པའི་དཔུང་གིས་ཡོངས་སུ་ཤེས་ཡོད་པའི་མི་ཚད། དད་ལྡན་མང་ཚོགས་ལའང་གསལ་ཁ་དང་བཅས་ཏེ་ངོ་སྤྲོད་ཅི་ཐུབ་བྱ་ངེས་ཡིན། ཡིན་ཡང་རྣམ་པ་གཞན་ཞིག་འདི་ནས་གསལ་བཤད་བྱ་དགོས་པ་ནི། མི་སེར་སྤེལ་མཁན་སྒེར་གཅོད་པས་མི་སེར་སྤེལ་བའི་བྱེད་ཐབས་གཞན་ཞིག་བཀོལ་གྱིན་པ་ཡོད་པ་དེ་ཡང་ང་ཚོས་ཤེས་དགོས་པའི་གནད་ཅིག་རེད།  དེ་གང་རེད་ཅེས་ན་ས་གནས་རང་སྐྱོང་ཟེར་བ་དང་གྲོང་བརྡལ་གསར་བ་ཟེར་བ་དགོན་པ་སླར་གསོ་ཟེར་བ་སོགས་ལ་ཁ་གཡར་ནས་དཔལ་འབྱོར་གྱི་བསླུ་བྲིད་མང་པོ་ཞིག་གིས་དམངས་སེམས་བསླུ་བ་དང་ས་གནས་ཀྱི་བླ་དཔོན་དག་གི་མགོ་འཐོམས་པར་བྱས་ནས་མ་འོངས་པའི་ལོ་རྒྱུས་ཉེས་ཅན་དུ་གཏོང་བའི་ཐད་ལ་བསམ་ཞིབ་གནང་དགོས་པར་མ་ཟད། རང་གི་རྐང་འོག་གི་ཕ་མེས་ཡང་མེས་ནས་བརྒྱུད་པའི་སྲ་ཐག་ཐག་གི་ས་གཞི་འདི་ཡང་ཤོར་རྒྱུའི་ཉེན་ཁ་ཆེན་པོ་རེད། གཡོ་ཐབས་འདི་ལ་ཁ་དཔེར་འགད་རྫས་ཀྱི་སྟེང་དུ་སྦྲང་རྩི་བྱུགས་པའི་གཡོ་ཐབས་ཟེར། འདི་ང་ཚོས་ཡོངས་སུ་ཤེས་དགོས། དཔེར་ན་བོད་ཀྱི་ཡུལ་དབུས་ལྷ་སའི་སྲང་ལམ་དག་གི་མིང་ལ་པེ་ཅིང་ལམ་ཅང་སུའུ་ལམ་ཟེར་བ་སོགས་མི་ལོ་དུ་མའི་རྗེས་སུ་ལོ་རྒྱུས་སུ་འགྲོ་གཟོ་འདུག་པ་དག་ལ་བལྟས་པས་ཤེས་འོང་བ་ཞིག་རེད། འུ་ཅག་གི་སེམས་ངོར་སྒེར་གཅོད་པས་དངུལ་གྱི་གཏོང་ཕོད་ཡངས་པོར་ཕྱེས་ཡོད་པ་འདི་ཡ་མཚན་ཞིག་ཏུ་འཛིན་རུང་། དེ་ལས་ཡ་མཚན་དགོས་པ་དང་དེ་ལས་རིན་ཐང་གཞན་ཞིག་ཤོར་གྲབས་ཡོད་པ་ནི་རང་ཅག་གི་ཤ་དང་རུས་པ། རིག་གཞུང་དང་ས་གཞི་རེད། ཁྱོད་ལ་སྤྲད་པའི་དངུལ་སྒོར་གྱི་མི་ཚེ་གཅིག་ཙམ་ཞིག་མཐར་འཁྱོལ་ཐུབ་མིན་དེ་ ཡིན་ལ། དེ་ལ་བརྟེན་ནས་ཤོར་བའི་ལོ་རྒྱུས་ནི་ཅི་སྲིད་བསྐལ་བ་ནམ་གནས་ཀྱི་ཕུག་དོན་ཞིག་ཡིན་པ་ཤེས་པར་བྱས་ཏེ། ང་ཚོའི་ཆེ་དགུ་དག་གིས་འདོད་པ་ལ་བག་ཡོད་པར་བྱས་ན་སྙམ་མོ།། ང་ཚོས་ནམ་རྒྱུན་བག་ཡོད་པའི་སྒོ་ནས་བྱ་སྤྱོད་འདི་རིགས་ལ་ཞི་བའི་ངོ་རྒོལ་བྱ་ ཐུབ་པ་ཡིན་ན། སྒེར་གཅོད་པས་བཙན་དབང་ལ་དེ་ལས་ལྷག་པའི་ཡ་ལན་སྤྲོད་པའི་ཐབས་ཤེས་ཁྱོན་ནས་མེད་ དོ།། སྒེར་གཅོད་པ་ལ་མཚོན་ན་ཡང་ཚུལ་ཅི་ལྟ་བུ་ཞིག་གི་སྒོ་ནས་མི་སེར་སྤེལ་བའི་བཙན་དབང་ལམ་ལུགས་དེ་རྟབ་རྟབ་པོའི་ངང་དུ་འགྱུར་བར་གདོན་མི་ཟ། མ་མཐའི་གདམས་ཀ་ཆེས་ནོར་འཁྲུལ་ཅན་དྲག་པོའི་གཉའ་གནོན་ལས་ཁོ་ཚོར་བྱ་ཐབས་གཞན་མེད། དེ་ནི་འཛམ་གླིང་གི་མདུན་དུ་ཆུང་བ་ཆེ་རུ་འགྲོ་བའི་གནད་དོན་ཞིག་ལྷང་ལ་བུད་པ་ཡིན་སྟབས་ང་ཚོའི་རེ་འབྲས་ཀྱང་གང་འཚམ་གྱིས་འགྲུབ་པར་བསམ་ཆོག་གོ།

འབྲེལ་ཡོད་གསར་འགྱུར།

Mobile App

༸གོང་ས་སྐུ་ཕྲེང་དྲུག་པའི་གོ་ལའི་ཚོགས་འདུ་ཞེས་པ་འཚོག་གཏན་ཁེལ།

ཆུ་ཚོད་ ༨ སྔོན་ལ།
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤

མཆན། 17

  1. karma dorje says:
    ལོ་ 16 སྔོན།

    འཚེ་མེད་ཞི་བའི་ལྟ་གྲུབ་ཤེས་ན། །
    ཆོས་དང་འཇིག་རྟེན་གཉིས་ཀ་ཤེས་ཡོད། །
    འཚེ་མེད་ཞི་བའི་ལག་ལེན་བཀལ་ན། །
    ཆོས་དང་འཇིག་རྟེན་གཉིས་ཀ་ཚང་ཡོད། །

    Reply
  2. karma dorje says:
    ལོ་ 16 སྔོན།

    དགྲ་ལ་འཚེ་བ་མེད་པའི་སྒོ་ནས། །
    རང་གི་རང་དབང་ལག་ཏུ་ལེན་དགོས། །

    Reply
  3. karma dorje says:
    ལོ་ 16 སྔོན།

    སེམས་དཔའ་ཆེན་པོ་གྷན་ དྷིས།

    གཞན་གྱི་བཙན་འོག་ཏུ་གསོན་པ་ལས། །
    རང་དབང་གི་ཆེད་དུ་འཆི་བ་དགའ། ། ཞེས་གསུངས།

    Reply
  4. karma dorje says:
    ལོ་ 16 སྔོན།

    རང་གི་ཁ་གཏད་ལ་འཁོན་འཛིན་སྤོངས་དགོས། །
    རང་གི་ཁ་གཏད་ལ་བདེན་དོན་རྩོད་དགོས། །

    Reply
  5. karma dorje says:
    ལོ་ 16 སྔོན།

    འཕྲེང་བ་འཛིན་པས་རང་ གཞན་གཉིས་ཀ་དར། །
    མེ་མདའ་འཕེན་པས་རང་གཞན་ གཉིས་ཀ་རྒུད། །

    Reply
  6. བྱང་ཆུབ། says:
    ལོ་ 16 སྔོན།

    ཕྲན་གྱི་ངོ་ཤེས་གྲོགས་པོ་ཞིག་གིས་ཁ་པར་ཐོག་ནས་བཤད་དོན། སུམ་ཅུ་དུས་དྲན་ཉིན་ལྷ་སར་ཧ་་ཅང་གི་དམ་དྲག་ཆེས་བས། བོད་མི་ཡོངས་ལ་ཞིབ་གཤེར་དང་། གང་དུ་བསྐྱོད་ཀྱང་བལྟ་སྲུང་བྱས་འདུག རྒྱ་ནག་གི་ས་ཁུལ་ཁག་ཏུའང་བོད་རིགས་དམ་དྲག་བྱས་བྱུང་ཟེར།

    Reply
  7. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    ཧོར་བུ་ཡེ་ཤེས་ལགས། ༼འཚེར་མེད་ཞི་བ་༽༼མཚོན་མེད་ཞི་བ་༽༼འཚེར་བ་༽༼འཚེར་༽འདི་ཐམས་ཅད་ཡིག་ནོར་ཤོར་འདུག་ལགས། ༼འཚེར་བ་༽ཞེས་པའི་དོན་ནི་རྟ་ལ་སོགས་པའི་སྐད་སྒྲོག་པའི་དོན་རེད། རྟ་འཚེར་ཞེས་ལྟ་བུ་རེད།
    ཁྱེད་ཚིག་མཛོད་ཞིག་རྒྱུན་དུ་བེད་སྤྱོད་བྱས་དེ་ཡི་གེ་འབྲི་ཐུབ་ན་ཡག་པོ་འོངས་ས་རེད།
    དངོས་གནས་བསམ་དཀར་ཡིན།

    Reply
  8. ཨ་འཕྲིན། says:
    ལོ་ 16 སྔོན།

    གཞིས་སྡོད་སྤུན་གྲོགས་དག་གིས་སྙིང་སྟོབས་དང་བློ་གྲོས། རིགས་ཞེན། ཕུགས་རྒྱང་སོགས་བུ་རུལ་ང་འཛམ་གླིང་འདིར་གཟི་བརྗིད་ཀྱིས་འཚོ་བའི་སྲོག་དབང་གི་འཕར་རྩ་ཡིན། ཐུགས་རྗེ་སྤུན་གྲོགས་ཆེ་ར་ཛི་ནྰ་མ།

    Reply
  9. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ཡ་ཇི་འདྲ་འདུག
    མར་ཡིན་པ་འདྲ་ཡང་བཅུད་མི་འདྲ་བ་འདུག

    Reply
  10. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ཐུགས་རྗེ་ཆེ་རྩོམ་པ་པོ་ལགས།
    ང་ཚོ་ཚང་མས་དཔུང་པ་མཉམ་ཞིབ་ཀྱིས་ཧུར་བརྩོན་བྱེད་པའི་དུས་ལ་བསླེབས་འདུག།།

    Reply
  11. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    རྩོམ་པ་པོ་ལགས།ཡག་པོ་ཞེ་དྲག་བྲིས་འདུག།གོ་རྟོག་ཡག་པོ་སྤེལ་སོང་བའི་ཐུགས་རྗེ་ཆེ།
    སྐབས་འདི་དང་སྟུན་ནས་ངས་རྒྱན་རིང་པོ་བསམ་བློ་བཏང་བའི་དྲི་བ་ཞིག་དྲ་རོགས་རྣམས་ལ་གཤམ་དུ་དབུལ་རྒྱུ་ཡིན་པའི་སྣང་ཆུང་མེད་པར་དགོང་ཚུལ་ཅི་ཡོད་གསུང་རོགས་བྱོས།ང་ཚོས་༼འཚེར་མེད་ཞི་བ་༽ཟེར་བའི་ཚིག་དེ་དང་༼མཚོན་མེད་ཞི་བ་༽དེ་གཉིས་ལ་ང་རང་གི་ངོས་ནས་ཁྱད་པར་ཆེན་པོ་ཞིག་མཐོང་ཡོང་གིན།༼འཚེར་བ་༽ཞེས་པ་ནི་ཆེན་ས་ནས་སྲོག་བཅད་པ་དང་ཆུང་ས་ནས་ཁབ་ཞིག་བཙུགས་པའི་ན་ཚ་ལ་གོ་བར་མཐོང་།ང་རང་ཚོས་ལག་སྟོང་གི་སྐད་འབོད་བྱེད་ཀྱིན་ཡོད་རེད།ཡིན་ནའང་ཕ་རོལ་པོའི་སེམས་ལ་གནོད་༼འཚེར་༽ཆེན་པོ་འགྲོ་ཡི་ཡོད་པ་རེད།དེ་ལས་༼མཚོན་མེད་ཞི་བ་༽ཟེར་ན་དངོས་ཡོད་རེད་འདུག་དྲན་གྱི།དགོང་ཚུལ་ཅི་ཡོད་གསུང་རོགས་གནོང་།

    Reply
  12. karma dorje says:
    ལོ་ 16 སྔོན།

    སེམས་དཔའ་ཆེན་པོ་གྷན་དྷིས།

    འཛམ་བུ་གླིང་འདི་ལ་ང་ལ་གསར་པ་གང་ཡང་སློབ་ཡ་མེད།
    དྲང་བདེན་དང་འཚེ་མ་མེད་པ་དེ་ཚོ་ནི་རྙིང་ལོས་རི་དེ་ཚོ་དང་མཚུངས་པ་རེད།

    Reply
  13. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 16 སྔོན།

    སྙིང་དབུས་ནས་ཐུགས་རྗེ་ཆེ་ཞེས་ཞུ།། བསྟོད་འོས་པ་ཞིག་བྲིས་འདུག་ག། ཕྲེང་བ་ཅན་དང་མེ་མདའ་ཅན་གྱི་ཁྱེད་པར་དང་ཆོལ་ཁ་དང་ཆོས་ལུགས་བར་གྱི་མཐུན་འབྲེལ་སོགས་ཧ་ཅང་གི་ཡིད་འཕྲོགས་པ་ཞིག་བྲིས་འདུག།

    Reply
  14. ནགས་ཤོད་རིག་རལ། says:
    ལོ་ 16 སྔོན།

    ཕྲེང་བ་འཛིན་མཁན་དང་མེ་མདའ་འཛིན་མཁན་བར་གྱི་མི་འདྲ་བའི་ཁྱད་ཆོས་གཏིང་ཟབ་པོ་བྲིས་འདུག་ལ་བོད་མི་རྣམས་ཀྱིས་ཡིད་གཟབ་གནང་དགོས་པའི་དོན་མང་པོ་ཞིག་བྲིས་འདུག མི་རིགས་ཤིག་ལ་འོད་སྟོང་འབར་བའི་མདུན་ལམ་ཡོད་མིན་ནི་མི་རིགས་གང་གི་མི་དམངས་ཀྱི་བསམ་བློའི་གོ་རྟོག་ལ་རག་ལུས་པ་ཡིན་པས་རྩོམ་པ་པོའི་རེ་བ་ལྟར་ང་ཚོ་བོད་མི་ཚང་མས་རིག་པ་གྲུང་ཙམ་བྱས་ནས་དབང་སྒྱུར་བའི་གཡོ་འོག་ཏུ་མི་ཚུད་པ་བྱེད་དགོས་པ་དང་། རང་ཉིད་ཀྱི་མི་ཚེ་གཅིག་གི་བདེ་སྡུག་ཙམ་མིན་པར་མི་རིགས་ཧྲིལ་པོའི་འགན་ཁྲི་ཕྲག་པར་བླངས་ནས་མི་ལུས་བླངས་པའི་སྙིང་པོ་འཚོལ་དགོས་པར་འདུག

    Reply
  15. karma dorje says:
    ལོ་ 16 སྔོན།

    འཚེ་མེད་ཞི་བའི་ལྟ་གྲུབ་ ཟེར་ན་འདི་འདྲ་བ་ཞིག་གོ་དགོས་འདུག། ཚང་མས་འཚེ་མེད་ཞི་བའི་ལྟ་གྲུབ་ལ་སྦྱངས་པ་མཐར་ཕྱིན་དགོས་གལ་ཆེ་ལ་སྤྱི་དོན་ལ་ཤིན་ཏུ་སྨན་པ་ཞིག་ཡོང་ངེས།

    Reply
  16. གངས་སྤྲེལ་ཚ། says:
    ལོ་ 16 སྔོན།

    གཞིས་བཞུགས་ཀྱི་བོད་ཕྲུག་ཚོ་མིན་ན་བོད་པ་ཚང་ཤི་ཚར་ཡོད། ནང་བཞུགས་ཀྱི་གྲོགས་པོ་ཚོས་སྙིང་སྟོབས་དང་། ལྷག་བསམ། ཤེས་འཇོན་བྱེས་སོང་ཚོས་རྩ་ནས་འདྲན་དུ་མེད། བྱེས་སོང་འགས་ཆབས་སྲིད་ཀྱི་མིང་རྫུན་རེ་ཁྱེར་ནས་ཚོད་འཇོག་གི་རྩོམ་ཡིག་རེ་སྤེལ་ཐབས་ཙམ་མིན་པར་ བོད་ནང་གི་ངོས་བྱུང་རྩོམ་ཡིག་གང་མང་སྤེལ་བར་རྩོམ་སྒྲིག་པ་རྣམས་ཀྱིས་ཧུར་ཐག་བྱེད་རོགས།

    Reply
  17. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཡག་པོ་འདུག་་་་་་་ཐུགས་རྗེ་ཆེ་་་་་་་་་་་་་་་་ཡོན་ཏན་ཡོད་པའི་མི་ཞིག་གིས་བྲིས་པར་འདྲ། བོན་རྒྱ་གཙོ་བྱེད་པའི་ཁོས་རྗེས་འབྲངས་པ་ཚོས་སློབ་སྦྱང་བྱ་དགོས་པའི་གནད་དོན་མང་པོ་འདུག

    ཨེ་ཁྱེད་ཚོ་མགྱོགས་པོ་ཤོག་་་་་་་་་་ལོག་རྟོག་བསལ་ཐུབ་པའི་རེ་བ་འདུག་་་ལུག་རྫི་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese