མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

བོད་ཀྱི་དུས་བབ།
༢༠༢༦/༠༧/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། བསྟན་འཛིན་པདྨ།
རྩོམ་ཁུངས། བོད་ཀྱི་དུས་བབ།

ང་ཚོ་བོད་མིའི་ཁྲོད་དུ་སོ་སོའི་རྒྱལ་ཁབ་དང་མི་རིགས་ལ་བརྩེ་བ་དང་ཤ་ཞེན་མེད་མཁན་ཧ་ལམ་དཀོན་པོ་རེད། དེའི་དཔང་རྟགས་ནི་བོད་ཕྱི་ནང་དུ་བོད་བསྟན་པ་ཆབ་སྲིད་དང་འབྲེལ་བའི་བརྗེད་མི་སྲིད་པའི་མིག་མཐོང་ལག་ཟིན་གྱི་གནས་ཚུལ་མང་དག་བྱུང་དང་འབྱུང་བཞིན་ཡོད། ལྷག་པར་དུ་བོད་ནང་དུ་བོད་མི་ཡོད་དོ་ཅོག་གིས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཆོད་སེམས་བརྟན་པོས་དཀའ་ལས་རྒྱག་བཞིན་ཡོད་པ་དང་། བཙན་བྱོལ་དུ་བོད་མི་མང་དག་གིས་སོ་སོའི་འཇོན་ནུས་ལ་དཔག་པའི་གང་ཡོང་ཅི་ཡོང་བྱེད་བཞིན་ཡོད། འོན་ཀྱང་ཉེ་བའི་ཆར་ནས་ང་ཚོ་རང་དབང་ལུང་པའི་ནང་ཡོད་མཁན་འགའ་ཤས་ཀྱིས་ངའི་འདོད་པ་དང་དགའ་མོས། མདུན་ལམ་དང་དུས་ཚོད། མི་ཚེ་དང་ནང་མི། སྟབས་བདེ་དང་དུས་ཁོམ། ཐོབ་ཐང་དང་ཁེ་ཕན་ལ་སོགས་གལ་ཆེ་ཡིན་པའི་སློབ་གསོ་དང་མིག་དཔེ་མཐོང་རྒྱུ་ཡོད་སྟབས། རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཐོག་བསམ་བློ་ཡོད་པ་བཞིན་ཁ་ནས་ལབ་མཁན་མང་དག་ཡོད་ཀྱང་། དེ་དག་ལག་བསྟར་བྱེད་དུས་ང་དང་ངའི་གནད་དོན་གཙོ་བཟུང་གིས་རྒྱལ་ཁབ་དང་མི་རིགས་ཀྱི་གནད་དོན་རང་བཞིན་གྱིས་རྗེས་ལ་འཇོག་གི་ཡོད།

གལ་ཏེ་རྒྱལ་ཁབ་དང་མི་རིགས་ཀྱི་གནད་དོན་འདི་དག་ཡང་ནས་ཡང་དུ་ང་དང་ངའི་གནད་དོན་གྱི་རྗེས་ལ་བཞག་ཚེ། རིམ་པས་ངན་པ་ལངས་ཤོར་དུ་ཕྱིན་ནས་ཉིན་མཚན་དུས་དྲུག་རྫོགས་རྒྱུ་མེད་པའི་ང་དང་ངའི་གནད་དོན་ཐོག་ཉིན་ཞག་ནས་བདུན་ཕྲག་དང་། བདུན་ཕྲག་ནས་ཟླ་བ། ཟླ་བ་ནས་ལོ། ལོ་ནས་ལོ་བྱས་ནས་མཐར་མི་ཚེ་གང་པོ་ང་དང་ངའི་གནད་དོན་ཐོག་བསྐྱལ་ནས། མི་ཚེ་རྫོགས་མཚམས་སུ་སླེབས་དུས་ཕྱིར་བལྟས་གཅིག་སློག་དུས་འགྱོད་པས་མིག་གཉིས་མཆི་མས་ཁེངས་ནས་ལུས་པ་མ་གཏོགས་བྱེད་ཐབས་གང་ཡང་མེད། དེ་དུས་ཕྱིས་དྲགས་ཚར་བ་རེད། ང་ཚོ་ཚང་མ་འཆི་རྒྱུ་ཡིན་པ་ངེས་པ་རེད། ག་དུས་འཆི་ངེས་པ་མེད། སང་གནངས་ཀྱང་འཆི་སྲིད་པ་རེད། དེ་འདྲ་སོང་ཙང་ང་དང་ངའི་གནད་དོན་འདི་ཚོའི་ཆེད་དུ་མི་ཚེ་གང་པོ་བཏང་ན་ཧ་ཅང་ཕངས་པོ་དང་ཐབས་སྐྱོ་པོ་རེད། མི་ཚེ་རིང་ཐུང་ག་ཚོད་ཡོད་ཀྱང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བསམ་བློ་བཏང་ནས་དེ་དག་གི་ཐོག་མི་ཚེ་སྐྱེལ་ཐུབ་ན་འདི་ལས་ལྷག་པའི་མི་ཚེ་དོན་དང་ལྡན་པ་མེད། དེ་ཡིན་ཅིག་སེམས་ལ་ཞོག་ཨང་།

དེ་འདྲ་སོང་ཙང་ཚེ་མཇུག་འགྱོད་པ་མེད་པ་ཡོང་སླད་ཨ་མས་སྔོན་ལ་བཤད་པའི་སྙིང་གཏམ་ནང་བདེ་སྐྱིད་ཀྱི་ལྡེ་མིག་ཟེར་བ་དེ། ཚེ་འདིའི་བདེ་སྐྱིད་ཀྱི་ལྡེ་མིག་ཙམ་མ་ཟད། ཚེ་མཇུག་འགྱོད་པ་མེད་པའི་ཐོག་ནས་ཚེ་ཕྱི་མར་འགྲོ་ཐུབ་པའི་ལྡེ་མིག་ཀྱང་ཡིན་པས། རང་མི་རིགས་ཀྱི་སྐད་དང་ཡི་གེ་མཐིལ་ཕྱིན་ཤེས་པར་བྱེད་རྒྱུ་དུས་རྒྱུན་དུ་ཁ་ན་ན་ཤོད་ཀྱི་ཡོད་པ་བཞིན་དེ་རིང་སླར་ཡང་འདིར་དྲན་སྐུལ་བྱེད་ཀྱི་ཡོད། དེ་ལྟར་བྱེད་ཚེ་སྐད་ཡིག་འདིའི་ནང་དུ་ཡོད་པའི་རླབས་ཆེ་བའི་རིག་གཞུང་ཕྱུག་པོ་དང་གཏིང་ཟབ་པོ་འདི་དག་སོ་སོས་མིག་གིས་གསལ་ལྷམ་མེར་མཐོང་ནས་ངོ་འཕྲོད་ཐུབ་པ་དང་། དེ་དག་ཡང་ཡང་བསམ་བློ་བཏང་ནས་བོད་ཀྱི་རིག་གཞུང་ནི་ང་ཚོ་བོད་མི་ཙམ་མིན་པར་འཛམ་གླིང་ཡོངས་ལ་ཕན་ཐོགས་ཆེན་པོ་ཡོད་པ་མ་ཟད། ད་ལྟའི་དུས་སུ་ཤིན་ཏུ་དགོས་མཁོ་ཆེ་བ་ཡིན་པ་རིམ་པས་ངེས་ཤེས་རྙེད་ཐུབ་པ་དང་། དེའི་རྐྱེན་གྱིས་སོ་སོའི་རིག་གཞུང་ལ་ཨ་ཕའི་ཕོར་པར་གཙང་ཞེན་མིན་པར་ཞེ་ཐག་པ་ནས་དོན་དམ་གྱི་སྤོབས་པ་སྐྱེས་པ་མ་ཟད། རང་མི་རིགས་ཀྱི་ལྟ་བ་དང་སྤོབས་པ་སླེབས་ངེས་རེད། དེས་སོ་སོའི་རྒྱལ་ཁབ་དང་མི་རིགས་ལ་བརྩེ་དུང་དང་འགན་ཁུར་ཤུགས་དྲག་ངང་གིས་སྐྱེ་ངེས་ཡིན་པ། དེ་ནི་འགྱུར་བ་མེད་པའི་རྒྱལ་གཅེས་རིང་ལུགས་ཀྱི་ས་བོན་ནམ་རྨང་གཞི་གཙོ་བོ་དེ་ཡིན།

འདི་ལོའི་ཟླ་ ༤ ནང་དྷ་སར་རྟེན་གཞི་བྱས་པའི་ཏུ་ཤི་ཏཱ་སྒོམ་སྒྲུབ་ལྟེ་གནས་ཁང་དུ་དགེ་བཤེས་ལྷག་རྡོར་ལགས་ནས་དབུ་མ་རིན་ཆེན་ཕྲེང་བའི་ཐོག་བདུན་ཕྲག་གཅིག་རིང་ཆོས་འགྲེལ་གནང་དུས། དེ་གའི་འབྲེལ་ཡོད་ལས་བྱེད་ཀྱིས་དེར་སློབ་གཉེར་བ་བརྒྱད་ཅུ་ལྷག་ཙམ་ཡོད་པ་གསུངས་སོང་བས། དེའི་ནང་བོད་པ་འཆི་མེད་ཁྱེད་གཅིག་པུ་ཡིན་ཡང་། ཁྱེད་ལ་སོ་སོའི་རིག་གཞུང་ལ་སྤོབས་པ་སྐྱེས་ཡོད་པ་མ་ཟད། ནང་ཆོས་འཛིན་གྲྭ་འདི་ལྟ་བུ་ལ་བོད་པའི་གཞོན་སྐྱེས་མང་ཙམ་ཡོད་ན་དགེ་མཚན་ཆེན་པོ་མཐོང་བ་ང་ལ་བཤད་སོང་བ་དེ་དངོས་འབྲེལ་རེད། ཕྱི་རྒྱལ་བ་འདི་ཚོ་ས་ཐག་རིང་པོ་ནས་དུས་ཚོད་དང་འགྲོ་སོང་མང་པོ་བཏང་ནས་འདིར་ནང་ཆོས་སྦྱོང་དུ་ཡོང་གི་ཡོད་ཀྱང་། ང་ཚོ་བོད་པ་འདི་འདྲའི་ཐོག་སློབ་གཉེར་བྱེད་མཁན་ཉུང་ཤས་ཡིན་པ་ཕངས་པོ་དང་བློ་ཕམ་གྱི་གནས་རེད།

སོ་སོའི་རིག་གཞུང་གི་རིན་ཐང་ཤེས་དུས་དེ་ནས་རིམ་པས་སོ་སོའི་རླབས་ཆེ་བའི་རིག་གཞུང་དང་དེ་དག་གི་རྟེན་གཞི་བོད་ཀྱི་སྐད་ཡིག་གི་ད་ལྟའི་གནས་སྟངས་བོད་ཕྱི་ནང་གཉིས་ཀར་ཛ་དྲག་པོ་ཆགས་ཀྱི་ཡོད་པ་ཤེས་དུས། འདི་དག་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་གྱི་ལས་ལ་མ་བསྐུལ་དང་བླངས་ཀྱི་ཐོག་ནས་འཇུག་ངེས་རེད། དེ་དུས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བློས་བཏང་ག་རེ་ཡིན་ཡང་བྱེད་ཐུབ་མཁན་ཞིག་ཆགས་ཀྱི་རེད། མཐའ་ན་རང་གི་གཅེས་པའི་སྲོག་ཀྱང་བློས་བཏང་བྱེད་ཐུབ་ཀྱི་ཡོད། འོན་ཀྱང་མི་ལུས་རྩ་ཆེན་པོ་རིན་ཐང་བྲལ་བ་ཡིན་ཙང་སེམས་ཤུགས་རི་ལྟ་བུ་འདི་འཁྱེར་ནས་སོ་སོ་སོན་པོར་བསྡད་ནས་ཉིན་མཚན་ཀུན་ཏུ་བོད་སྤྱི་པའི་དོན་དུ་ལྷག་བསམ་རྣམ་དག་གིས་འབད་བརྩོན་བྱས་ན་དགེ་མཚན་ཆེ་བ་ཡོད། ངེད་ཕ་མ་གཉིས་དེ་སྔ་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་། སོ་སོའི་གཅེས་ཕྲུག་ཚོའི་མི་ཚེ་བདེ་སྐྱིད་ལྡན་པ་ཡོང་སླད། ཁྱེད་གསུམ་གྱི་མི་ཚེ་དབྱངས་གསལ་སོ་བཞི་དང་ཁ་མ་བྲལ་བ་ཡོང་རྒྱུར་འབད་བརྩོན་བྱས་དང་བྱེད་བཞིན་ཡོད་ཀྱང་། རྒྱ་དམར་གཞུང་གིས་བོད་ནང་དུ་སྲིད་བྱུས་ངན་པ་ལག་ལེན་བསྟར་འགོ་བཙུགས་ནས་བཟུང་། ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་མི་མི་རེ་ངོ་རེ་ནས་འགན་ཁུར་ཆེ་ཙམ་འཁྱེར་དགོས་པའི་ཚོར་ཤུགས་ཆེན་པོ་ངང་གིས་སྐྱེས་པར་བརྟེན། ཁྱེད་གསུམ་གི་སློབ་སྦྱོང་གང་ལེགས་བྱས་རྗེས་གང་མགྱོགས་གཉེན་སྒྲིག་གིས་ཕྲུ་གུ་བོད་པ་གཙང་མ་གང་མང་སྐྱེ་དགོས་པ་དང་། དེ་ཡང་ངེད་ཕ་མ་གཉིས་གཟུགས་པོ་བདེ་ཐང་ཡོད་པའི་སྐབས་སུ་སྐྱེ་ཐུབ་དགོས་པ་ཡང་ནས་ཡང་དུ་ལབ་ཀྱི་ཡོད་པ་དེ་དངོས་འབྲེལ་རང་ཡིན། རྒྱ་ནག་གཞུང་གིས་ང་ཚོ་བོད་མི་རྩ་བརླག་གཏོང་བའི་ངན་བྱུས་ཇི་ལྟར་སྤེལ་ཀྱང་། ང་བོད་མཐོང་མི་མྱོང་བའི་བོད་པའི་བུད་མེད་ཞིག་གིས་སོ་སོའི་ཕྲུ་གུ་ཙམ་མ་ཟད། སོ་སོའི་ཚ་བོ་ཚ་མོ་རྣམས་ཀྱང་བོད་མི་གཤའ་མ་ཞིག་བཟོ་རྒྱུའི་ཁས་ལེན་དམ་བཅའ་འཇོག་རྒྱུ་ཡིན། དེ་འདྲ་སོང་ཙང་ཨ་མའི་དམ་བཅའ་འདི་འགྲུབ་པར་ཁྱེད་གསུམ་ནས་རྒྱབ་སྐྱོར་བྱེད་པའི་རེ་བ་ཡོད།

རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་རྩོལ་མེད་ཡོང་ཐབས་བྲལ་བས། དུས་རྒྱུན་དུ་རང་མི་རིགས་ཀྱི་རིག་གཞུང་དང་། བོད་ཀྱི་ལོ་རྒྱུས་ཤེས་དགོས། ཁྱེད་གསུམ་གྱི་པ་ལགས་བོད་ནས་ཕེབས་པ་ཡིན་ཙང་། ཁོང་གིས་དུས་རྒྱུན་དུ་སོ་སོའི་ཕ་ཡུལ་གྱི་ཡུལ་ལྗོངས་བཀོད་པ་ནས། རི་དང་མཚོ། ཟས་རིགས་དང་ཡུལ་མི། ནང་མི་སྤུན་མཆེད་སོགས་ཀྱི་སྐོར་གང་དྲན་པ་གསུངས་དང་གསུང་བཞིན་ཡོད་སྟབས། ད་ལྟའི་ཆར་ཁྱེད་ཚོ་གསུམ་བོད་དང་ཕྱི་རྒྱལ་གཉིས་ནས་བོད་ལ་འགྲོ་འདོད་མང་བ་ཡོད་པ་ཨ་མས་ཡིད་ཆེས་བྱེད་ཀྱི་ཡོད། དེ་ཁྱེད་གསུམ་གྱི་རྒྱལ་ཞེན་གྱི་ས་བོན་རེད། གསུང་ཆོས་དང་གསུམ་བཅུའི་དུས་དྲན་ལྟ་བུ་བོད་ཀྱི་ཆོས་དང་ཆབ་སྲིད། རིག་གཞུང་དང་སྤྱི་ཚོགས་བཅས་ཀྱི་མཛད་སྒོ་དང་། ལས་འགུལ། དུས་སྟོན། འདུ་འཛོམས་སོགས་གང་ཡིན་ཡང་ཁྱེད་གསུམ་ཆུང་བྱིས་པའི་དུས་ནས་ཕ་མས་འཁྲིད་ཀྱི་ཡོད་པ་དེས་ཁྱེད་གསུམ་གྱི་རྒྱལ་ཞེན་གྱི་ས་བོན་ལ་མཐུན་འགྱུར་སྦྱོར་གྱི་ཡོད། ད་བར་དུ་ཁྱེད་གསུམ་བོད་ཀྱི་སྐད་ཡིག་ལ་དགའ་ཞེན་ཆེན་པོ་ཡོད་པ་དེའང་ཁྱེད་གསུམ་གྱི་རྒྱལ་ཞེན་གྱི་ས་བོན་རེད། ཁྱེད་གསུམ་བོད་ཀྱི་རོལ་དབྱངས་དང་གཞས་ཞབས་བྲོ་སོགས་ལ་དགའ་པོ་ཡོད་པ་དེའང་རྒྱལ་ཞེན་གྱི་ས་བོན་རེད།

བོད་མི་རིགས་ཀྱི་རིག་གཞུང་གཞི་ལ་བཞག་པའི་ཐོག་ནས་འཛམ་གླིང་ལ་ཞབས་འདེགས་རྒྱ་ཆེན་པོ་བྱེད་ཐུབ་པའི་སྤོབས་པ་ཆུང་དུས་ནས་སྐྱེད་སྲིང་བྱེད་རྒྱུ་དེའང་ཧ་ཅང་གལ་ཆེན་པོ་ཡིན་པར་བརྟེན། ངེད་ཕ་མ་གཉིས་ནས་ཁྱེད་གསུམ་ལ་བོད་ཡིག་ཟུར་དུ་སློབ་ཁྲིད་བྱེད་རྒྱུའི་དུས་ཚོད་གཏོང་མི་ཐུབ་ཀྱང་། དུས་དང་རྣམ་པ་ཀུན་ཏུ་ཟ་ཞོར་སྡོད་ཞོར་འགྲོ་ཞོར་སོགས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་རིན་ཐང་ངོ་སྤྲོད་བྱེད་ཀྱི་ཡོད་པ་དེ་རེད། བོད་ཀྱི་སྐད་ཡིག་གིས་ང་ཚོ་བོད་པའི་བསམ་བློ་གཏོང་སྟངས་ལའང་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱི་ཡོད་པ་མངོན་གསལ་རེད། བོད་ཀྱི་སྐད་ཡིག་གི་ནང་ལྟ་གྲུབ་དང་ཆོས་ཕྱོགས་ཀྱི་ནང་དོན་ཞིབ་ཞིང་ཕྲ་བ་ཡོད་པ་དེ་དག་སྐད་ཡིག་གཞན་གྱི་ནང་དུ་ཆ་ཚང་ལ་ལས་སླ་པོའི་ངང་སྒྱུར་ཐུབ་ཀྱི་མེད། དེ་འདྲ་སོང་ཙང་བོད་ཀྱི་སྐད་ཡིག་དང་རིག་གཞུང་ནི་བོད་པའི་ཆེད་དུ་སྒྱུ་རྩལ་ཙམ་མིན་པར་རྒྱལ་གཅེས་རིང་ལུགས་ངོ་མའི་གཞི་རྟེན་རེད།

བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ནི་འགྲོ་བ་མིའི་རིན་ཐང་དང་སྦྲེལ་ཡོད་པ་དེས་རང་བཞིན་གྱིས་བྱམས་སྙིང་རྗེ་ལྡན་པའི་རྒྱལ་ཞེན་སྐྲུན་པ་དང་། དེ་བཞིན་གསོ་སྐྱོང་བྱེད་ཀྱི་ཡོད་པའི་ཚོར་སྣང་ཡོང་གི་འདུག བོད་ཀྱི་རིག་གཞུང་གི་ཉིང་ཁུ་ནི་སྲོག་ཆགས་གཞན་ཚང་མ་ལ་ཕན་སེམས་དང་། སྙིང་རྗེ། གུས་ཞབས་བྱེད་པ་ཡིན། ང་ཚོའི་བོད་ཕྲུག་ཚོ་བོད་ཀྱི་རིག་གཞུང་གི་བསམ་བློའི་འདུ་ཤེས་འདི་ལྟ་བུའི་མཉམ་དུ་གསོ་སྐྱོང་བྱེད་ཚེ། ཁོ་ཚོའི་རྒྱལ་ཞེན་དེས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཙམ་མ་ཟད། མི་གཞན་ཡང་སྲུང་སྐྱོབ་དང་ཡར་རྒྱས་གཏོང་རྒྱུའི་ཐོག་ལ་སེམས་ཤུགས་སླེབས་པ་མ་གཏོགས། མི་གཞན་ལ་གནོད་པ་སྐྱེལ་རྒྱུར་དྲན་གྱི་མ་རེད་བསམ་གྱི་འདུག དེ་བཞིན་ལྷ་མོའི་འཁྲབ་གཞུང་དང་། སྲོལ་རྒྱུན་གཞས་དང་ཞབས་བྲོ། རོལ་དབྱངས་སོགས་ཀྱིས་ཕྲུ་གུ་ཚོར་སོ་སོའི་རིག་གཞུང་དང་འབྲེལ་བའི་ཐོག་ནས་ལུས་ཀྱི་དགའ་སྤྲོའི་རྣམ་འགྱུར་མཚོན་ཐུབ་ཀྱི་ཡོད་ལ། སྒྱུ་རྩལ་འདི་ཚོས་བོད་མི་རྒན་གཞོན་བར་གསུམ་ཡོངས་རྫོགས་ལ་ལུས་ཀྱི་རྣམ་འགྱུར་གྱི་ཐོག་ནས་ཐུན་མོང་མ་ཡིན་པའི་རིག་གཞུང་གི་དགའ་སྤོབས་དང་ཚོར་སྣང་སྟོན་རྒྱུར་ཕན་ཐོགས་ཆེན་པོ་ཡོད་སྙམ།

གོང་སྨོས་ཐབས་ལམ་ཁག་གིས་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་རྒྱུན་བསྲིངས་ནས་གསོ་སྐྱོང་བྱེད་ཀྱི་ཡོད་པ་ལྟར། ཆུང་བྱིས་པའི་དུས་ནས་མ་འཆི་བར་དུ་སྤྱི་ཚོགས་ཞབས་ཞུའི་ལས་རིགས་ཆེ་ཕྲ་ཆུང་གསུམ་ལ་མཉམ་ཞུགས་བྱེད་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཨ་མ་རང་ཉིད་ཀྱི་དྲིན་ཅན་ཨ་མ་ཀུན་དགའ་དབང་མོའི་མིག་དཔེ་བཟང་པོས་སོ་སོ་རང་ཉིད་ལ་དགའ་ཚོར་ཆེན་པོ་སྤྲོད་ཀྱི་ཡོད་སྟབས། ཆུང་བྱིས་པའི་དུས་ནས་བཟུང་སྤྱི་ཚོགས་ཞབས་ཞུའི་རིགས་བྱེད་རྒྱུར་ཧ་ཅང་དགའ་པོ་ཡོད། སློབ་གྲྭའི་ཁོར་ཡུག་གཙང་བཟོ་དང་། མེ་ཏོག་འདེབས་འཛུགས། འཛིན་གྲྭའི་རྒན་བདག ཁང་ཚན་རྒན་བདག སློབ་ཕྲུག་ཆུང་བར་བྱམས་སྐྱོང་སོགས་དང་། མཐོ་སློབ་སྐབས་སུ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ། མཐོ་སློབ་ཐོན་རྗེས་མོན་གྷོ་རྙིང་དགོན་དུ་དང་བླངས་དགེ་རྒན་ཞབས་ཞུ། དགེ་རྒན་ཡིན་སྐབས་དང་བླངས་ཀྱིས་ཚོགས་ཆུང་གསར་འཛུགས་དང་དེའི་ལས་གཞི་ཁག་ལག་བསྟར། ཕ་མ་ཡིན་སྐབས་བུ་བཅོལ་ཁང་དང་སློབ་གྲྭ་སོ་སོར་དང་བླངས་ཞབས་ཞུ་ཁག་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༦ དང་ ༢༠༡༧ ལོ་གཉིས་རིང་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་དགེ་རྒན་ཕ་མའི་ཚོགས་ཆུང་གི་འགན་ཁུར་ཞུ་སྐབས། སོ་སོ་རང་ཉིད་སྲི་ཞུ་བའི་འགན་ཁུར་ཐོག འཆི་མེད་ཁྱེད་རང་ལོ་བརྒྱད་དང་དགུ། ཀུན་བཟང་ཁྱེད་ལོ་དྲུག་དང་བདུན། ལྷ་སྒྲོན་ཁྱེད་ཨ་མའི་མངལ་ནང་དང་མ་འབྱར། དེའི་ཐོག་ཨ་མའི་གྲོགས་མོའི་བུ་མོ་མཁྱེན་སྤྱོད་ལོ་ལྔ་ཡིན་པ་བཅས་ཕྲུ་གུ་མང་དག་ལྟ་སྐྱོང་བྱེད་རྒྱུའི་ལས་འགན་ཡོད་ཀྱང་། ཚོགས་ཆུང་གི་ལས་འགན་མཐའ་དག་དགའ་སྤྲོ་ལྡན་པའི་ཐོག་ནས་ལྷག་བསམ་རྣམ་དག་གིས་ཞུས་པས་དགེ་ལས་ཕ་མ་ཚོས་ཧ་ཅང་དགའ་པོ་གནང་སོང་ལ། འདས་པའི་ལོ་བཅུའི་རིང་ལོ་དེ་གཉིས་ཀྱི་སྤྱི་ཚོགས་ཞབས་ཞུའི་ཐོག་བསམ་བློ་འཁོར་དུས་རང་བཞིན་གྱིས་དགའ་སྤོབས་དང་འདོད་བློ་ཁེངས་པའི་ཚོར་སྣང་ཡང་ཡང་ཡོང་གི་འདུག་པས། ལོ་དེ་གཉིས་ཀྱི་ཞབས་ཞུའི་རྐྱེན་པས་འདས་པའི་ལོ་བཅུའི་ནང་མུ་མཐུད་བདེ་སྐྱིད་ཡོང་དུས་སྤྱི་ཚོགས་ཞབས་ཞུའི་ཕན་ཐོགས་ཆེ་ཤོས་སུ་ལ་བྱུང་འདུག་ལབ་ན། སོ་སོ་རང་ཉིད་ལ་བྱུང་འདུག་པས། དེ་ནི་སྤྱི་ཚོགས་ཞབས་ཞུའི་རིན་ཐང་བྲལ་བའི་ཕན་ཡོན་རེད་འདུག

སློབ་ཕྲུག་ཡིན་པའི་སྐབས་སུ་སློབ་སྦྱོང་ཡག་པོ་བྱེད་རྒྱུ་དེ་དོར་དུ་མེད་པའི་ལས་འགན་དང་པོ་དེ་ཡིན་ཡང་། ཞོར་དུ་དུས་ཚོད་ནམ་བྱུང་ལ་སློབ་གྲྭའི་ནང་སྤྱི་ཚོགས་ཞབས་ཞུ་ཆེ་ཆུང་སྣ་ཚོགས་ཀྱི་གོ་སྐབས་ཡོད་སྟབས་ངེས་པར་དུ་དང་བླངས་ཀྱིས་མཉམ་ཞུགས་བྱེད་དགོས་པ་དང་། དེ་བཞིན་ཆེན་པོ་ཆགས་རྗེས་ལས་ཡུལ་གང་དུ་ལས་ཀ་བྱེད་སྐབས་ལས་ཀའི་དུས་ཡུན་རིང་ལྷག་བསམ་རྣམ་དག་གིས་བྱེད་རྒྱུ་དེ་དོར་དུ་མེད་པའི་ལས་འགན་རེད། ལས་ཡུན་དུས་ཚོད་མིན་པའི་སྐབས་སུ་སྤྱི་ཚོགས་ཞབས་ཞུ་ཆེ་ཕྲ་ཆུང་གསུམ་ག་ཚོད་ཞུ་ཐུབ་པ་དེ་དག་སོ་སོར་ཡོད་པའི་རྒྱལ་ཞེན་གྱི་ས་བོན་མུ་མཐུད་གསོ་སྐྱོང་བྱེད་རྒྱུའི་གོ་སྐབས་ཡིན།

མཐའ་དོན། སྤྱི་པའི་ལས་དོན་སྒྲུབ་པའི་སྐབས་སུ་དགའ་མོས་དང་རྒྱབ་སྐྱོར་བྱེད་མཁན་མང་དག་ཡོད་ཀྱང་ཚང་མས་དགའ་པོ་དང་རྒྱབ་སྐྱོར་ཡོད་པ་ཁྱབ་ཀྱི་མེད། དེ་ལས་ལྡོག་སྟེ་འགའ་ཤས་མ་དགའ་མཁན་ཡང་ཡོང་སྲིད། སེམས་ཤུགས་གཅོག་མཁན་ཡང་ཡོང་སྲིད། འོན་ཀྱང་རང་ཉིད་ཀྱི་ཀུན་སློང་གཙང་མ་དང་། སོ་སོའི་རྒྱལ་ཁབ་དང་མི་རིགས་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་དུང་ཟབ་མོའི་ཐོག་ནས་མུ་མཐུད་ཤར་སྐྱོད་བྱེད་དགོས་པ་ལས་སེམས་ཤུགས་ཆག་ནས་སྡོད་མི་རུང་། རང་ཉིད་འཚོ་སའི་ཁོར་ཡུག་གི་ནང་རྒྱབ་སྐྱོར་ལས་འགོག་རྐྱེན་ཤུགས་ཆེ་བ་ཡོང་དུས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་རས་དང་བཀའ་སློབ་ཡིད་ལ་དྲན་དང་། དེ་ནས་བོད་ནང་གི་བོད་རིགས་སྤུན་ཟླ་ཚོ་ལན་གཅིག་དྲན་དང་། དེ་ནས་ལུང་དང་རིགས་པའི་ཐོག་ནས་རང་གི་ཉམས་རྒུད་འགྲོ་ཉེན་གྱི་རྒྱལ་ཞེན་གྱི་ས་བོན་ཡར་བླངས་ནས་བོད་སྤྱི་པའི་དོན་དུ་མུ་མཐུད་ཤར་སྐྱོད་བྱེད་ཐུབ་པ་དགོས། སུ་ལའང་སྡང་སེམས་དང་འཁོན་འཛིན་མེད་པའི་ཐོག་ནས་སེམས་པ་བཟང་པོའི་ཐོག་ནས་སོ་སོའི་གཞུང་དང་མི་མང་ལ་སྙིང་ཐག་པ་ནས་བརྩེ་བ་དང་ཞབས་འདེགས་ཞུས་ན། སོ་སོའི་རྒྱལ་ཁབ་ལ་དགའ་ཞེན་ཡོད་པའི་མཚོན་རྟགས་ཡིན་པས། སོ་སོའི་མ་འོངས་པའི་གཅེས་ཕྲུག་རྣམས་དང་ཚ་བོ་ཚ་མོ་རྣམས་ལའང་འདི་ལྟ་བུའི་རྒྱལ་ཞེན་སྐྲུན་པར་འབད་བརྩོན་བྱེད་རོགས།། །།

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

ཆུ་ཚོད་ ༡༥ སྔོན་ལ།
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese