དང་པོ། བོད་གཞུང་ཤེས་རིག་ལས་ཁུངས་སུ་སྙན་ཞུ།
བཀུར་འོས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་གཙོས་དྲུང་ཆེ་དང་ལས་བྱེད་ཆེ་ཕྲ་ཆུང་གསུམ་ཡོངས་ཀྱི་སྙན་ལམ་དུ། འདས་པའི་ཟླ་ངོ་གསུམ་རིང་ཕྲན་གྱིས་གཞི་རིམ་སློབ་གྲྭ་ཁག་གི་ཤེས་ཡོན་གནས་ཚུལ་ཁག་ཅིག་གི་ཐད། རང་གི་རྨོངས་འཆར་དང་མཐོང་ཐོས་འགའ་ཁྱེད་ཅག་གི་སྙན་ལམ་དུ་ཇི་ལྟར་འབུལ་མིན་ཐད། བསམ་གཞིག་སྣ་ཚོགས་བྱས་ནའང་ཕྱོགས་གཅིག་ནས་བྱ་བའི་ལས་བྲེལ་གྱི་དབང་གིས་ད་བར་འབྲི་ཁོམ་མ་བྱུང་བ་དང་། གཉིས་ནས་ངས་རང་ནུས་གང་ཡོད་ཀྱིས་འབྲི་ཁུལ་བྱས་ཀྱང་བཀའ་བློན་མཆོག་དང་དྲུང་ཆེ་མཆོག ཡང་ན་འབྲེལ་ཡོད་ལས་བྱེད་ཅིག་གི་མདུན་ཅོག་སྟེང་ཡུན་རིང་ཉར་ཏེ་སྟེང་དུ་ས་རྡུལ་ཆགས་རྗེས། གད་སྙིགས་སུ་གཡུག་འཇོག་པ་ལས་ཁ་ཡོད་ལག་ཡོད་ཅིག་མི་ཕན་པར་དོགས་ནས་ད་བར་དེ་མུར་ལུས། ད་ལྟ་སེམས་ཐག་གཙང་བཅད་ཀྱིས་ངས་འབུལ་རྒྱུའི་སྙན་ཞུ་འདི་ཐད་ཀར་ཁྱེད་ཅག་ལ་འབུལ་རྒྱུ་མ་ཡིན་པར། ཁྱེད་ཅག་འབྲེལ་ཡོད་རྣམ་པ་གཙོས་ང་ཚོ་ཀློག་པ་ཡོངས་ཀྱིས་ཤེས་རྟོགས་ཡོད་པ་བྱས་ཏེ། གསར་འགྱུར་བརྒྱུད་ལམ་ནས་ཁྱེད་ཅག་གི་སྙན་ལམ་དུ་འབུལ་རྒྱུ་ཡིན་ལ། དེ་ལྟར་བྱེད་དོན་མ་མཐར་ཡང་ཁྱེད་ཅག་གིས་སྙན་ཞུ་འདིར་དོན་དངོས་ཐོག་གནད་དུ་སྨིན་པའི་ཞིབ་འཇུག་ཅིག་བྱ་ཆེད་ཡིན།
སྙན་ཞུ་འདིའི་ནང་དུ་གང་ཞིག་མ་དག་པ་དང་གནད་དོན་གང་ཞིག་གི་ཐད་དུ་དོགས་གནས་ཡོད་པ་སོགས་ཀྱང་མི་མང་གི་མིག་གིས་མཐོང་ས་དང་། རྣ་བས་ཐོས་ས་ནས་དོགས་འདྲི་དང་དགོངས་ཚུལ་གསུངས་དང་ལན་འདེབས་བྱ་ངེས་ཡིན། སྙན་ཞུ་འདི་ནི་བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༥༠ སྟེང་གསལ་བའི་ ༼ ཡིག་རྒྱུགས་ཐུན་གཅིག་གི་སྔ་གཞུག ༽ ཅེས་པ་དང་བོད་ཀྱི་སྐད་ཡིག་སྤྱིའི་འདོན་ཐེངས་ ༡༡ དང་ ༡༢ སྟེང་གསལ་བའི་ ༼ ཡིག་ནོར་ ༨༣ ཅན་གྱི་དྲི་ཤོག ༽ ཅེས་པ་གཉིས་ཀྱི་འཕྲོས་བཤད་ཡིན་ལ། དེ་གཉིས་གནད་དུ་བཟུང་ནས་གསར་འགོད་པ་ཞིག་གིས་དངོས་མཐོང་གི་ཟིན་བྲིས་དང་ཞིབ་འཇུག་སྙན་ཐོའང་ཡིན།
ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༩ ནས་ ༢༠༠༩ ལོའི་ཟླ་ ༡༢ བར་དུ་ཕྲན་བོད་ཀྱི་དུས་བབ་ས་གནས་ཡན་ལག་ལས་ཁུངས་འཛིན་སྐྱོང་ཆེད། སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་དུ་བསྡད་ཅིང་། དུས་ཡུན་དེའི་རིང་ཕྲན་གྱིས་སྤེལ་ཀོབ་ལུགས་བདེ་གཉིས་གཙོས་མོན་གྷོ་འདོད་རྒུ་གླིང་དང་ཧོན་སུར་རབ་རྒྱས་གླིང་བཅས་ཀྱི་གཏན་སློབ་ཁག་ལ་རྒྱུས་ལོན་བྱེད་པའི་གོ་སྐབས་བྱུང་། ལྷག་པར་དུ་གཏན་སློབ་ཁག་གི་སློབ་ཕྲུག་ཚོ་དང་ཕན་ཚུན་བསམ་ཚུལ་བརྗེ་རེས་དང་ཁོ་ཚོའི་ཤེས་ཡོན་གནས་ཚུལ་ལ་རྒྱུས་ལོན་གང་འཚམ་བྱུང་བས། འདིར་ཡང་དེ་འབྲེལ་གྱི་རྨོངས་འཆར་འགའ་འབུལ་འདོད་སྐྱེས་ཤིང་། རྨོངས་འཆར་འདི་དག་གིས་རང་གཞུང་ཤེས་རིག་ལས་ཁུངས་གཙོས་གཏན་སློབ་ཁག་གི་ལས་ཀྱི་སྣེ་མོར་གཏོགས་པ་ཚོས་འབྱུང་འགྱུར་བའི་ཤེས་ཡོན་སྲིད་བྱུས་ཐད་ལ་སྔར་ལས་ཀྱང་ཕན་འབྲས་འདོན་པ་དང་། འདས་སོང་གི་ལོ་ཟླའི་ཁྲོད་ནས་གང་ཞིག་ནས་ནོར་འཕྱུག་བྱུང་བ་སོགས་ཤེས་རྟོགས་འབྱུང་བར་རེ་བ་རྒྱག་གི་ཡོད།
གཉིས། ཡིག་ནོར་ ༨༣ ཅན་གྱི་འཕྲོས་བཤད།
ངས་ཡིག་ནོར་ ༨༣ ཅན་གྱི་རྩོམ་ཡིག་དེ་བྲིས་རྗེས་ཀྱི་ཉིན་འགའི་རྗེས་སུ་ང་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་ཉིན་སློབ་ཀྱི་སློབ་སྤྱི་བྱམས་པ་བསྟན་འཛིན་སར་བཅར་ནས་དེ་དོན་ཞུས། ༼ སྐབས་དེར་ངས་རྩོམ་ཡིག་རང་སྤྱན་འབུལ་ཞུ་རྒྱུ་བྱུང་མེད། ༽ ཡིད་ཕམ་པ་ཞིག་ལ་ཁོང་གིས་དེ་ལྟ་བུ་ནི་ཡོང་སྲིད་པ་ཞིག་དང་། ཡང་ན་གློག་ཀླད་དུ་འཇུག་སྐབས་གཏགས་ནོར་ཤོར་བ་ཙམ་ཡིན་སྲིད་པ་ལས། ཡིག་ནོར་ ༨༣ ཅན་གྱི་འདྲི་ཤོག་འབྲི་མཁན་དགེ་རྒན་གྱི་ཤེས་ཡོན་གནས་ཚུལ་ཐད་ནས་གང་ཡང་མ་གསུངས་ཏེ། དགེ་རྒན་དེའི་ཉེས་སྐྱོན་འགེབས་རྒྱུར་ནུས་ཤུགས་གང་ཡོད་བཏོན། ལྷག་པར་དུ་ཁོང་གིས་སྐབས་རེར་དེ་ལྟ་བུའི་དཀའ་ངལ་རིགས་འཕྲད་སྲིད་པ་རེད་ལ། དེང་སྐབས་ཕྱི་ཕྱོགས་ཀྱི་མི་མང་པོས་ང་ཚོས་འཇོན་བཞག་པ་དང་དཀའ་སྡུག་མྱངས་པ། ལས་བཟང་བོ་བྱས་པ་རྣམས་གླེང་གི་མི་འདུག ཏོག་ཙམ་ནོར་འཁྲུལ་ཤོར་ཚེ་ཤུགས་ཆེན་པོས་བསྒྲགས་པ་དང་ཡང་ན་གླེང་སློང་སྣ་ཚོགས་བྱེད་ཀྱིན་འདུག་ཟེར། ཁོང་གིས་དེ་སྔོན་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་སློབ་སྤྱི་གནང་སྐབས་ཀྱང་ང་ལ་གོང་གི་བཀའ་མོལ་ཇི་བཞིན་གསུངས་མྱོང་། དེ་ནི་སློབ་སྤྱི་ཚོས་དགེ་རྒན་ཚོ་འགེབ་སྲུང་བྱེད་པའི་ཕྱོགས་གཅིག་རེད། ཕྱོགས་གཞན་ཞིག་ནི་དགེ་རྒན་གྱིས་སློབ་མ་འགེབས་སྲུང་བྱེད་པ་དེ་རེད། ལོ་སྔོན་མའི་ལོ་མཇུག་ཡིག་རྒྱུགས་བཏང་རྗེས་ངས་ཕྲུ་གུའི་ཕ་མ་འགའི་ས་ནས་སྐད་ཆ་ཡ་མཚན་པ་ཞིག་ཐོས། ཕ་རྒན་ཞིག་ན་རེ། དགེ་རྒན་དང་སློབ་ཕྲུག་ཚོ་ཁ་མཐུན་བྱས་ཏེ་ཕ་མ་ཚོར་མགོ་སྐོར་གཏོང་གི་འདུག ཉིན་འགའི་སྔོན་ང་ཚོ་ཕ་མ་ཚོ་སྐད་བཏང་ནས་འདི་ལོའི་ལོ་མཇུག་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་གནང་སོང་ལ། སྐབས་དེར་འཛིན་རིམ་དྲུག་པ་ནས་བཅུ་བ་བར་གྱི་སློབ་ཕྲུག་ཚོའི་ཁྲོད་ན་བརྒྱ་ཆ་མ་ལོན་མཁན་གཅིག་ཀྱང་མི་འདུག་ཟེར་ནས་གསལ་བསྒྲགས་གནང་སོང་། གལ་སྲིད་དངོས་གནས་ཕྲུ་གུ་ཚོའི་ཡིག་རྒྱུགས་གྲུབ་འབྲས་དེ་ལྟར་
བཟང་བོ་ལོན་ན་ང་ཚོ་ཕ་མ་ཚོ་དགའ་འོས་པ་ཞིག་རེད་མོད། དེ་ལྟར་ཡིན་མིན་ཕ་མ་རང་ཉིད་ཚོའི་སེམས་ན་གསལ་བས་དོན་དེས་དགའ་བ་སྐྱེ་རྒྱུ་ཕར་ཞོག སྡུག་ལ་གཏད་སོང་ཟེར།
དེ་ནི་དགེ་རྒན་གྱིས་སློབ་ཕྲུག་ཚོ་འགེབ་སྲུང་བྱེད་པའི་བརྒྱུད་རིམ་དེ་རེད། ད་དུང་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཅིག་གིས་ལོ་སྔོན་མའི་པེན་བོད་ཀྱི་རྩོམ་པ་བོའི་མཐུན་ཚོགས་སྟེང་གཞི་རིམ་སློབ་གྲྭ་ཁག་གི་བོད་ཡིག་གི་ཤེས་ཡོན་གནས་ཚུལ་སྐྱོ་བོ་ཡིན་པར་ཁག་མེད། དེ་ནི་ཁོང་ཚོར་ཉིན་རེར་ཆུ་ཚོད་གཅིག་རེའི་སློབ་ཚན་མ་གཏོགས་རག་གི་མེད་པས་ཡིན་ཟེར། དེས་ན་འཛིན་རིམ་དང་བོ་ནས་བཅུ་བ་བར་སླེབས་པའི་སློབ་ཕྲུག་ཁྲོད་དུ་རང་གི་མིང་ཡང་འབྲི་མི་ཤེས་ ༼ ཡིག་རྒྱུགས་ཐུན་གཅིག་གི་སྔ་གཞུག་ཏུ་གསལ། ༽ མཁན་མང་བོ་ཡོད་པར་ཇི་ལྟར་འབྲེལ། དེ་ནི་ལས་བྱེད་ཀྱིས་དགེ་རྒན་ཚོ་འགེབ་སྲུང་བྱེད་སྟངས་རེད།
གཉིས། གཞི་རིམ་སློབ་གྲྭ་ཁག་གི་སློབ་མའི་ཤེས་ཡོན་གནས་ཚུལ།
དེ་སྔོན་ཕྱི་ལོ་ ༢༠༠༥ ནས་ ༢༠༠༦ ཕྲན་གྱིས་ལྷོ་ཕྱོགས་ཕོ་ཉ་རྩོམ་སྒྲིག་ཁང་དུ་ལས་ཀ་བྱས་པ་ཡིན་ལ། སྐབས་དེར་ང་ཚོའི་ལས་ཁུངས་ཡོད་ས་ནི་མོན་གྷོ་འདོད་རྒུ་གླིང་གཞིས་གྲོང་གསུམ་པ་ཡིན། དེ་དུས་ནས་ང་ལ་གཞི་རིམ་སློབ་གྲྭ་ཁག་གི་ཤེས་ཡོན་གནས་ཚུལ་ཐད་དོ་སྣང་བྱུང་བར་མ་ཟད། གཞི་རྩའི་སློབ་མ་རང་ཉིད་ཀྱི་མི་གཤིས་ཀུན་སྤྱོད་ཐད་དུའང་དོ་སྣང་བྱུང་། དེ་བཞིན་ཕྱི་ལོ་ ༢༠༠༨ ལོ་མཇུག་ཏུ་ཕྲན་བོད་ཀྱི་དུས་བབ་གསར་འགོད་པའི་མིང་ཐོག་ནས་སྦེལ་ཀོབ་ནས་མོན་གྷོ་འདོད་རྒུ་གླིང་དུ་ཐེངས་ཤིག་བསྐྱོད་ཅིང་། སྐབས་དེར་གཞིས་མགོ་དཔལ་ལྡན་དོན་གྲུབ་ལགས་དང་སློབ་སྤྱི་ཕུན་རབ་ཆོས་བཟང་རྣམ་གཉིས་དང་མཉམ་དུ་གཞི་རིམ་གྱི་སློབ་མའི་ཤེས་ཡོན་གནས་ཚུལ་ཐད་གླེང་མོལ་བྱེད་པའི་གོ་སྐབས་བྱུང་། ཁོང་རྣམ་པ་གཉིས་ཀྱིས་ཧ་ཅང་ཐུགས་ཕམ་གྱིས་གསུངས་དོན། སློབ་ཕྲུག་ཚོའི་ཤེས་ཡོན་གནས་ཚུལ་དངོས་འབྲེལ་ཧ་ཅང་སྐྱོ་བོ་རེད། སློབ་ཚན་སྣ་གཅིག་ལ་གྲུབ་འབྲས་ཡག་པོ་ཡོད་ཀྱང་འགྲིག་གི་འདུག་མོད། དེ་ཡང་དཀོན་པོ་རེད་ཅེས་གསུངས། དེ་བཞིན་ཕྱི་ལོ་ ༢༠༠༩ ལོར་ང་ཧོང་སུར་རབ་རྒྱས་གླིང་དུ་ཐེངས་གཉིས་ལ་བསྐྱོད་ཅིང་། ཐེངས་གཉིས་ཀར་ཧོང་སུར་རབ་རྒྱས་གླིང་གི་གཞིས་མགོ་བྱམས་པ་ཕུན་ཚོགས་དང་གཞི་རིམ་སློབ་གྲྭའི་ཤེས་ཡོན་གནས་ཚུལ་ཐད་གླེང་མོལ་བྱེད་པའི་གོ་སྐབས་བྱུང་། ཁོང་གིས་ཀྱང་གོང་ལྟར་གསུངས། ལྷག་པར་དུ་སྐབས་དེར་ཁོང་གིས་ལས་འགུལ་གསར་བ་ཞིག་སྤེལ་གྱིན་པ་ནི་སློབ་ཕྲུག་ཚོའི་ཕ་མར་རང་གི་བུ་ཕྲུག་ལ་སློབ་གསོ་ཇི་ལྟར་རྒྱག་པ་དང་འབྱུང་འགྱུར་གྱི་མདུན་ལམ་ཇི་ལྟར་སྟོན་པའི་ཐབས་ལ་ཟབ་སྦྱོང་སྤྲོད་ཀྱིན་པ་དེ་རེད། ཁོང་གིས་དེ་ལྟར་བྱེད་དོན་དེ་སྔོན་རྒྱ་གར་ཚགས་ཤོག་ཅིག་གི་ཐོག་ཏུ་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་ཁྲོད་གྲུབ་འབྲས་ཡངས་རྩེར་སོན་མཁན་གྱི་སློབ་ཕྲུག་ཚོའི་ནང་མིར་ཞིབ་འཇུག་བྱེད་སྐབས། བརྒྱ་ཆ་བཟང་བོ་ལོན་མཁན་གྱི་སློབ་ཕྲུག་ཕལ་ཆེ་བའི་ཕ་མ་གཉིས་ཏན་ཏན་ཤེས་ཡོན་གནས་ཚུལ་ཡག་པོ་ཡོད་པ་དང་རང་གི་སློབ་ཕྲུག་ལ་ལམ་སྟོན་ལེགས་པོ་བྱེད་ཐུབ་མཁན་ཡིན་སྟབས། སློབ་ཕྲུག་གི་གཞི་རྩའི་ཤེས་ཡོན་གནས་ཚུལ་ཡག་པོ་འབྱུང་མིན་གྱི་རྩ་བ་ཕ་མར་རག་ལས་འདུག་པས་རེད་ཅེས་གསུངས། དེ་ནི་བྱེད་ཐབས་བཟང་བོ་ཞིག་རེད་སྙམ།
དེ་མིན་སྦེལ་ཀོབ་གཞིས་ཆགས་གསར་རྙིང་གཉིས་ནི་ནམ་རྒྱུན་ངའི་མིག་མདུན་དུ་བཤམས་འདུག་པ་དེ་ཡིན་ལ། ང་རང་ཉིད་ལག་རྩེད་སྤོ་ལོ་རྩེད་རྒྱུར་དགའ་བའི་དབང་གིས་སློབ་གྲྭར་འགྲིམ་བཞིན་པའི་སློབ་ཕྲུག་འཛིན་རིམ་དྲུག་པ་ནས་བཅུ་པ་བར་དུ་ང་ལ་ཞེ་འདྲིས་གཏིང་འདྲིས་སུ་སོང་བའི་གྲོགས་པོ་མང་བོ་ཡོད། ངས་ཁོང་ཚོར་སྐབས་རེར་བོད་ཡིག་གི་སྐོར་ནས་སྤྱིར་བཏང་བའི་གླེང་མོལ་བྱེད་མྱོང་ལ། ཡང་སྐབས་རེར་དབྱིན་ཡིག་གི་ཤེས་ཡོན་གནས་ཚུལ་ཡང་གང་འདྲ་འདུག་མིན་ཚོད་ལྟ་བྱས་མྱོང་། ལྷག་པར་དུ་ང་ལ་ཡང་ཡང་བློ་ཕམ་ཞིག་བྱུང་བ་ནི་རྩ་བའི་ཆ་ནས་ད་ལྟ་གཞི་རིམ་སློབ་གྲྭ་ཁག་ཏུ་བསྐྱོད་ཀྱིན་པའི་སློབ་ཕྲུག་རྣམས་ལ་མི་ཚེའི་ཕུགས་འདུན་ཐོག་བསམ་བློ་གཏོང་མ་མྱོང་མཁན་དང་། འབྱུང་འགྱུར་རང་གི་ཤེས་བྱ་ཡོན་ཏན་གང་ཞིག་ལ་བརྟེན་ནས་བྱ་བ་ཇི་ཞིག་བསྒྲུབ་འདོད་ཡོད་མེད་ཐད། འཆར་སྣང་གང་ཡང་མེད་པར་མུན་ནག་མདའ་འཕེན་ལྟར་སློབ་གྲྭར་བསྐྱོད་པ་དང་། ཉིན་གཅིག་ལ་སློབ་གྲྭར་བསྐྱོད་རྒྱུ་ནི་ད་ལྟའི་ཤེས་ཡོན་སློབ་སྦྱོང་གི་ཆེད་དུ་མིན་པར་ཁྲལ་ཙམ་གྱི་ཆེད་དུ་ཡིན་པ་ལྟ་བུའི་འདུ་ཤེས་ཡོད་པ་དེ་རེད།
འདིར་འུད་སྒྲོག་ཅུང་ཙམ་བྱས་ཚེ་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་སློབ་སྦྱོང་ལ་མི་དགའ་བར་རྩེད་མོ་ལ་དགའ་བ་དང་། མི་ཚེ་ཕུགས་འདུན་མ་རྟོགས་པར་མིག་སྔའི་རྣམ་གཡེང་ལ་མགོ་མཁོར་འདུག་པ་ཤུགས་ཆེ་ཞིང་། སློབ་གྲྭ་རེར་ཆ་སྙོམས་བྱས་ན་སློབ་མའི་བརྒྱ་ཆ་དྲུག་ཅུ་ཡན་ཤེས་ཡོན་གནས་ཚད་གཏན་ནས་ལོངས་མེད་པའི་གྲས་ཡིན། འདིར་ངེས་དགོས་པ་ཞིག་ལ་བོད་ཡིག་གི་གནས་ཚུལ་ཟེར་གྱིན་མེད་པར་དབྱིན་ཡིག་དང་ཨང་རྩིས། ཚན་རིག་དང་སྤྱི་ཚོགས་ཚན་རིགས་སོགས་སློབ་ཚན་ཡོད་ཚད་འདུས་ཡོད། ཉིན་ལྟར་ལག་ཏུ་དཔེ་དེབ་དང་སྙུ་གུ་བཟུང་ནས་སློབ་གྲྭར་སྐྱོད་བཞིན་པའི་སློབ་མ་རྣམས་ལ་མཚོན་ན་ཕན་ཚུན་ལ་སློབ་སྦྱོང་གི་ཐད་ནས་འགྲན་བསྡུར་དང་ཤེས་བྱ་རིག་པའི་གནས་ལ་གཤོག་རྩལ་ངོམ་རྒྱུ་ནི་སློབ་གྲྭར་འགྲིམ་སྐབས་ཆེས་མེད་དུ་མི་རུང་བ་ཞིག་ཡིན་མོད། གཞི་རིམ་སློབ་གྲྭ་ཁག་ཏུ་སློབ་སྦྱོང་གི་ཐད་དུ་ཕན་ཚུན་ལ་འགྲན་བསྡུར་དང་ཧུར་བརྩོན་བྱེད་པ་དཀོན་ཞིང་། ཕྱིའི་ཟང་ཟིང་དང་ཁྲ་ཁྲ་རིག་རིག་ལ་མགོ་བོ་གཡེང་འདུག
ལྷག་པར་དུ་འཛིན་གྲྭ་གྲོལ་ནས་ཕྱིར་ནང་དུ་སླེབས་རྗེས་ནང་སྦྱོང་བྱེད་མཁན་གྱི་སློབ་མ་ནི་ཉིན་མོའི་སྐར་མ་ལྟར་དུ་གྱུར་འདུག ང་སྡོད་ས་དེ་སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་ཉེ་འཁྲིས་ཡིན། དེ་རུ་ཕལ་ཆེར་ཁྱོན་བསྡོམས་སློབ་ཕྲུག་བཅུ་ལྷག་ཡོད་མོད། དེ་དག་ལས་སློབ་ཕྲུག་གཉིས་དང་གསུམ་གྱིས་མ་གཏོགས་ནན་ཏན་གྱིས་སློབ་སྦྱོང་བྱེད་ཀྱི་མེད་པ་མ་ཟད། མཚམས་རེར་དགེ་རྒན་གྱིས་བསྐུར་བའི་ནང་སྦྱོང་ཡང་སློབ་ཕྲུག་གཞན་གྱིས་བྲིས་པ་གཡར་ཏེ། ཕབ་བཤུ་བྱེད་པ་ལས་རང་གིས་རིག་པའི་རྩལ་དང་བློ་གྲོས་ཀྱི་ནུས་པ་འདོན་ནས་འབྲི་གི་མི་འདུག
དགོང་མོ་ཞིག་ལ་ང་ཁྱིམ་ཚང་ག་གེ་མོ་ཞིག་གི་ནང་དུ་ཡོད། ཨ་མ་ཞིག་སླེབས་ནས་དེ་ཚང་གི་བུའི་སར་ནས་བྲིས་ཚར་བའི་ནང་སྦྱོང་གི་དེབ་གཡར་སོང་། ཁོ་མོས་ད་དུང་ཤ་ཚ་མདོག་གིས་ངའི་ཕྲུ་གུས་ནང་སྦྱོང་བྲིས་མི་འདུག སང་ཉིན་དགེ་རྒན་གྱིས་བཀའ་བཀྱོན་གནང་གི་རེད། ཁྱོད་ཀྱིས་བྲིས་ཟིན་པ་དེ་གཡར་རོགས། ཐུགས་རྗེ་གཟིགས་ཟེར། འདིར་ནན་ཏན་གྱིས་བཤད་འདོད་པ་ཞིག་ནི་སློབ་ཕྲུག་ཚོའི་ཁྲོད་ན་ཡིག་རྒྱུགས་ཀྱི་བརྒྱ་ཆ་གླེང་མཁན་མེད་པར། ཡིག་རྒྱུགས་འཕྲོད་ཡོད་མེད་ ( Pass ) ཙམ་འདྲི་བ་དེ་རེད། ཁོང་ཚོར་མཚོན་ན་ཡིག་རྒྱུགས་འཕྲོད་ཙམ་ཡིན་ཚེ་སློབ་སྦྱོང་བྱས་པའི་དོན་གོ་རུ་གོ་བ་ལེན་གྱིན་འདུག
ལོ་སྔོན་མའི་ལོ་མཇུག་གི་ཡིག་རྒྱུགས་སླེབས་ལ་ཉེ་བའི་སྐབས་དེར་ངས་སློབ་ཕྲུག་ཅིག་གི་ལས་བྱའི་འབྲི་དེབ་ལ་བལྟས་མྱོང་། དེབ་སྣ་རིང་བོ་གཅིག་གི་ནང་དུ་བོད་ཡིག་གི་བརྡ་དག་དང་སྙན་ངག ས་སྐྱ་ལེགས་བཤད་སོགས་མགོ་སྔ་བྱས་ཏེ་བྲིས་འདུག་ལ། ལོ་མཇུག་ཏུ་སླེབས་སྐབས་དེར་ད་དུང་ཤོག་ངོས་བཅུ་ཕྲག་ལྷག་རེ་མ་གཏོགས་བེད་སྤྱད་མེད་པར་དེབ་གཙང་དག་ཡང་དག་ཏུ་ཉར་འདུག དེ་ནི་དགེ་རྒན་གྱིས་སྒོ་སམ་སྟེང་བྲིས་པ་ཇི་བཞིན་ཚུར་དེབ་ནང་དུ་བཤུ་བ་ལས། སློབ་ཕྲུག་རང་ཉིད་ཀྱི་ངོས་ནས་བསྐྱར་བཤུ་དང་བསྐྱར་སྦྱོང་བྱེད་ཀྱི་མེད་པ་དང་། ནང་ལས་འབྲི་བའི་ལུགས་ནི་གཏན་ནས་མེད་སྟབས་རེད། ད་དུང་དགེ་རྒན་གྱིས་སྒོ་སམ་སྟེང་བྲིས་པ་ཇི་བཞིན་བཤུས་པའི་གཤམ་དུ་སློབ་སྤྱིས་བཟང་གི་ ༼ good ༽ དང་བལྟས་ཚར་ ( see ) ཧ་ཅང་བཟང་གི་ ( very good ) སོགས་བྲིས་འདུག ངས་དེབ་དེར་བལྟས་པའི་དགོང་མོ་དེར་སློབ་ཕྲུག་དེས་ཕྱི་ཉིན་གྱི་བོད་ཡིག་གི་ཡིག་རྒྱུགས་ལ་གྲ་སྒྲིག་བྱེད་ཀྱིན་འདུག་ལ། ས་སྐྱ་ལེགས་བཤད་ཀྱི་སློབ་ཚན་ཞིག་ལས་ཚིགས་བཅད་ཤོ་ལོ་ཀ་གཅིག་བློར་འཛིན་གྱིན་འདུག ཁོས་ད་དུང་ཕྱི་ཉིན་དེར་མ་མཐར་ས་སྐྱ་ལེགས་བཤད་ལས་ཚིགས་བཅད་ཤོ་ལོ་ཀ་གང་རུང་ཞིག་བློར་ཕྲིས་ཟེར་བའི་དྲི་བ་ཞིག་ཡོང་རྒྱུ་ཡིན་པ་གཞིར་བཞག་བྱས་འདུག དགོང་མོ་དེར་ཁོས་བོད་ཡིག་སྦྱོང་བའི་ཚུལ་དེས་ངས་སང་ཉིན་ཁོས་ཡིག་རྒྱུགས་འཕྲོད་རྒྱུ་མ་རེད་བསམ་སོང་། ཕྱི་ཉིན་ཡིག་རྒྱུགས་ཡག་པོ་ལོངས་སོང་ཟེར། དེ་ནི་མ་གཞི་ནས་སློབ་ཚན་གང་བསླབས་པ་ལས་དྲི་བ་གཞན་ཡོང་གི་མེད་པ་དང་། དེ་ཡང་གོང་ལྟར་ནམ་རྒྱུན་གྱི་དྲི་བ་འགའ་མ་ཡོང་སྔོན་ནས་སློབ་ཕྲུག་ཚོས་ཤེས་འདུག་སྟབས་ཡིན།
གསུམ། གཞི་རིམ་སློབ་མའི་གཤིས་ཀུན་སྤྱོད་གླེང་བ།
བཙན་བྱོལ་དུ་ཐོག་མར་འབྱོར་མཁན་གྱི་མི་རབས་ཐོག་མ་དང་དེའི་རྗེས་རིམ་བཞིན་བོད་ནས་ཡོང་མཁན་གྱི་གསར་འབྱོར་བ་རྣམས་ལ་མཚོན་ན། ཕ་མ་དང་བུ་ཕྲུག་བར་གྱི་འདུ་ཤེས་འཛིན་སྟངས་ཚད་ངེས་ཅན་ཞིག་གི་སྟེང་དུ་ཡོད་པ་མ་ཟད། རང་གི་ཕ་མར་ཁ་ལན་སློག་པ་ནི་གཞི་རྩའི་ཆ་ནས་མི་དེའི་ཀུན་སྤྱོད་དང་འགལ་ཡོད་པར་མ་ཟད། དེའི་རིགས་ཀྱི་མི་ལ་སྤྱི་ཚོགས་ཀྱིས་ཀྱང་ལྟ་སྟངས་ལེགས་པོ་མེད། ཡིན་ནའང་། གཞི་རིམ་གྱི་ས་གནས་ཁག་ན་འདི་ལྟ་བུ་མང་བོ་མཐོང་རྒྱུ་ཡོད། ཕྱི་ལོ་ ༢༠༠༩ ལོ་ཟླ་ ༥ བའི་བོད་རིགས་གཞོན་སྐྱེས་འགའ་དང་རྒྱ་གར་ཡུལ་མིའི་དབར་འཁྲུགས་འཛིང་བྱུང་སྐབས། ང་འཁྲུགས་འཛིང་ཤོར་བའི་གཞོན་སྐྱེས་ཤིག་གི་ཁྱིམ་དུ་སྐད་ཆ་འགའ་འདྲི་རུ་བསྐྱོད་ཅིང་། སྐབས་དེར་ཕྲུ་གུ་དེས་རང་གི་ཨ་མར་མིག་ལོག་གིས་བལྟས་པའི་རྣམ་འགྱུར་དེ་དང་ཁ་ནས་ཐོན་པའི་ཚིག་གིས་ང་ཧང་སང་བར་བྱས། ཁོས་རང་གི་ཨ་མར་ཁ་ལན་སློག་པ་མ་ཟད་རང་གི་ཨ་མར་སུན་སྣང་གི་རྣམ་འགྱུར་ཤུགས་ཆེར་བསྟན་ནའང་། ཨ་མ་རང་ཉིད་ལ་མཚོན་ན་བྱ་སྤྱོད་དེའི་རིགས་རྒྱུན་ལྡན་ལྟ་བུར་གྱུར་འདུག དེ་བཞིན་ཐེངས་ཤིག་ངའི་སྡོད་གནས་སྒོ་འགྲམ་དུ་རང་ལོ་ ༡༥ ཡས་མས་ཀྱི་སློབ་ཕྲུག་ཅིག་ལ་རང་གིས་ཨ་མས་ཕྱིར་ནང་དུ་ལོག་དགོས་སྐོར་ཞིག་གསུངས་སོང་མོད། དེ་མུར། ༼ ང་ཉོབ་མ་འཇུག འགྲོ་གི་མེད། འགྲོ་གི་མེད། ༽ ཟེར་ནས་ཁ་ལག་པ་གཉིས་ནས་ཁ་ལོག་ཚིག་ལོག་གི་རྣམ་འགྱུར་བསྟན་སོང་།
ང་སྦེལ་ཀོབ་ཏུ་བསྡད་རིང་ངའི་ལས་ཁུངས་དང་ལས་ཤག་གཉིས་ཟ་ཁང་ཞིག་གི་ཁང་ཤར་གཅིག་ཏུ་འཁེལ་ཡོད། དེའི་སྟབས་ཀྱིས་ངའི་ལས་ཁུངས་སྒོ་འགྲམ་དུ་སྔ་དགོང་གཉིས་དང་ཉིན་རྒྱབ་སོགས་སུ་མི་ཚོགས་ཀྱི་འཚང་ཁ་རྒྱུན་ཆད་མེད། དེ་དག་ལས་ཕྱི་དྲོར་འདུ་འཛོམས་བྱེད་མཁན་ཁྲོད་དུ་སློབ་ཕྲུག་མང་བོ་ཡོད་ཅིང་། ཁོང་ཚོ་རྩ་བའི་ཆ་ནས་ཐ་མག་དང་ཁའི་ནང་མངར་ཁུའི་རིགས་སྣ་ཚོགས་བེད་སྤྱོད་གཏོང་མཁན་གྲས་ཡིན་པས་མི་ཚད། ཁོང་ཚོས་ཕན་ཚུན་ལ་ལབ་གླེང་བྱེད་པའི་དོན་འབྲུ་ནི་དངོས་གནས་སེམས་སྐྱོ་ཞིང་ཡིད་ཕམ་པ་རྐྱང་རེད། ཁོང་ཚོའི་ནང་ན་སློབ་སྦྱོང་གི་སྐོར་དང་ཡིག་རྒྱུགས་ཀྱི་སྐོར། ཡང་ན་ཆོས་དང་ཆབ་སྲིད་ཀྱི་སྐོར་ཞིག་གླེང་མཁན་མེད་ཐོག བུད་མེད་དང་དགོས་མེད་ཀྱི་ཉོག་གཏམ་བཤད་མཁན་རྐྱང་དུ་གྲུབ་ཡོད།
བཞི། ལུགས་བསམ་ཉིན་སློབ་ཀྱི་དཔེ་མཛོད་ཁང་དུ་བསྐྱོད་པ།
དཔེ་མཛོད་ཁང་ནི་འཛད་མཐའ་མེད་པའི་ཤེས་རིག་གི་རྒྱ་མཚོ་ཞིག་དང་དཔེ་ཀློག་པ་རྣམས་ནི་རྒྱ་མཚོའི་ཀློང་དུ་ཞུགས་པའི་ཉ་མོ་ལྟ་བུ་ཡིན་གཤིས། ཤེས་རིག་གི་རྒྱ་མཚོ་ཇི་ཙམ་གྱིས་གཏིང་ཟབ་ཅིང་ཕ་མཐའ་བྲལ་བས་ན་གཤོག་རྩལ་རྒྱས་པའི་ཉ་མོ་རྣམས་ཀྱང་རང་དབང་གི་རྐྱལ་རྩལ་ངོམ་པར་རམ་འདེགས་བཟང་བོ་ཐོབ་ཀྱིན་ཡོད། ཡིན་ནའང་། བློ་ཡུལ་ལས་འདས་པ་ཞིག་ལ་གཞི་རིམ་སློབ་གྲྭ་ཁག་གི་དཔེ་མཛོད་ནི་དེ་དང་གཏན་ནས་འགལ་འདུག་པའི་ཁར། སློབ་སྤྱི་དང་དཔེ་མཛོད་དགེ་རྒན་རྣམས་ནི་སློབ་ཕྲུག་ཚོས་བཀླག་པར་འོས་པའི་རྒྱ་བོད་དབྱིན་གསུམ་གྱི་རྩ་ཆེའི་དཔེ་དེབ་སྣ་ཚོགས་དང་། རྩོམ་རིག་དང་སྤྱི་ཚོགས་རིག་གནས། སྒྲུང་རྩོམ། ལོ་རྒྱུས། ས་དཔྱད་སོགས་ཀྱི་དཔེ་དེབ་བསྒྲིག་རྒྱུར་མི་དགའ་བ་དེ་རེད། ཕྲན་སྦེལ་ཀོབ་དང་ཁ་མ་བྲལ་བའི་སྔོན་ཏག་ཏག་དེར་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་ཉིན་སློབ་དཔེ་མཛོད་ཁང་དུ་དམིགས་བཀར་གྱིས་ལྟ་སྐོར་དུ་ཕྱིན་པ་ཡིན་ལ། དཔེ་མཛོད་དུ་འཛུལ་མ་ཐག་ནས་བདག་ཧང་སང་བར་གྱུར། ཇི་ལྟར་བཤད་རུང་འཛིན་རིམ་དྲུག་པ་ནས་བཅུ་བ་བར་ཡོད་པའི་གཞི་རིམ་སློབ་གྲྭ་འདིའི་དཔེ་མཛོད་ཁང་ལ་ངས་རེ་བ་ཆེན་པོ་བཅངས་ཡོད། ང་ལ་རྒྱུས་མངའ་ཡོད་པ་ལྟར་སློབ་གྲྭ་འདིའི་སློབ་ཕྲུག་རྣམས་སློབ་སྦྱོང་ལ་དེ་ཙམ་དགའ་སྣང་མི་འདུག་ལ། དཔེ་མཛོད་ཁང་འདིའི་བཟོ་ལྟར་བལྟས་ཀྱང་ཁོང་ཚོ་སློབ་སྦྱོང་ལ་མི་དགའ་བའི་རྒྱུ་མཚན་གཅིག་འདི་ན་འདུག་བསམ་བསམ་ཞིག་འདུག དཔེ་མཛོད་ཁང་དེའི་སྒོ་ནས་ནང་དུ་འཛུལ་མ་ཐག་ཡུན་རིང་བདག་མེད་དུ་ལུས་པའི་ཤེས་བྱ་དུས་དེབ་རྐང་གཅིག་ལས་བོད་ཡིག་གི་དཔེ་དེབ་མི་འདུག་ལ། དབྱིན་ཡིག་ཐོག་ཡོད་པའི་དེབ་རྣམས་ཀྱང་ཡུན་རིང་འགོར་ཟིན་པའི་དཔེ་དེབ་རྙིང་གྲས་དང་། རལ་བ་དང་ཚིལ་དྲགས་ཆགས་པ་ལྟ་བུ་དཔེ་དེབ་ཀྱི་མདུན་རྒྱབ་གཉིས་ཀ་གསར་བ་དང་བལྟས་མ་ཐག་ནས་ཀློག་འདོད་པའི་དེབ་མཐོང་དཀོན་པའི་ཚུལ་དུ་འདུག ཡིན་ནའང་། གང་ཡོད་པ་རྣམས་ལོ་རྒྱུས་དང་སྒྲུང་དེབ། ཚན་རིག་དང་སྤྱི་ཚོགས་ཚན་རིགས་སོགས་དབྱེ་བ་བཀར་ནས་བཞག་འདུག་པས་བཙལ་བདེ་བོ་འདུག་ལ། དཔེ་མཛོད་རྒན་རྒྱ་གར་ཞིག་ཡོད་པ་དེས་ང་ལ་དེ་ལྟར་དབྱེ་བ་བཀར་བཞག་པས། སློབ་ཕྲུག་ཚོས་དེབ་ཀྱི་རིགས་གང་ཞིག་བཙལ་དགོས་ཀྱང་སྟབས་བདེར་བཟོས་པ་ཡིན་སྐོར་འགྲེལ་བཤད་བརྒྱབས། དཔེ་མཛོད་ཁང་གི་རྒྱབ་ཕྱོགས་སུ་བོད་ཡིག་གི་དེབ་འཐར་འཐོར་ཞིག་འདུག་པས་འདི་ཚོ་བོད་ཡིག་གི་དེབ་ཡིན་ནམ་ཞེས་སློབ་སྤྱི་ལ་དྲིས་པའི་ལན་དུ། དེབ་འདི་དག་ཞལ་འདེབས་སུ་ཕུལ་བ་དེ་འདྲ་རེད། སྤྱིར་བཏང་ཤེས་རིག་ལས་ཁུངས་ཀྱིས་དཔར་སྐྲུན་གནང་བཞིན་པའི་དེབ་རྣམས་རྒྱབ་ཕྱོགས་ཀྱི་དཔེ་དེབ་ཁང་ཞིག་ཏུ་ལོགས་སུ་བཞག་ཡོད་སྐོར་ཞིག་ལས་གཞན་བོད་ཡིག་གི་དེབ་མི་འདུག
དེས་ན་ཤེས་རིག་གི་ཀློང་ལ་འཇུག་བཞིན་པའི་ན་གཞོན་གསར་བ་རྣམས་འདི་ལྟར་སྐྱ་ཆད་སྔོ་སྡུག་གི་དཔེ་མཛོད་ཁང་དག་ན་མུག་ཤི་ཐེབས་ཀྱིན་པ་མ་བརྗེད་རོགས། ད་དུང་དེའི་སྔོན་གྱི་ཟླ་ངོ་གཉིས་ཙམ་གོང་་བདག་གི་གྲོགས་པོ་ཞིག་གིས་བོད་ནས་གསར་དུ་ཐོན་པའི་དཔེ་དེབ་རིགས་ཤིག་བཙོང་དུ་ཡོང་སྐབས་ངས་ཁོང་ཁྲིད་ནས་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་སློབ་སྤྱིའི་སར་ཕྱིན་ཏེ། བོད་ནས་གསར་དུ་ཐོན་པའི་དཔེ་དེབ་རིགས་ཉོ་རྒྱུ་ཡིན་མིན་སྐོར་དྲིས་སྐབས་ཁོ་མོས་མགོ་བོ་ཐད་དུ་གཡུག་བཞིན་འདི་ལོའི་དེབ་ཉོ་དགོས་པ་རྣམས་ཉོས་ཟིན་པའི་ད་མི་ཉོ་ཟེར། སྤྱིར་སློབ་གྲྭ་གཞུང་གི་འགྲོ་སྟངས་ལྟར་ན་ལོ་དེའི་སྔོན་རྩིས་ལྟར་དེབ་ཉོ་བ་ལས། དེ་ལས་བརྒལ་མི་ཆོག་པ་ངས་ཀྱང་ཤེས་ཀྱི་ཡོད་མོད། ཁོ་མོས་དེབ་ཀྱི་བཟང་ངན་དང་སློབ་ཕྲུག་ལ་ཕན་ཁེ་ཆེ་བའི་དེབ་ཅི་ཡོད་ལ་འདྲི་ཙམ་ཡང་མི་བྱེད་པར་ཐད་ཀར་དུ་མི་ཉོ་ཟེར་བའི་ཚིག་འདིས། ང་དང་ངའི་གྲོགས་པོ་གཉི་ཀ་ཡི་ག་གཏན་ནས་འགག་ཏུ་བཅུག དཔེར་ན། སྐབས་དེར་སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེས་ཧིན་སྒོར་ཉིས་ཁྲི་ལྷག་གི་དེབ་སྔ་འདོན་བྱས་ཡོད་ལ། ཁོང་ཚོའི་སྔ་འདོན་བྱས་པའི་དེབ་ནང་བོད་ནང་དུ་ཆེས་སྐད་གྲགས་ཆེ་བའི་སྦྲང་ཆར་དུས་དེབ་དང་རྒྱ་ཡིག་ནས་བོད་བསྒྱུར་བྱས་པའི་ན་ཆུང་བྱིས་པའི་ཤེས་རིག་གི་དེབ། ལོ་རྒྱུས་དང་སྒྲུང་རྩོམ། བསྒྱུར་རྩོམ་སོགས་མང་བོ་འདུས་ཡོད།
དྲུག ཟུར་ཁྲིད་དེ་དག་གིས་དོན་ངོ་མར་ཅི་ཞིག་འཆད་ཀྱིན་འདུག
ད་ལྟ་མོན་གྷོ་འདོད་རྒུ་གླིང་དུ་ཤེས་ཡོན་ལྷན་ཚོགས་ཤིག་ཆེད་འཛུགས་ཀྱིས་གཞི་རིམ་གྱི་སློབ་མ་ཚོར་བོད་ཡིག་གི་སློབ་ཚན་ཟུར་ཁྲིད་བྱེད་ཀྱིན་ཡོད་ལ། ཁོང་ཚོའི་དགེ་རྒན་དུ་གྲྭ་ཚང་སོ་སོའི་ཁོངས་གཏོགས་ནས་སུམ་རྟགས་དག་གསུམ་ལ་མཁས་པའི་གྲྭ་པའི་ཚན་ཆུང་ཞིག་ཆེད་འཛུགས་བྱས་ཡོད། ཁོང་ཚོས་ནམ་རྒྱུན་སློབ་ཕྲུག་ཚོ་ནང་དུ་སླེབས་ནས་ངལ་གསོ་བའི་དུས་ཚོད་དམ། ཡང་ན་ནང་སྦྱོང་འབྲི་བའི་དུས་ཚོད། རྩེད་མོར་གཡེང་བའི་དུས་ཚོད་སོགས་བེད་སྤྱད་ནས་ཟུར་ཁྲིད་བྱེད་ཀྱིན་ཡོད་ལ། བདག་གིས་ཤེས་རྟོགས་བྱུང་བ་ལྟར་ན། རྩ་འཛུགས་འདིས་དུས་ཡུན་ཐུང་ཐུང་ནང་གྲུབ་འབྲས་ཀྱང་གང་འཚམ་ལོན་ཡོད་སྐད། དེ་བཞིན་སྦེལ་ཀོབ་ཏུའང་ལོ་སྔོན་མའི་དགུན་གནང་གི་སྐབས་དང་བསྟུན་ནས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་གོ་སྒྲིག་འོག་སློབ་ཕྲུག་ཚོར་བོད་ཡིག་གི་སུམ་རྟགས་དག་གསུམ་ཞིག་བསླབས་སོང་། ལས་འགུལ་དེ་མུ་མཐུད་དུ་སྤེལ་རྩིས་ཡོད་སྐོར་འདུག དེས་མི་ཚད་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་སློབ་ཕྲུག་སློབ་སྦྱོང་ལ་དོ་སྣང་ཅན་འགའ་ཚན་རིག་དང་ཨང་རྩིས་གཉིས་ཀྱི་ཐད་ནས་ཕྱི་དྲོའི་སློབ་ཚན་གྲོལ་རྗེས། ཟུར་དུ་དགེ་རྒན་གཞན་གྱི་སར་ཟུར་སྦྱོང་བྱེད་དུ་འགྲོ་བཞིན་འདུག་ལ། ཁོང་ཚོ་ཁྱོམ་བསྡོམས་འཛིན་གྲྭ་གཅིག་ལྷག་ཙམ་ཡོད། ཁོང་ཚོས་ཕྱོགས་གཅིག་ནས་ཉིན་རེའི་སློབ་ཚུན་ཕར་ཕུད་པའི་རང་ཉིད་ཀྱི་དུས་ཚོད་རྣམས་བེད་སྤྱོད་བྱེད་དགོས་ཐོག སློབ་ཕྲུག་རེས་ཟླ་རེར་ཉུང་མཐར་ཡང་ཟུར་ཁྲིད་དགེ་རྒན་ལ་སྒོར་ ༥༠༠ རེ་སྟེར་དགོས།
སློབ་ཕྲུག་དེ་ཚོ་ཉིན་ལྟར་ཞོགས་པ་སྔ་བོ་ནས་ལངས་ཏེ་སློབ་གྲྭར་འགྲོ་དོན་ཤེས་ཡོན་སློབ་གསོ་སྦྱོང་བའི་ཆེད་ཡིན་སྟབས། གལ་སྲིད་སློབ་གྲྭ་ནས་སྦྱངས་པ་ནང་དུ་སླེབས་དུས་དགེ་རྒན་གཞན་ཞིག་གི་སར་བསྐྱར་སྦྱོང་བྱེད་པར་འགྲོ་དགོས་ན། ཁོང་ཚོ་སློབ་གྲྭར་སོང་བའི་དོན་གོ་ཆོད་མེད་ལ། དགེ་རྒན་ཡོད་པས་དོན་གོ་དེ་བས་ཀྱང་ཆོད་མེད། ངས་ཤེས་རྟོགས་བྱུང་བ་ལྟར་ན་གནད་དོན་དེའི་རྩ་བ་གཅིག་རྒྱ་གར་གྱི་དགེ་རྒན་རེ་འགས་སློབ་ཕྲུག་ཚོར་དེ་ཙམ་ཤ་ཚ་མེད་པ་ལས་འབྱུང་གི་འདུག་མོད། དེ་ནི་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་དང་སློབ་གྲྭ་རང་གི་སློབ་སྤྱི་སོགས་ཀྱིས་ཐག་གཅོད་འོས་པ་ཞིག་ཡིན། གཞན་ཞིག་ནི་དགེ་རྒན་གྱི་ངོས་དེ་རེད། སློབ་ཕྲུག་ཚོའི་མི་ཚེ་མདུན་ལམ་དགེ་རྒན་ཚོའི་ལག་ཏུ་ཡོད་ན། སློབ་གྲྭ་ནི་ཐོན་སྐྱེད་ཟིན་པའི་མིའི་འགྲོ་བ་སྤུས་ལེགས་ཅན་དུ་གཏོང་བའི་བཟོ་གྲྭ་ལྟ་བུ་ཡིན། དེས་ན་དེའི་ནང་གི་དགེ་རྒན་ཚོ་ནི་མིའི་འགྲོ་བ་སྤུས་ལེགས་གཏོང་ཐུབ་མིན་དང་ཐད་ཀར་འབྲེལ་བ་ཡོད་ལ། དགེ་རྒན་ཚོའི་ཤེས་ཡོན་གནས་ཚུལ་དང་གཤིས་ཀུན་སྤྱོད། བསམ་བློའི་ཀུན་སློང་སོགས་ངེས་པར་དུ་ཚད་ངེས་ཅན་ཞིག་ཏུ་བསླེབ་དགོས། གཞི་རིམ་སློབ་གྲྭ་ཁག་གི་དགེ་རྒན་ཚོ་གང་ནས་ཡོང་བ་རེད། ཇི་ལྟར་ཡོང་གི་ཡོད། དཔེར་ན། ཁོང་ཚོ་མཐོ་སློབ་གང་ནས་ཐོན་པ་དང་ཚད་ལྡན་གྱི་ལག་ཁྱེར་ཡོད་པ། ལག་ཁྱེར་ཙམ་མིན་པར་ངེས་པ་དོན་གྱི་ཤེས་ལྡན་པ་བཅས་དགོས་པ་ཁ་ཚ་དགོས་གཏུགས་རེད།
ངས་གོ་ཐོས་བྱུང་བ་ལྟར་ན་རྒྱ་གར་གྱི་དགེ་རྒན་ནང་སློབ་སྦྱོང་ཐོག་དེ་ཙམ་ལེགས་པོ་མེད་ཀྱང་ངེས་པར་དུ་དམིགས་བསལ་སྤྲོད་དགོས་པའི་རིགས་རྒྱུད་ཅིག་འདུག་ལ། གཞི་རིམ་སློབ་གྲྭ་ཁག་ཏུའང་དེ་ལྟ་བུའི་དགེ་རྒན་རེ་ཟུང་ཡོང་གི་ཡོད་འདུག དེ་མིན་བོད་མི་རང་ཉིད་ཚོའི་ངོས་ནས་བཤད་ན་སློབ་གྲྭའི་ནང་ཡོད་དུས་སློབ་སྦྱོང་གི་གྲུབ་འབྲས་བཟང་བོ་མེད་ནའང་། དང་ཐོག་དགེ་རྒན་འོས་སྦྱོང་དུ་ཡིག་རྒྱུགས་འཕྲོད་ཙམ་བྱས་ཏེ་དེའི་ནང་དུ་ཚུད་རྗེས། ལོ་འགའི་རིང་ཁོངས་འཁྱོལ་ལ་མི་འཁྱོལ་གྱིས་དགེ་རྒན་འོས་སྦྱོང་བྱས་རྗེས། དགེ་རྒན་གྱི་བྱ་བ་ཞིག་གོ་སྒྲིག་བྱས་ཡོང་གི་ཡོད་སྐོར་དེ་སྔོན་ལོ་མང་རིང་དགེ་རྒན་གནང་མྱོང་མཁན་ཞིག་གིས་ངོ་སྤྲོད་གནང་། ལྷག་པར་དུ་དགེ་རྒན་ཚོའི་ཁྲོད་ན་ངེས་པ་དོན་གྱིས་བོད་ཀྱི་འབྱུང་འགྱུར་དང་སློབ་ཕྲུག་ཚོའི་མདུན་ལམ་ལ་ཤ་ཚ་མཁན་ག་ཚོད་ཡོད་ཨང་། ང་ཚོའི་སྤྱི་ཚོགས་ཁྲོད་འདི་ལྟ་བུའི་དགེ་རྒན་རིགས་གཞི་རིམ་སློབ་གྲྭ་ཁག་ཏུ་ཡོད་སྟབས། ད་གཟོད་སློབ་ཕྲུག་གི་སྤུས་ཀ་མི་ལེགས་པ་དང་སློབ་སྦྱོང་ལ་འབྲས་བུ་ལོན་གི་མེད་པ་རེད།
མཇུག་བསྡུ་བ།
རྩོམ་ཡིག་འདིའི་དོན་སྙིང་རྣམས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སྔ་ས་ནས་རྟོགས་ཡོད་ངེས། དེ་ནི་ཁོང་ཚོ་དེའི་ཆེད་ལས་པ་ཡིན་པས་ཡིན། ཁོང་ཚོར་མཚོན་ན་ངས་ཅིག་བྲིས་པ་འདི་བྱིས་པས་ཀུ་ཅོ་འདོན་པ་ལྟར་ཅི་ཡང་མིན། ཡིན་ནའང་། ངས་བསྐྱར་དུ་ཁོང་ཚོར་སུན་སྣང་འཐོལ་བ་ཞིག་སྤྲོད་དོན་འདིའི་སྐོར་ལ་བསྐྱར་དུ་ཞིབ་འཇུག་ཅིག་བྱེད་ཆེད་ཡིན་ལ། འབྱུང་འགྱུར་བོད་ཀྱི་གནད་དོན་ལ་རང་སྟེང་ནས་འགན་འཁུར་ཞིག་བླངས་པའི་ཁུལ་ཡིན། སྐབས་འདིར་ངས་ད་དུང་གནད་དོན་གཞན་ཞིག་གི་ཐད་ནས་གླེང་ན་བོད་གཞུང་ཤེས་རིག་ལས་ཁུངས་ངོས་ནས་ང་ལྟ་བུ་ཞིག་གིས་ཅིག་བཤད་པར་ཡིད་འཇོག་མི་བྱེད་པའི་ཐོག ༧གོང་ས་མཆོག་གིས་གསུངས་ཀྱང་མུར་འཇོག་བྱེད་པར་སྐྲག་ཡོང་། དཔེར་ན། ༧གོང་ས་མཆོག་གིས་བོད་གཞུང་ཤེས་རིག་ལས་ཁུངས་ལ་མི་ལོ་སུམ་ཅུའི་རིང་གི་ཤེས་ཡོན་གནས་ཚུལ་འཐུས་ཤོར་ཕྱིན་པ་དང་། རིགས་གཅིག་རྐང་འཛིན་པ་ཐོན་ཐུབ་ཀྱི་མེད་སྐོར་གསུངས་རྗེས། ཤེས་རིག་ལས་ཁུངས་ཀྱིས་ཁ་འཐོར་དུ་གནས་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་ས་གནས་ཁག་ནས་རིགས་གཅིག་རྐང་འཛིན་པ་དུ་བྱུང་རྩད་གཅོད་བྱེད་ཀྱིན་ཡོད་ལ། དེས་ང་ཚོ་ལ་དོན་དག་གཉིས་གསལ་བཟོ་བྱས་ཡོང་། གཅིག ༧གོང་ས་མཆོག་གི་བཀའ་གསུང་དེར་བརྟེན་ནས་ད་གཟོད་རིགས་གཅིག་རྐང་འཛིན་རྩད་གཅོད་བྱས་པ་དེས། རང་བཞིན་གྱིས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ད་བར་རིགས་གཅིག་རྐང་འཛིན་པ་ག་ཚོད་ཅིག་བྱུང་ཡོད་མེད་ཤེས་རྟོགས་བྱུང་མེད་པ་དང་། གཉིས། ནམ་ཞིག་རིགས་གཅིག་རྐང་འཛིན་པའི་གྲངས་ཚད་ངེས་ཅན་ཞིག་ཏུ་ལོངས་རྗེས་ཕྱིར་༧གོང་ས་མཆོག་ལ་ང་ཚོས་ད་བར་སྐྱེད་སྲིང་མ་བྱས་པ་མིན་པར། ཁོང་ཚོ་སྤྱི་ཚོགས་ནང་ས་འཐིམ་རྡོ་འཐིམ་དུ་སོང་སྟེ་ཕྱིར་མི་མངོན་པ་ཙམ་རེད་ཅེས་དབུ་སྐོར་གནང་སྲིད་པ་དེ་རེད།
མི་ཞིག་རིགས་གཅིག་རྐང་འཛིན་ཐོག་ཤར་བསྐྱོད་ཐུབ་པ་དང་སྤྱི་ཚོགས་ཐོག་བེད་སྤྱོད་ཅན་གྱི་མི་ཞིག་ཆགས་རྒྱུར་དང་ཐོག་གཞི་རིམ་སློབ་གྲྭ་འགྲིམ་སྐབས་ནས་སློབ་སྦྱོང་གི་རྨང་གཞི་བརྟན་པོ་ཆགས་དགོས་ངེས་མོད། ད་ལྟའི་གཞི་རིམ་སློབ་གྲྭ་ཁག་གི་ཤེས་ཡོན་སྲིད་ཇུས་དང་དགེ་རྒན་ཚོའི་སྤུས་ཀ ལྷག་བསམ་དང་འགན་འཁུར་གང་གི་ཕྱོགས་ནས་བལྟས་ཀྱང་དེ་ལྟར་ཡོང་ཁག་པ་གསལ་བོ་རེད། དེར་བརྟེན་ངས་བོད་གཞུང་ཤེས་རིག་ལས་ཁུངས་གཙོས་འབྲེལ་ཡོད་ལས་བྱེད་དང་དགེ་རྒན། ཡང་ན་སྤྱི་ཚོགས་ཐོག་གི་ཤེས་ལྡན་མི་སྣ་ཡོངས་ཀྱིས་འདིའི་ཐད་ལ་ངེས་པར་དུ་གཏིང་ཟབ་ཅིང་། གནད་དུ་སྨིན་པའི་ཞིབ་འཇུག་བྱ་རྒྱུ་དང་། ཞིབ་འཇུག་བྱས་པ་ཙམ་མིན་པར་ངེས་པར་དུ་ལག་ལེན་དུ་བསྟར་ཐུབ་པ་གནང་རྒྱུའི་རེ་སྐུལ་སྙིང་ནས་ཞུ་བ་ལགས།
མཆན། ཡིག་རྒྱུགས་ཐུན་གཅིག་གི་སྔ་གཞུག་དང་ཡིག་ནོར་ ༨༣ ཅན་གྱི་དྲི་ཤོག་གཉིས་ནི་སྙན་ཞུ་འདིའི་རྩ་བའི་རྩ་དོན་ཡིན་ལ། དེ་གཉིས་ཀྱིས་གཞི་རིམ་སློབ་མ་དང་དགེ་རྒན་གྱི་ཤེས་ཡོན་གནས་ཚུལ་གསལ་རྗེན་དུ་བསྟན་ཡོད།
ཡིག་ནོར་བརྒྱད་ཅུ་ལས་ལྷག་པའི་དུས་བབ་ཚགས་ཚོགས
སྙན་ཞུ་འདི་ཡང་འཁང་རྩོམ་གྱི་རིགས་སུ་གཏོགས་འདུག འཁང་རྩོམ་ཕལ་ཆེ་བས་ད་བར་དུ་ལམ་སྟོན་གྱི་ཕྱོགས་ལ་བསམ་བློ་གཏོང་ཐུབ་གི་མེད་པའི་བཟོ་འདྲ་འདུག
རྗེས་ཕྱོགས་འདིའི་རིགས་འབྲི་ཚེ། དེ་ལྟར་མ་བྱེད་འདི་ལྟར་བྱོས། ནོར་འཁྲུལ་དེ་ཡོ་བསྲང་འདི་ལྟར་བྱ་དགོས་པ་རེད། དེ་མ་རེད་འདི་རེད་ཅེས་པ་ལྟ་བུ་ཞིག་བྱུང་ན་དགེ་ཕན་ཆེན་པོ་ཡོད་པ་རེད། ཉན་མཁན་ཀློག་མཁན་ཚང་མས་གང་དགའ་གང་དྲག་བསམ་བློས་དཔྱད་ཐུབ་གི་རེད།
ཅི་ཡིན་འདི་ཡིན་མེད་པར་མགོ་ནས་མཇུག་བར་དུ་སྡིགས་པ་དང་། ནོར་འཁྲུལ་གྱི་ཆ་རེ་རེ་ལ་གཟབ་ནན་གྱི་ཞིབ་འཇུག་མེད་པ། ཡིད་ཚོད་དང་ཟེར་སྒྲོས་མང་བ་སོགས་ནི་བོད་ཡིག་རྩོམ་འབྲི་བ་ཕལ་ཆེ་བའི་གཤིས་སུ་གྲུབ་འདུག ཉམས་མྱོང་མེད་པའི་རྟགས་ཀྱང་རེད།
རྗེས་སོར་འདི་དག་གི་ཕྱོགས་ལ་གཟབ་ནས་བྲིས་ན་རྩོམ་གྱི་ལྗིད་ཁོག་ཇེ་ཆེར་འགྲོ་ངེས་རེད། འདི་དག་ནི་ཐུགས་སྣང་གི་ཆེད་དུ་ཕུལ་བ་ཡིན།
རྒྱུས་ལོན་དང་ཞིབ་ཚགས་ཡག་པོ་བྱུང་འདུག རྗེས་སུ་ཡི་རང་ཡོད། ད་དུང་ཡང་ང་ཚོས་མགྲིན་དབྱངས་གཅིག་ཏུ་གདུང་འབོད་ཞུ་དགོས་ལ། ལངས་ཕྱོགས་གཅིག་གིས་འཕར་འཚག་རྒྱག་དགོས་སྙམ།
ཁོམ་པ་ཡོད་དུས་ཤིག་ལ་ཁ་བརྡ་ལྷོད་པོ་ཞིག་བྱེད། སྟོང་སོ་རི་བོའི་རྩེ་ལ་འགོས་ནས་མདོ་ལའི་གཞུང་ལ་བལྟས་པ་འདྲ་ཞིག་བྲིས་འདུག་སྟབས། དགའ་ནས་སྙན་ངག་ཞིག་བྲིས་ཡོད།
སྟོང་སོ་རི་བོའི་རྩེ་ལ་འགོས་ནས་མདོ་ལའི་གཞུང་ལ་བལྟས་པ་ལྟའི།།
མཐོང་ཐོས་མྱོང་བའི་སྙིང་དོན་ཁག་ཅིག་གསལ་དག་ཚིག་གི་སྲད་བུ་ལ།།
བརྒྱུས་པའི་ལས་འདི་མ་འོངས་རེ་བ་ཡིད་ལ་བརྣག་པའི་མི་བུ་དག།
བླང་དོར་ལམ་ཡིག་དང་པོར་ལོངས་ཤིག་འདི་ན་གསེར་གྱི་ཚིག་དོན་སྟེམས།།
ཨ་རིག་ལགས།
ཁྱེད་ཀྱི་རྩོམ་ཡིག་དེ་་སྐད་ཡིག་ཚགས་པར་སྟེང་བཀོད་རྗེས་ང་ལ་སྐད་ཆ་འདྲི་མཁན་མང་བོ་བྱུང་།
ཁ་ཤས་ཀྱིས་ང་ལ་འདི་ལྟར་ལབ་སོང་།
སྐད་ཡིག་ཚགས་པར་དང་མི་རེ་འགས་སྐྱོན་ཞིག་རིག་མི་ཉན་གི། ཁོང་ཚོ་འཇིག་རྟེན་འདིར་སྐྱོན་འཚོལ་དུ་ཡོང་བ་ཡིན་ས་རེད་ཟེར། ཡང་ཁ་ཤས་ཀྱིས་སྐྱོན་འདི་འདྲ་མང་བོ་ཡོད་པ་རེད། དཔེར་ན།
དཔལ་འབྱོར་གྱི་ཐོག་ནས་སྐྱོན་བཟོས་པ། རིག་གནས་ཀྱི་ཐོག་ནས་སྐྱོན་བཟོས་པ།ཆབ་སྲིད་ཀྱི་ཐོག་ནས་སྐྱོན་བཟོས་མང་བོ་ཡོད་པ་རེད། མདོར་ན་ཆབ་དཔལ་རིག་གསུམ་གྱི་ནང་སྐྱོན་མེད་པ་གཅིག་ཀྱང་ཡོད་པ་མ་རེད་ཟེར་ནས་ང་ཚོས་ཁ་རྩོད་མང་བོ་བྱས་མྱོང་།
མདོར་དེད་ན། ངས་དེ་རིང་བཤད་འདོད་པ་དེ། སྐྱོན་ཆ་མེད་པ་གཅིག་ཀྱང་མེད་ན་འང་། མི་མང་ལ་གསལ་བསྒྲགས་བྱས་ནས་གོ་ནོར་ཐེབས་པའི་སྐྱོན་དང་། ཡིག་རྩལ་ལ་གཟབ་ནན་མ་བྱས་པར་སློབ་མའི་ཡོན་ཏན་གྱི་ཆུ་ཚད་འཇལ་བ་དེ་སྐྱོན་ཆ་ཚབས་ཆེན་ཡིན་པས་ངེས་པར་དུ་དོ་བདག་གིས་ངོས་ལེན་ཞུ་དགོས་པ་ཞིག་རེད་ཅེས་བརྗོད་འདོད་བྱུང་།
འདི་འདྲ་བྱས་ན་མ་འོངས་པ་འདིའི་རིགས་གཙང་མ་ཆགས་པའི་ཡིད་ཆེས་ཡོད་པས་དྲང་བདེན་ལ་ཕྱོགས་པའི་མི་དག་གིས་ངེས་པར་དུ་འདིའི་རིགས་ལ་ཐུགས་གཟབ་གནང་རོགས།
ཨ་རིག་འགྱུར་མེད་ལགས།
སྙན་སྐུལ་ཞིག་ཞུ་རྒྱུར། སྟག་སྨྱོན་གྱིས་སྤེལ་བའི་དེ་རིང་གི་ཟིན་བྲིས་དེ། བསམ་ཚུལ་གྱི་ཁོངས་འདིར་འགོད་ཐུབ་བམ། ཁོང་གིས་ལྟ་ཚུལ་དམིགས་བསལ་བ་ཞིག་བཏོན་འདུག རིན་ཐང་ཡོད་ཀི་ཡ། ཡིན་ནའང༌། བསམ་ཚུལ་གྱི་སྒོ་ཕྱེས་མེད་ཀི།
ཨ་རིག་འགྱུར་མེད་ལགས།ཁྱེད་ཀྱིས་གསུངས་པ་དེ་དེ་བཞིན་ནོ།
ངའི་གྲོགས་པོ་ཞིག་གིས་ད་ལོ་སིམ་ལ་གཏན་སློབ་ཏུ་འཛིན་གྲྭ་དང་པོ་མེད་པ་རེད་ཟེར།ཤེས་རིག་བཀའ་བློན་གྱི་ད་ག་རེ་བྱེད་བརྩི་ཡིན་ནམ།ལོ་ཤས་སྔོན་ནས་རྡ་ལའང་འུ་སུ་འཛིན་གྲྭ་དང་པོ་ནས་དྲུག་པ་ཙམ་མེད་པ་ཆགས་ཚར་སོང་།ད་སིམ་ལ་གཏན་སློབ་ཞེས་སྐད་གྲགས་ཅན་དེ་མེད་པ་ཆགས་འགོ་ཚིགས་པ་འདྲ།སྐྱོ་བ་ལ་སྐྱོ་བ་་་་་་་
ཡག་པོ་འདུག
བཀུར་འོས་སུམ་རྟགས་དག་གསུམ་ལ་མཁས་པ་བསྟན་ཚེ། ངས་རང་སྐྱོན་ཁས་ལེན་བྱེད་ཆོག ང་ལྷོ་ཕྱོགས་སུ་ཡོད་སྐབས་ངས་སེམས་སུ་རྟག་ཏུ་སྙན་ཞུ་འདི་ལྟ་བུ་ཞིག་འབྲི་རྒྱུར་དྲན་ཡོད། དེའི་སྟབས་ཀྱིས་ནམ་རྒྱུན་ནས་དོ་སྣང་བྱས་བསྡད་པ་ཡིན། ཡིན་ནའང་། དེ་དུས་ད་ལྟ་ལས་ཀྱང་ལས་བྲེལ་ཧ་ཅང་ཆེ་བས་དུས་ཚེས་སོགས་ཡིག་ཐོག་ཏུ་འགོད་རྒྱུར་དངོས་གནས་དཀའ་ངལ་བྱུང་། ཐེངས་འདིར་ཡང་ཕལ་མོ་ཆེ་ཕྱིར་དྲན་གྱི་ལམ་ནས་བྲིས་པ་ཡིན།
སྤྱིར་བཏང་འདི་ལྟ་བུའི་སྙན་ཞུ་ཞིག་གིས་ཅིག་ཕན་མདོག་ཁ་བོ་མ་རེད་དེ། གཙོ་བོ་སེམས་ཀྱིས་མ་བཟོད་པ་ཙམ་ཡིན། དེར་བརྟེན་སྙན་ཞུ་འབུལ་ཡུལ་གྱི་ལག་ཏུ་མི་འཇོག་པར་དྲ་ཐོག་འདིར་ཁྱེར་ཡོང་བ་ཡིན།
དེ་མིན་འདིར་གསལ་འདེབས་ཙམ་ཞུས་ན། ང་རང་ཉིད་བཟང་ངན་གང་ཡིན་རུང་། འདས་སོང་གི་ལོ་ཟླའི་ཁྲོད་དུ་སློབ་སྦྱོང་གི་བརྒྱུད་རིམ་ཡོད་མེད་ཇི་ལྟར་ཡང་། ད་ལྟ་བོད་ཀྱི་དུས་བབ་གསར་འགོད་པ་ཞིག་རེད། མ་མཐར་ཡང་བོད་ཡིག་རང་སྐྱ་འཕེར་བ་ཞིག་དགོས་ངེས་རེད་སྙམ་པ་དང་། ཁྱེད་དང་ཁྱེད་ལྟ་བུའི་དྲ་གྲོགས་སྐོར་ཞིག་གིས་དུས་རྒྱུན་མཛུབ་སྟོན་གནང་བར་མ་ཟད། བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལགས་ཀྱིས་ད་བར་སྐྱེད་སྲིང་བྱས་པའི་འབྲས་བུ་ངས་དུས་ནམ་ཡང་ཆུད་ཟོས་སུ་གཏོང་གི་མ་རེད་ལ། ད་ལྟ་ངས་སྔར་བས་ཀྱང་བོད་མི་རིགས་ཀྱི་སྐད་ཡིག་དང་རྩོམ་རིག གསར་འགྱུར་རིག་པའི་སྐོར་ལ་སློབ་སྦྱོང་བྱ་རྒྱུའི་སྟ་གོན་བྱས་ཟིན་པས་དེ་དོན་དགོངས་འཇགས་ཡོད་པ་ཞུ།
ཨ་རིག་འགྱུར་མེད་ལགས། ད་ལྟ་ཀློག་ཁོམ་མ་བྱུང་ཀྱང། རྩོམ་ཡིག་གོ་བརྗོད་ལ་བལྟས་ན་ཀློག་འདོད་ཆེན་པོ་བྱུང་བས། ངེས་པར་དུ་ཀློག་རྒྱུ་ཡིན།
ཐུགས་རྗེ་ཆེ།
ཨ་རིག་འགྱུར་མེད་ལགས།
ཉེ་བའི་ལོ་ཤས་རིང༌། འདི་ལྟ་བུའི་སྙན་ཞུའི་རྩོམ་ཡིག་བཀླགས་མ་མྱོང༌། བཀླགས་ཟིན་ནས་སླར་ཡར་ཐེངས་གཅིག་བཀླགས་པ་ཡིན། ང་ལ་བསམ་ཚུལ་གཅིག་ཞུ་རྒྱུ་ཡོད། སྙན་ཞུ་འདིའི་རིན་ཐང་གི་ངོས་གཞན་ཞིག་སྟེ། ཟླ་ཚེས་དུས་ཚོད་ཀྱི་ཆ་དེ་ཁྱེད་རང་གིས་དེ་ཙམ་གྱིས་ཞིབ་འབྲི་གནང་མི་འདུག དེ་ཁ་གསབ་ཅིག་གནང་ཐུབ་པ་ཡིན་ན། ཐུགས་རྗེ་ཆེ་ཞུ།
ཞུ་འདོད་པ་གཞན་ཞིག་ཡོད། ཁྱེད་རང་གི་སྙན་ཞུའི་རྩོམ་ཡིག་འདི་བཀླགས་པ་བརྒྱུད་ཚོར་སྣང་གཞན་ཞིག་སྤྲད། དེ་སྔར་ཁྱེད་རང་ནས་གཟབ་བརྩོན་གང་ཡང་མ་བྱས་པར་རྩོམ་ཡིག་སྤེལ་སྐབས་རྣམས་སུ། ཐད་ཀར་འཇམ་རྩུབ་འདྲ་འདྲེས་ཀྱི་ཚིག་ཏུ་དྲངས་ཏེ། གསལ་འདེབས་ཐེངས་འགར་ཞུས་པ་ཡིན། དེ་དུས་ནས་གཟབ་བརྩོན་ཞིབ་ནན་གྱི་ཐོན་འབྲས་འདི་འདྲ་ཞིག་ལ་རེ་བས་ཡིན། སླད་ནའང་འདི་ལྟར་ཕེབས་པར་ཡིད་ཆེས་ཞུ་ཡི་ཡོད།
བཀུར་འོས་དྲ་གྲོགས་གཉན་པོ་ལགས། ཡིན་དང་ཡིན། ད་དུང་ཐུགས་རྗེ་ཆེ་ཞུ་བ་ཡིན།
ང་ཡོང་ཡོད། ཁྱེད་ཀྱི་ལྷག་བསམ་མཐོང་བྱུང་། ཡ་ཡཡཡ་་་་་་་་་་་་་་་་་་་་་
ཨ་རིག་འགྱུར་མེད་ལགས། སྐུ་ཉིད་ཀྱི་རྩོམ་ཡིག་འདི་ང་ཚོའི་དྲ་བར་འགོད་ཆོག་པའི་དགོངས་ཁྲོལ་ཡོད་པ་ཞུ། གང་མགྱོགས་དགོས་ལན་ཞིག་གནང་གལ།