མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བླ་མར་དབང་ཤུགས་ཆེ་ས་ན་དམངས་གཙོ་མེད། ལྷམ་ཀོག

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

ལྷམ་ཀོག ༼བོད་འབྱོར་རྩོམ་ཡིག༽

མི་ནི་འདུ་ཤེས་མཐོ་བའི་རིགས་སུ་གྱུར་བའི་སེམས་ཅན་ཞིག་ཡིན་ཞིང་།སྲོག་ལྡན་གཞན་ལས་སྔོན་དཔག་དང་གྲ་སྒྲིག་ཡོད་པ། ཁྱིམ་གཞི་དང་འཚོ་བར་གཏན་ཁེལ་ཡོད་པ་ཞིག་ཡིན་པ་ནི་འདས་མ་འོངས་ད་གསུམ་གང་ལ་བལྟས་ཏེ་ཡང་ཤེས་ཐུབ་པ་དེའོ། དབྱར་ཁ་དང་དགུན་ཁ་གཙོས་གྱུར་བའི་དུས་གཞིའི་ནམ་ཟླ་དང་བསྟུན་ནས་ལྟོ་གོས་སོ་ཚིས་ལ་ཉེར་སྡོགས་རྩོམ་གྱིན་ཡོད། དེའི་ཕྱིར་མི་དང་མིའི་བར་ལ་རང་བྱུང་གི་བརྩེ་བ་དང་ཉེར་མཁོའི་བརྩེ་བ་སོགས་ཡོད་པར་གྱུར་བ་དང་། དེའི་ལྡོག་ཕྱོགས་ནས་མི་མཐུན་པའི་སྡང་སེམས་དང་སྡང་ཡུལ་ཡང་ཤུགས་ཀྱིས་གྲུབ་པ་ཞིག་ཡིན་པ་སྨོས་མ་དགོས་པ་རེད། སྣང་ཚུལ་འདི་རྒྱུན་ལྡན་གྱི་མིའི་འཚོ་བའི་ཁྲོད་ཀྱི་འཕེལ་རིམ་ཞིག་ཡིན་པས་ལྟོས་ངན་པ་ཞིག་བྱུང་བ་ལར་ནས་མ་རེད། མི་རྣམས་ཀྱིས་འཚོ་བའི་རྨང་འདི་ལྟ་བུ་ཞིག་གཞི་ལ་བཏང་ནས་ཆབ་སྲིད་དང་དཔལ་འབྱོར་རིག་གནས་དང་ཆོས་ལུགས་སོགས་ཀྱི་རིག་པ་སྣ་སྒོ་མོ་ནས་སྤེལ་ཞིང་། ལག་ལེན་དང་གཞུང་ལུགས་ཉམས་མྱོང་གང་མང་ཞིག་གི་ཐོན་འབྲས་ལས་གྲུབ་མཐའ་སྣ་མང་དང་སྲིད་ལུགས་སྣ་མང་གོམས་སྲོལ་སྣ་མང་དག་བྱུང་བ་རེད། དེའི་ཕྱིར་རིག་གཞུང་གང་ཡིན་རུང་ཐོག་མར་མིའི་འཚོ་བ་སྐྱིད་དུ་གཏོང་བའི་ཐབས་སུ་དམིགས་པ་ཞིག་ཡིན་པར་སྙོན་དུ་མེད་མོད། འོན་ཀྱང་དུས་ཀྱི་འཕེལ་རིམ་ལ་བསྟུན་ཏེ་སྲོག་དབང་ཡོད་པའི་རིག་གནས་དག་མེད་པར་གྱུར་བ་དང་། སྔོན་བྱུང་མ་མྱོང་བའི་རིག་གནས་གསར་བ་དག་འཚོ་བའི་ཁྲོད་དུ་བྱུང་བ་འང་ རྒྱུན་ལྡན་ཞིག་རེད། དེ་ལྟ་མོད་འཚོ་བ་འདྲ་མཉམ་དང་གོ་ཐོབ་འདྲ་མཉམ།རང་དབང་འདྲ་མཉམ་སོགས་ཀྱི་ཐད་ན་ཤིན་ཏུ་ཁྱད་པར་བྱུང་ཡོད་པས་ང་ཚོ་མི་སུ་ཡིན་རུང་རང་གི་ འདོད་བློ་དང་འཚམ་པ་ཞིག་ལར་ནས་ཐོན་ཐུབ་གི་མ་རེད། དཔེ་ཆུང་ཆུང་ཞིག་གི་སྒང་ནས་བལྟས་ཀྱང་ཤེས་ནུས་པ་ཡིན། ཕ་བུ་གཉིས་ཀྱི་ངོར་གཅིག་མཐུན་དུ་གྲུབ་པའི་བདེ་སྐྱིད་ཅིག་མེད་ལ། ཕ་ཡིས་བུའི་འདོད་པ་ཡོངས་སུ་རྫོགས་པ་སྐོང་ཐུབ་པའི་འགན་ཡང་འཁུར་གྱིན་མེད། བུ་ལ་མཚོན་ན་ཡང་རང་གི་ཕ་དེའི་འགྲོ་འདུག་སྤྱོད་གསུམ་ཡོངས་སུ་རྫོགས་པས་རང་གི་འདོད་པ་ཚིམས་ཀྱིན་མེད་པའི་ཁར། ད་དུང་ཕ་ཞིག་ཡིན་པའི་ངོས་ནས་བུ་རང་གི་མདུན་ལམ་གྱི་ཐད་ལ་བསམ་བློ་མི་གཏོང་བར་སྒེར་གཅོད་བྱེད་པའི་སྣང་ཚུལ་ཡང་འབྱུང་ངེས་རེད། འདི་སྣང་ཚུལ་ཙམ་མ་ཡིན་པར་དོན་དངོས་ཡིན་པ་རེད། དཔེར་ན་ཕ་མས་བུ་དང་བུ་མོའི་འདོད་པར་མི་བསྟུན་པར་གནས་དང་དགོན་པར་བསྐྱལ་བའི་ཐད་ན་ཤིན་ཏུ་མང་། ཕ་མ་རང་རང་གི་བློ་མཐུན་ས་དང་དད་པ་དབང་བཙན་པར་བྱས་པ་ལས་བུའི་ཕྲུག་ལ་འདང་ བརྒྱབས་མེད། འདི་ལྟ་བུ་ནས་མགོ་བརྩམས་ཏེ་བལྟས་ན་སྒེར་གཅོད་ནི་ཡ་ང་ཞིང་གདུག་རྩུབ་ཅན་ཞིག་ཡིན་པ་མཐོང་ཐུབ་པར་མ་ཟད། དམངས་གཙོ་ནི་ཚུགས་དཀའ་ཞིང་ལག་ཏུ་ལེན་དེ་བས་ཀྱང་དཀའ་བ་ཞིག་ཡིན་པ་འང་གོ་འོང་ངོ་། སྤྱིར་དམངས་གཙོ་ཟེར་བ་དེ་མང་མོས་ཀྱིས་ཐག་གིས་གཅོད་དགོས་པས། དམངས་གཙོའི་རྒྱལ་ཁབ་བམ་དམངས་གཙོའི་མགོ་ཁྲིད་ཅིག་ལ་མཚོན་ན་རྒྱལ་ཁབ་དང་མགོ་ཁྲིད་ནི་དམངས་ཀྱི་ཆེད་དུ་ཡིན་པས་དམངས་ཀྱི་འདོད་བློ་དང་མི་མཐུན་ཚེ་བསྒྱུར་དགོས་པའི་གོ་རྟོགས་སྐྱེས་ཡོད། དེའི་ཕྱིར་དམངས་ཀྱིས་མང་མོས་ཀྱིས་བདམས་པའི་སྤྱི་འཐུས་ནི་ཁྲིམས་བཟོ་བ་རེད། རིམ་གྱིས་ཁྲིམས་འཛིན་པ་དང་། ཁྲིམས་སྐྱོང་བའི་ལས་ཀ་དག་ཀྱང་དམངས་ཀྱི་ལག་ཏུ་ཡོད། འདི་ནས་མང་མོས་ཟེར་བ་དེ་ག་འདྲ་ཞིག་གི་སྟེང་ནས་འཇོག་གམ་ཟེར་ན། བརྒྱ་ཆའི་ལྔ་གཅིག་ནས་འཇོག་དགོས་པ་ལྟ་བུ་དེ་རེད། དེ་ལྟའི་ཕྱིར་ན་ལྟོས་འཇོག་གིས་མི་རྣམས་ཀྱི་འདོད་བློ་དང་བསྟུན་གྱིན་ཡོད་པའི་སྲིད་ལུགས་ནི་དམངས་གཙོ་ཡིན་པས་ཀུན་པོས་དམངས་གཙོ་ལ་ཤུགས་བརྒྱག་པ་རེད།འོན་ཀྱང་ངས་བལྟས་ན་དམངས་གཙོ་ནི་ཆབ་སྲིད་སྡེ་ཁག་ལས་གཞན་དུ་མི་དགོས་པ་ཞིག་ལར་ནས་མ་རེད། མདོར་ན་ཁྱིམ་ཚང་ཞིག་ལ་ཡང་དམངས་གཙོ་དེ་དགོས་པར་སྣང་། ཕ་མ་གཉིས་ཀྱིས་རང་སྣང་གང་ཤར་གྱིས་བུ་ཕྲུག་དག་བཀོལ་སྤྱོད་བྱེད་པ་དེ་ཡང་གོམས་སྲོལ་གྱི་སྟེང་ན་མགོ་རྔ་ཡོད་པ་ཞིག་ཏུ་སྣང་རུང་། གནས་ལུགས་ཀྱི་སྟེང་ནས་སྐྱི་ཡ་བ་ཞིག་རེད། གོང་དུ་གླེང་ཟིན་པའི་བུ་དང་བུ་མོ་དགོན་པ་དང་གནས་ལ་བསྐྱལ་སྟངས་ཀྱི་ཐད་ནས་བལྟས་ཀྱང་ངོ་ཤེས་པ་ཡིན། དེང་གི་ཆར་ཁྱིམ་ཚང་ཞིག་ལ་མཚོན་ན་ཡང་གོམས་སྲོལ་དང་དམངས་གཙོ་གཉིས་ལས་ཆ་འགའ་རེ་ནས་དམངས་གཙོ་ལ་སློབ་སྦྱོང་བྱ་དགོས། ཆོས་སྒྲུབ་སའི་དགོན་པའང་མི་མང་འདུས་སྡོད་བྱ་ས་ཞིག་ཡིན་པས་དམངས་གཙོ་མཁོ་བ་སྨོས་མ་དགོས་པ་ཞིག་རེད། དགོན་བདག་བླ་མས་ཁ་ལོ་གང་སར་དཀྱུས་ན་དེ་ལྟར་དུ་འགྲོ་དགོས་པའི་གོམས་སྲོལ་ངན་པ་འདི་ངེས་པར་དུ་བསྒྱུར་དགོས་པ་རེད། དགེ་བསྐོས་དང་ལས་སྣེ་སྐོ་འཇོག་དང་བསླབ་པ་སློབ་གཉེར་གྱི་རིམ་པ་གང་ཡིན་རུང་མང་མོས་མ་བྱས་པར་བཙན་དང་ཤུགས་ཀྱིས་མི་འདོད་བཞིན་དུ་འདེད་པ་ནི་སྒེར་གཅོད་ཁོ་ན་ཞིག་རེད། དགོན་བདག་བླ་མ་རང་ཉིད་ལ་དམངས་ཀྱིས་གུས་འདུད་ངེས་པར་དུ་བྱེད་དགོས་ཤིང་། དགོན་བདག་རང་ཉིད་ཀྱི་གམ་ན་གྲྭ་གཞོན་ཚོ་ནི་ལས་སྣོད་བྱ་སྤྱད་ཀྱི་ཐོ་བ་བཞིན་དུ་གྱུར་ཡོད་པ་དེ་ནི་ངན་རྟགས་མཐར་ཐུག་པ་ཞིག་རེད། སྒེར་གཅོད་ཀྱིས་དཔོན་པོ་དག་གིས་དམངས་ཀྱི་སེམས་ནམ་ཡང་རིག་མི་ཐུབ་པ་དང་། དམངས་ཀྱིས་ཀྱང་རང་གི་འདོད་མོས་མཐར་ཐུག་པ་བཤད་རྒྱུར་འཇིགས་སྣང་ཡོད་པ་བཞིན། དགོན་བདག་བླ་མ་དང་དགོན་པའི་གྲྭ་བའི་བར་དུ་ཡང་དེ་ལྟར་དུ་གྱུར་ཡོད་པ་ནི། ཆོས་སྲིད་གཉིས་ཀའི་ལམ་ནས་གཡང་དུ་ལྷུང་ངེས་པའི་སྔོན་འགྲོ་ཞིག་རེད། བཅའ་ཡིག་ཆེན་མོ་དང་དགེ་འདུན་འདུལ་བའི་ནང་ཁྲིམས་ཀྱང་མང་མོས་ཀྱི་སྒོ་དང་བསྟུན་དགོས་པ་ཞིག་རེད།བསྒྱུར་དུ་མེད་པ།གཟུར་དུ་མེད་པ་ཞིག་ཡིན་ཚེ་དེ་ནི་དཀྱེལ་མེད་པའི་རིག་གནས་ཤིག་ཡིན་པས་དུས་རབས་ཀྱི་རྗེས་སུ་ལུས་ངེས་པ་ཡིན་ཞིང་། ནམ་ཞིག་ལ་ལག་ཏུ་ལེན་མཁན་ཡང་མེད་འགྲོ་བར་ངེས། མེད་དགོས་པ་ཞིག་ཀྱང་རེད། མི་ལ་གནོན་བཙིར་བྱེད་པའི་རིག་གནས་ཤིག་ག་དུས་ཡིན་ཡང་ཡོད་ན་འོས་པ་ཞིག་མ་རེད། སྒེར་གཅོད་པ་ཞིག་ལ་མཚོན་ན་བཀོལ་འོས་པའི་ལག་ཆ་དམ་པ་རེད་མོད། དེ་ལས་གཞན་པའི་རིག་གནས་ཀྱི་རྩིས་ཐང་ཞིག་འཚོལ་དུ་མེད་པ་རེད། འདི་ནས་ང་ཡ་མཚར་བ་ཞིག་ལ་དགོན་བདག་བླ་མ་ནི་ཆོས་ཁྲིམས་དང་མི་ཆོས་གང་གིས་གཅུན་དུ་མེད་པ་ཞིག་ཡིན་པ་དེ་རེད། གལ་ཏེ་ ཁྲིམས་ཀྱིས་གཅུན་དུ་མེད་པ་ཞིག་ཡིན་དུས་དེ་ནི་སྒེར་གཅོད་པ་མཐར་ཐུག་པ་ཞིག་ཡིན་པ་ལས་གཞན་དུ་ངོས་འཛིན་རྒྱུ་མེད། ཆོས་ཀྱི་གཞུང་ལུགས་དང་མི་མཐུན་པའི་ལྟ་བ་དང་སྤྱོད་པ་རྒྱུན་དུ་སྐྱོང་གིན་ཡོད་པར་མ་ཟད། མི་ཆོས་ཀྱིས་ཟིན་དུ་མེད་པའི་སྒྲོམ་གཞི་ཞིག་ཀྱང་བཟོས་འདུག དེ་བས་བླ་མ་ཁོ་ཚོའི་གདུལ་བྱར་བརྩི་བའི་ང་ཚོའི་དད་ལྡན་མང་ཚོགས་ཀྱི་ཁྲོད་དུ་འང་ཆོས་ཀྱི་གཞུང་ལུགས་རྣལ་མ་དེ་དར་མ་ཐུབ་པར། དགོན་བདག་བླ་མས་ཆོས་ལུགས་དེས་སྟངས་འཛིན་བྱས་འདུག དེའི་ཕྱིར་ང་ཚོའི་མང་ཚོགས་འདི་ནམ་ཡང་དམངས་གཙོའི་ལམ་ཁར་འགྲོ་རྒྱུ་ཤིན་ཏུ་ནས་ཐག་རིང་པོ་རེད། རྒྱུ་མཚན་ནི་དགོན་བདག་བླ་མས་ལྷ་སྡེ་དང་སྦྱིན་བདག་གི་མིང་སྙན་མོ་རེ་བཏགས་ཏེ་སྟངས་འཛིན་བྱས་པ་ཤུགས་དྲགས་པས། ཁོ་ཚོས་མགོ་ལུས་ཆ་ཚང་བ་བླ་མས་ བདག་གེར་བཟུང་ཟིན་པས་ཁོ་ཚོའི་སྐྱིད་སྡུག་ལ་རང་མོས་ཀྱིས་བསམ་བློ་གཏོང་བ་ཤིན་ཏུ་ཉུང་། བླ་མ་དེས་ཅི་གསུངས་ལ་ཉན་པ་རེད། བླ་མ་དེ་འཁྲུལ་བར་གྱུར་ན་ཡང་། འདི་ལ་དོགས་པ་ཙམ་ཡང་ཟ་ཕོད་པ་མ་རེད། གལ་ཏེ་དོག་པ་ཟོས་པ་ཡིན་ན་ཁོ་ཚོས་ལས་འབྲས་ཁས་མ་བླངས་པ་དང་གནས་ལུགས་ཁས་མ་བླངས་པ། སངས་རྒྱས་དང་ཆོས་ཁས་མ་བླངས་པ་ལྟ་བུའི་འཇིགས་དངང་ཡོང་གི་ཡོད་པ་རེད། བསམ་བློ་དེ་འདྲ་ཞིག་རིམ་བསགས་ཀྱིས་སྡེ་དོན་དང་མི་དོན་གང་ཞིག་ཡིན་རུང་བླ་མ་དེའི་གསུང་ལ་ཁེན་དགོས་བྱུང་ཡོད། འགྲོ་སྟངས་འདུག་སྟངས་འདི་ལས་དཔགས་ཐུབ་པ་ནི་གང་ཡང་འཇོན་པ་དང་གང་ཡང་བདེན་པ་ནི་བླ་མ་དེ་ཡིན་པར་འདོད་པས། བླ་མ་དེར་འདེམས་ཤོག་བརྒྱ་ཆའི་བརྒྱ་ཐོབ་ངེས་པ་རེད། དོན་ངོ་མའི་བླ་མ་དེ་ནི་དམངས་ལ་སེམས་ཁུར་བྱེད་མཁན་ཞིག་དང་དམངས་ཀྱི་ལོ་རྒྱུས་སྐྲུན་མཁན་ཞིག་མ་ཡིན་པར་རང་དོན་ཙག་ཙིག་གི་ནང་ན་མགོ་འཁོར་ཏེ་ཡོད་པ་ཞིག་ཡིན་པས་འདེམས་ཤོག་བརྒྱ་ཆའི་སུམ་ཅུ་ཐོབ་འོས་པ་ཡང་ཉུང་ཉུང་ཡིན། འདི་ནས་ཀློག་པ་པོར་དོགས་པ་འོང་སྲིད་པ་ནི། བླ་མ་དེར་འདེམས་ཤོག་བརྒྱ་ཆའི་བརྒྱ་ཐོབ་པ་ཡིན་ན་དེ་ལ་ཁྱད་ཆོས་ཤིག་ཡོད་པ་ཡིན་པར་འདོད་པ་དང་།འདེམས་ཤོག་དེ་ཡང་དམངས་གཙོའི་ལམ་ནས་ཐོབ་པར་འདོད་པ་དེ་རེད།ངས་འདི་ནས་དབྱེ་ཞིབ་བྱས་པའི་དབང་དུ་བཏང་ན། བླ་མ་དེས་གང་ཡང་འཇོན་པར་འདོད་པའི་བསམ་བློ་ཆོས་ལུགས་ལ་བརྟེན་ནས་བྱུང་བའི་དྲི་ཙམ་འདྲེས་འདུག གང་རེད་ཅེས་ན་ཆོས་གཞུང་ན་བླ་མ་ནི་སངས་རྒྱས་སུ་བལྟ་དགོས་པ་འམ་སངས་རྒྱས་ཡིན་པ་དང་། སངས་རྒྱས་ནི་ཐམས་ཅད་མཁྱེན་པ་ཡིན་པར་བསྒྲུབས་པའི་རྒྱུ་མཚན་ལ་ཐུག་འདུག

དམངས་ཚོགས་ལ་མཚོན་ན་ཆོས་གཞུང་གིས་བསྟན་པའི་བླ་མ་དེ་ཅི་ལྟ་བུ་ཞིག་ཡིན་པ་མ་ཤེས་པ་དང་། གོ་བ་རགས་རམ་ཙམ་ལ་བླ་མ་དང་སངས་རྒྱས་གཅིག་ཡིན་པས་གང་ཡང་མཁྱེན་པ་རེད་འདོད་ཅིང་། གོ་སྐབས་འདི་དང་ བསྟུན་ནས་དགོན་བདག་བླ་སྤྲུལ་གྱིས་རིག་པ་གྲིམ་པོ་བྱས་ཏེ་མོ་འདེབས་པ་དང་རྨི་ ལམ་ལ་བསྒུགས་པ། མཆོད་མེ་ལ་བརྟགས་པ་སོགས་ཀྱིས་ཆོ་ག་བསླབས་པར་མ་ཟད། མིང་དུ་ གྲགས་པའི་དབང་ལུང་མནོ་བར་ཕྱག་ལེན་བསླབས་པ་རེད། དེའི་ཞོར་དུ་ཁ་སྤྱང་བོར་གྱུར་ བས་ཁོར་གཡོག་གིས་བླ་མ་དང་སངས་རྒྱས་གཉིས་ལ་ཁྱད་པར་མེད་ཚུལ། རྟགས་དང་མཚན་མ་མང་ རབས་ལབ་ནས་དམངས་ཀྱི་སེམས་ངོར་གསེར་གྱི་སྐུ་ལྟ་བུ་ཡིན་པར་བཞག་པ་མང་དྲགས་པས། མི་མང་གིས་བླ་མའི་གཅིན་སྐྱག་ཡང་ཁ་རུ་འཁྱེར་བར་བློ་ཐག་རྦད་ཀྱིས་གཅོད་ནུས་ པའི་བར་དུ་བག་ཆགས་བཞག་ཡོད་པ་རེད། ཀློག་པ་པོས་འདི་ལ་དཔྱོད་དེ་འོང་ན་ཆོས་གཞུང་ གི་ལྟ་སྤྱོད་ཀྱི་ཐད་ན་གཅིན་སྐྱག་ཁ་རུ་ལེན་པའི་བྱིན་རླབས་ལ་རེ་བའི་རྣམ་གཞག་ ཡོད་དམ། འདི་ཆོས་དང་མི་མཐུན་རུང་བླ་མའི་ཆོས་ལུགས་ཀྱིས་དམངས་ལ་བཞག་པ་དེ་རེད། དམངས་ཀྱིས་བླ་མར་རྩིས་མཐོང་འདི་ལྟ་བུ་བྱེད་བཞིན་ཡོད་དུས་དམངས་རང་ཉིད་བླ་ མའི་གམ་ན་མ་རུང་བ་དང་མི་ཤེས་པ་ཡོད་རྒུ་ཚང་མཁན་ཞིག་ཏུ་འདོད་པས་བླ་མར་འདེམས་ ཤོག་བརྒྱ་ཆའི་བརྒྱ་འཕེན་པའི་ཆ་རྐྱེན་གྲུབ་པ་རེད། དེ་ལས་གཞན་བླ་མའི་བྲན་དུ་ གྱུར་བའི་དམངས་ལ་མཚོན་ན་མིའི་གོ་རྟོགས་སད་མེད་པ་རེད།མིའི་གོ་རྟོགས་སད་མེད་ དུས་དམངས་གཙོ་ཞེས་པ་དེ་ཅི་ཡིན་ཧ་གོ་གི་མ་རེད། དམངས་གཙོ་ནི་ཅི་ཞིག་གི་དོན་དུ་ དར་སྤེལ་བྱེད་དགོས་པ་དང་། དམངས་གཙོའི་འདེམས་ཤོག་ཅི་ལྟ་བུ་ཞིག་གི་ལམ་ནས་འཕེན་ དགོས་པའི་གོ་རྟོགས་ཡོད་མི་སྲིད། དོན་དུ་དམངས་གཙོ་ནི་མི་དམངས་ཀྱི་ཆེད་དུ་མི་ དམངས་ཀྱིས་བཙུགས་པའི། མི་དམངས་ཀྱི་གཞུང་ཞིག་ཡིན་པར་བསྟན་པ་དང་གཞུང་དེའི་མགོ་ ཁྲིད་ཡང་དེ་ལྟར་དུ་འདེམས་དགོས་པ་ཧ་གོ་གི་མ་རེད། དམངས་རང་ཉིད་ལ་རྐྱོང་སྐུམ་ སྟེར་བའི་གཞུང་ཞིག་དང་དཔོན་པོ་ཞིག་འདེམས་རྒྱུ་ནི་རྩིས་ཆེན་དུ་འཛིན་པའི་གོ་ རྟོགས་མེད་པའི་རྩ་བ་དེ་ལྟར་མཐུག་པས།འདེམས་ཤོག་དེ་བླ་མའི་ཕྱོགས་སུ་རྨོངས་དད་ ཀྱིས་འཕངས་པ་ཞིག་ལས་ཅི་ཡང་མ་རེད། དེ་བས་བླ་མའི་མཛད་འཕྲིན་རྒྱས་ས་ན་མི་འཇོན་ ཐང་ཅན་ལ་མི་དམངས་ཀྱི་སྣེ་འཁྲིད་དགོས་པའི་འདེམས་ཤོག་མེད་པ་རེད། དེས་མཚོན་པའི་ བླ་མ་སྤྲུལ་སྐུ་ཅི་ལྟར་ཤུགས་ཆེན་པོས་བཀུར་ས་ན་དམངས་གཙོ་མེད་པ་དང་། དམངས་གཙོ་ དར་ཡང་ཐུབ་གི་མ་རེད།དམངས་གཙོའི་བདག་དབང་ཡོད་རྒུ་བླ་མས་སྒེར་གཅོད་ཀྱིས་ཟིལ་ གྱིས་མནན་ཡོད་པ་རེད། ནམ་ནམ་ཞར་ཞར་ལ་ལུག་རྒྱབ་པགས་པའི་ངང་ཚུལ་གྱིས་ང་ཚོའི་ བདག་དབང་ལ་བླ་མས་ཁ་ལོ་སྒྱུར་གིན་ཡོད་པས་ང་ཚོ་སྒེར་གཅོད་པ་གཉིས་པ་ཞིག་གི་ གཞུང་ནས་ཀྱང་ནར་མུར་འདུག་པར་ཆགས་ཡོད། འདི་ལས་ཐར་དགོས་ན་ང་ཚོའི་སྤྲུལ་སྐུའི་ རིག་གནས་སམ་བླ་མའི་རིག་གནས་འདིའི་མགོ་རྟིང་སློག་དགོས།ཁྲི་སྟེང་ན་འཁོད་པའི་སེར་ཙམ་པ་རེ་གཉིས་ལ་རྒོལ་བས་ཤུལ་གཅོད་ཐུབ་གི་མི་འདུག འོན་ཀྱང་སྤྲུལ་སྐུ་འམ་བླ་མ་འདི་དག་གིའི་རྒྱབ་རྩ་ན་གདུལ་བྱ་དང་རྩ་ཁྲིམས་ཡོད་པས་རེ་ཞིག་ང་ཚོའི་དམངས་གཙོ་ཕམ་སྲིད་མོད། ནམ་ཡང་མགོ་སྒུར་བར་མི་བྱའོ།།

ཟུར་བཤད།
དགོད་གཏམ་ཞིག་བཤད་ན་དམངས་ཀྱི་འདེམས་ ཤོག་བླ་མ་ཁོ་ནར་དབང་བར་མ་ཟད།  བླ་མའི་གྲོགས་པོ་བློས་ཐུབ་དག་ལ་ཡང་དབང་བར་བཤད་དོ། ང་ཚོའི་ས་ཁུལ་འདིར་འཐུས་མི་འདེམས་དུས་གོ་གནས་ ཡོད་པའི་བླ་སྤྲུལ་དག་གིས་རང་གི་ལྷ་སྡེ་མི་སྡེ་ཡི་འཐུས་མི་དག་ལ་ང་ལ་འདང་བརྒྱག་ན་ མི་འདི་དང་འདི་འདེམས་དགོས་ཞེས་པའི་བསླབ་བྱ་བརྒྱགས་པ་དེ་རྒྱུན་དུ་ཁུལ་དཔོན་ དང་རྫོང་དཔོན་འདེམས་དུས་ལམ་སྲོལ་དུ་གྱུར་ཡོད།

འདི་ནས་བླ་མ་ཞེས་པ་ནི་ལམ་རིམ་སོགས་ནས་གསུངས་པའི་ཚད་ལྡན་གྱི་བླ་མར་གོ་བ་མ་ཡིན་པར་དེང་སྤྲུལ་སྐུ་ཞེས་པར་དམངས་ཀྱིས་བླ་མར་འབོད་པ་དང་སྒོ་བསྟུན་ནས་བྲིས་པ་ཡིན།
དེ་ལས་གཞན་རྩོམ་ཡིག་འདི་བོད་ནང་གི་སྤྱི་ཚོགས་གཞི་རུ་བཞག་ནས་བྲིས་པ་ཡིན།
 

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༧ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༩ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༡ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༢ སྔོན་ལ།

མཆན། 90

  1. བཀྲ་ཤིས། ། says:
    ལོ་ 15 སྔོན།

    བགྲོ་གླེང་ཡག་པོ་གནང་འདུག

    Reply
  2. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    གནས་ཚང་ལགས། རྒྱལ་ཁབ་རྣམས་སྔུན་མ་དམར་ཤོག་དང་རྒྱལ་པོའི་ལམ་ལུགས་ཡིན་ཀྱང་རིམ་བཞིན་ཕྱི་ནང་གི་དངོས་པོའི་ཡར་རྒྱས་ཀྱི་འགྲོས་དང་བསྟུན་ནས་མང་གཙོར་གྱུར་གྱི་ཡོད་པས། གལ་ཏེ་རྒྱ་མིས་བོད་ལ་བཙན་འཛུལ་བྱས་མེད་ན་བོད་ཀྱང་ཡར་རྒྱས་འགྲོ་ཡ་མེད་པ་མིན་པས་ད་སྐབས་མང་གཙོར་གྱུར་མིན་ཁ་མཚམས་གཅོད་མི་ཐུབ

    Reply
  3. སྟོབས་ says:
    ལོ་ 15 སྔོན།

    གནམ་ལྕགསལགས་ཁྱེད་ཀྱིས་ངའི་ཡི་གེ་ལ་གཙང་སྤྲ་བྱེད་འདོད་ན་ཞོར་དུ་ངའི་ཁྱིམ་གཞི་དེའང་གཙང་དག་ཅིག་བྱེད་རོགས ། ཁྱེད་ཀྱི་ངོ་མ་མི་ལས་ཅན་ཞིག་རེད་ཁྱེད་གཙང་དག་བྱེདམཁན་་དེ་སྨན་པ་ཞིག་རེད་ཟེར་རྒྱུ་འདུག དེ་ངོ་མ་ཨེ་རེད

    Reply
  4. འཇམ་དཔལ་རྣོན་པོ་། says:
    ལོ་ 15 སྔོན།

    གནས་ཚང་གིས་བཤད་པ་ལ་རྒྱུ་མཚན་ཏན་ཏན་འདུག

    Reply
  5. གནས་ཚང་། says:
    ལོ་ 15 སྔོན།

    ལྷན་རྒྱས་དྲི་བ་ཞིག་ཡོད། མང་གཙོ་རིན་པོ་ཆེ་གསོལ་རས་གནང་བ་བདེན་དུ་སྲིད་ཀྱང་རྒྱ་མིའི་བཙན་འཛུལ་མ་བྱུང་བ་ཡིན་ན། གསོལ་རས་དེ་ཡོད་སྲིད་པ་ཞིག་རེད་དམ།

    Reply
  6. གནམ་ལྕགས། says:
    ལོ་ 15 སྔོན།

    སྟོབས་ལགས། དང་བོར་ཁྱོད་ཀྱི་ལག་པས་འབྲི་གིན་པ་དེའི་བརྡ་སྤྲོད་སྟངས་གཙང་མ་བྱོས། དེའི་ས་གཞི་རྡུལ་དག་པ་དང་ནམ་མཁའ་གཡའ་དག་པ་ཞིག་བྱས་ནས་ངའི་སར་ཞོག དེ་མ་གཏོགས་ང་གནམ་ལྕགས་ཀྱི་རྩོད་ཟླ་ཁྱོད་འདྲ་བ་ཞིག་རེད་ཟེར་ན་ངོ་ཚ་ས་རེད། འདི་ནི་ཁྱོད་ལ་མཐོང་ཆུང་བྱས་པ་མ་ཡིན་པར་ལམ་སྟོན་ཞིག་བྱས་པ་རང་ཡིན། གྲོགས་པོ་ལགས།

    Reply
  7. སྟོབས་ says:
    ལོ་ 15 སྔོན།

    གནམ་ལྕགས་ལགས་འདིར་འདུས་པའི་དྲ་འབུ་ཚང་མ་གྲ་བའམ་གྲྭ་ལོག་ཡིན་ན་ཁྱེད་རང་ཉིདགང་ཡིན། རྫུན་གཅིག་ཐེངས་བརྒྱ་ལ་བཤད་ན་བདེན་པ་རུ་འགྱུར་ཞེས་པ་དེ་ཁྱེད་ཀྱི་བདེན་པ་རེ་བསམ་ཨེ་ཡོད ། བོད་འདི་གང་ཟག་གིས་དབང་བསྐྱུར་བྱས་ཡོད་ཀྱང་རུང་མང་གཙོས་དབང་བསྐྱུར་ཡོད་ནའང་ང་ཚོ་ལ་མཁོ་བ་ནི་མི་སུ་རེད ། ཁྱེད་ཀྱིས་བོད་གང་ཟག་གིས་དབང་བསྐྱུར་བྱས་ཡོད་ཞེས་མི་འདོད་པའི་རྣམ་འབྱོར་གཡོ་ཟོལ་ཞིག་མངོན་འདུག ཁ་ཤས་ཀྱིས་མང་གཙོ་མ་རེད་རྨོངས་གཙོ་རེད་ཞེས་བཤད་རྒྱུ་འདུག དེས་རྒྱུ་མཚན་༧་གོང་ས་མཆོག་གི་ལྟ་གྲུབ་ལ་གོ་བ་ལེན་་མ་ཤེས་པས་སྐྱོན་ཆ་རེད་སྐད་གསང་མཐོ་པོར་ནས་སྒྲོག་གིན་འདུག གལ་སྲིད་གོ་བ་ལེན་ཤེས་མཁན་ཞིག་ན་ཤེས་འཇོན་གང་ལ་ཡང་ལྟ་ས་མེད་པའི་ཁྱེད་རང་འདྲ་བོ་སློབ་སྟོན་ལ་ཉན་དགོས་སམ ཁྱེད་རང་་ཉེས་པ་ཞིག་ཡིན་པ་ད་རུང་མི་ཤེས་ན་ཁྱེད་ཀྱིས་ང་ལ་བརྡ་སྟོན་དང་ངས་གསལ་བྱེད་ནམ་མཁའ་གཡའ་དག་པ་ཞིག་དང་ས་གཞི་ས་རྡུལ་དག་པ་བྱེད་ཆོག ཨ་མའི་བུ་ཡིན་ན་སྒུག་ནས་སྡོད་དང་སྟོབས་ཁད་ཀྱིས་སླེབས་ཡོང་ །

    Reply
  8. འཇམ་དཔལ་རྣོན་པོ་། says:
    ལོ་ 15 སྔོན།

    ཁ་བའི་འོད་མདངས་ཀྱིས་བཤད་པ་དེ་དེ་བཞིན་ནོ།

    Reply
  9. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    བླ་མ་ཞེས་སྤྱི་སྒྲ་སྨོས་ཀྱང་༸གོང་ས་མཆོག་ཡིན་པའི་རྒྱུ་མཚན་ནི། ༸གོང་ས་མཆོག་བོད་ཀྱི་བདག་པོ་ཡིན་པ་དང་བོད་མིས་ཆེས་གུས་བཀུར་ཞུ་ས་ཡིན། ད་སྐབས་ཁོང་ལས་གཞན་པའི་བླ་མ་སུས་ཀྱང་ཁོང་གིས་གནང་བ་ནང་བཞིན་བོད་དབང་བསྒྱུར་བྱེད་ཐུབ་ཀྱི་མེད།

    Reply
  10. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    ལྷམ་ཀོག་དང་དེ་དང་འདོད་མཐུན་རྣམས། གཞེས་བཞུགས་བོད་མིའི་རང་དབང་འཕྲོག་མཁན་རྒྱ་དམར་རེད་དམ་བླ་ཆེན་རེད། དེང་སང་བཞེས་བཞུགས་བོད་མིའི་རང་དབང་དང་ཞི་བདེ་གཏོར་བཅོམ་བྱེད་མཁན་ནི་བོད་མི་མང་གིས་རྒྱ་དམར་འདོད་ཀྱི་ཡོད་ཀྱང་རྒྱ་དམར་དང་བོད་མི་རེ་ཟུང་གིས་༸གོང་ས་མཆོག་གཙོས་བླ་ཆེན་རྣམས་པ་འདོད་ཀྱི་ཡོད། གོང་གི་བོད་མི་དེ་དག་གིས་བླ་མ་ཞེས་སྤྱི་སྒྲ་ཇི་ལྟར་སྨྲས་ཀྱང་དོན་ལ་༸གོང་ས་མཆོག་ལ་ཞུ་ཡི་ཡོད་པོ་གསལ་པོ་རེད། འོན་ཀྱང་ཁོ་ཚོས་༸གོང་ས་མཆོག་ཅེས་ཚིག་དངོས་སུ་མི་སྨོས་པ་ནི་རྒྱུ་མཚན་བཤད་རྒྱུ་མེད་པ་དང་གཞན་གྱིས་དྲི་བ་བྱུང་ན་རྒྱ་དམར་ལྟ་བུའི་རྫུན་ཚིག་སྨྲ་བའི་སྤོབས་པ་མེད་པས་ཡིན། བཙན་བྱོལ་བོད་ཀྱི་ཡང་དག་པའི་མང་གཙོ་འདི་བླ་མས་གནང་བ་རེད་དམ་ཡང་ན་བླ་མས་མེད་པ་བཟོས་པ་རེད།

    Reply
  11. འཇམ་དཔལ་རྣོན་པོ་། says:
    ལོ་ 15 སྔོན།

    དྲྭ་གྲོགས་གནམ་ལྕགས་ལགས། སྤྱིར་བཏང་བཤད་ན་བླ་མས་ཆབ་སྲིད་ཀྱི་སྣེ་ཁྲིད་པའམ་
    ཆབ་སྲིད་ལ་དབང་སྒྱུར་བྱས་ཡོང་དུས་ངེས་པར་དུ་དམངས་གཙོ་ཚད་ལྡན་ཡོད་མེད་ཀྱི་དོགས་པ་ཞིག་སླེབས་ཡོང་གི་རེད། དེ་ནི་ཏཱ་ལའི་བླ་ལ་ཕོག་ཐུག་བཏང་མ་བཏང་གི་སྐད་ཆ་མིན་པར་བླ་མའི་དབང་ཚད་འདིས་དམངས་གཙོ་ལ་གནོད་པ་ཡོད་མེད་ཀྱི་གནད་དོན་ཞིག་རེད། ཆབ་སྲིད་ལ་དབང་སྒྱུར་བྱེད་མཁན་གྱི་བླ་མ་ཞིག་ཡིན་ཕྱིན་དེའི་ནང་དུ་ངེས་པར་ཚུད་ཡོང་གི་རེད། དེ་ལ་ཞེད་སྣང་སྐྱེ་དགོས་ཡ་གང་ཡང་མེད།
    དེང་སང་ཨ་མདོའི་ནང་ན་ཀླུ་མཁར་བྱམ་དང་ལྷམ་ཀོག་སོགས་བསམ་བློ་པ་ཁག་གཅིག་དང་། ཞོགས་དུང་སོགས་ཆོས་གཏོར་དམར་ཤོག་རྗེས་འབྲིང་པ་ཁག་གཅིག་གིས་རྟག་པར་ཏཱ་ལའི་བླ་མས་བོད་དབང་སྒྱུར་བྱས་པ་ལ་གནས་ལུགས་དང་མཐུན་མི་མཐུན་སྣ་ཚོགས་པའི་རྩོམ་ཡིག་གང་མང་བྲིས་ཡོད། དེ་ཚོ་སྤྱི་ཡོངས་ཀྱི་ཆ་ནས་བལྟས་ན་བླ་མ་ཆབ་སྲིད་ལ་དབང་སྒྱུར་བྱེད་མཁན་དེ་ཚོ་ལ་གནད་དུ་ཕོག་པའི་སྐྱོད་བརྗོད་ཀྱང་མང་དུ་བྱས་ཡོད།
    ལྷམ་ཀོག་གི་རྩོམ་ཡིག་འདི་ལ་མཚོན་ན་རྒྱུ་མཚན་དང་གནས་ལུགས་ཡོད་པའི་དཔྱད་རྩོམ་ཞིག་གང་ཡང་རེད་མི་འདུག མགོ་ཅུང་ཟད་གླེང་ནས་ཆ་ཚང་གླེང་མ་སྦོབས་པའི་རྣམ་འགྱུར་འདྲ་ཞིག་ཡོང་གི་འདུག་

    Reply
  12. གནམ་ལྕགས། says:
    ལོ་ 15 སྔོན།

    དེ་རིང་ཚ་ཚ་འུར་འུར་གྱིས་འདི་ལ་འདུས་པའི་དྲ་གྲོགས་རྣམས་ནི་ཕལ་ཆེར་གྲྭ་བའམ་དྲ་ལོག་རྐྱང་རྐྱང་རེད། དེའི་སྟབས་ཀྱིས་བླ་མའམ་ཆོས་ལུགས་ཀྱི་ཕྱོགས་ནས་ས་ལྡིང་གནམ་ལྡིང་བྱེད་ཀྱིན་འདུག གཞིས་བཞུགས་དཔྱད་བརྗོད་པ་ལྷམ་ཀོག་གིས་རིན་ཐང་ལྡན་པའི་རྩོམ་ཡིག་ཅིག་བྲིས་འདུག་པ་ལ། སྦལ་བས་ཚ་ནད་མ་ཐེག་པའི་དཔེ་ལྟར་མི་མང་བོ་ཞིག་གི་གནམ་ལ་མཆོངས་པ་ནི་རང་རང་གི་མཚང་ལ་ཕོག་པས་ཡིན་ཤོས་ཆེ། གོང་གི་རྩོམ་ཡིག་འདིས་བསྟན་དོན་གཙོ་བོ་དེ་བོད་ལ་མང་གཙོ་ཚད་ལྡན་ཡོད་མེད་ཀྱི་གནད་དོན་དེ་རེད་ལ། དེས་ག་རེ་སྟོན་གྱི་འདུག་ཅེ་ན་རང་རེའི་བོད་ཀྱི་གཤིས་ཀ་དེ་ཁྲིམས་ཀྱི་དབང་བསྒྱུར་འོག་ལ་མི་འགྲོ་བར་གང་ཟག་གི་དབང་བསྒྱུར་འོག་ལ་འགྲོ་བ་དེ་བཤད་ཀྱི་ཡོད། དེ་ལྟ་ན། གང་ཟག་གི་དབང་བསྒྱུར་དེ་མང་གཙོ་ཚད་ལྡན་ཡིན་མིན་ལ་བསམ་བློ་ཐོངས། ངས་དེ་རིང་མཆན་བུ་ཚང་མར་ཞིག་བལྟ་བྱས་པའི་ཚེ། མི་མང་བོ་ཞིག་གིས་ཁ་ལ་མ་ཐོན་པ་མ་གཏོགས། ལྷམ་ཀོག་གི་རྒྱལ་བ་རིན་པོ་ཆེ་ལ་ཕོག་ཐུག་བཟོས་འདུག་པ་འདྲ་ཞིག་ཡོང་གི་འདུག དེའི་ཐད་ལ་ངས་ཁ་གསལ་བོས་བརྗོད་རྒྱུར། ལྷམ་ཀོག་ཅེས་པའི་རྩོམ་པ་པོ་འདིས་བོད་དང་རྒྱལ་བ་རིན་པོ་ཆེའི་དོན་ལ་རང་སྲོག་དམར་བོ་ཇི་སྲིད་དུ་བློས་བཏང་ཡོད་པ་བདག་གིས་བདེན་དཔང་བྱེད་རྒྱུ་ཡིན་ལ། ཁོས་དུས་དང་རྣམ་པ་ཀུན་ཏུ་དྲང་བོ་དང་ལྡན་པའི་དོན་ལའང་རང་གི་ཡོད་ཚད་ཕུལ་ཡོད་ཅེས་ཞུ་རྒྱུ་ཡིན།

    Reply
  13. བྱམས་རྒྱལ། says:
    ལོ་ 15 སྔོན།

    མང་གཙོ་རིན་པོ་ཆེ་གསོལ་རས་གནང་མཁན་བླ་་མ་ཡིན་པ་ཀུན་གྱིས་ཤེས་གསལ་དང་ ཡང་བླ་མ་ཡོད་ས་ལ་མང་གཙོ་མེད་གསུངས་པ་འདི་གཉིས་འགལ་བ་ལྟག་སྤྲོད་དུ་མཆིས་།

    Reply
  14. བདེན་པའི་གཅེར་བུ་མ། says:
    ལོ་ 15 སྔོན།

    གོང་གི་འཕྲོ། དེ་ནས་ཧོ་ཞུས་ལི་ལ་བསྙད་བརྐོས་ནས་དྲི་བ་འདོན་རྒྱུར། ཡང་སྙིང་ཁྱེད་ཀྱི་སྤོ་བོ་འམ་ཡང་ན་ཁྱེད་ཀྱི་རྨོ་བོ་མཇུག་མེད་སྤྲ་མོ་དང་རྒྱུད་འབྲེལ་གྱི་བྱུང་ཡོད་དམ་ཟེར། ཞེས་བཤད་པར་ཧོ་ཞེས་ལན་དུ། དོན་དྲང་ཞིང་ཚིག་ནན་པོའི་ཐོག་ནས་དགག་ལན་བསློགས་ཏེ། ངས་སྔོན་ཆད་བཤད་པ་ཡིན། ད་ངས་བསཀྱར་དུ་བཤད་རྒྱུར། མི་ཞིག་གིས་རང་གི་མེས་པོ་ནི་ཇུག་མེད་སྤྲ་མོ་ཡིན་པར་ངོ་གནོང་དགོས་པའི་རྒྱུ་མཚན་གང་ཡང་མེད། ཅེས་ནན་གྱིས་ཁྱབ་བསྒྲགས་བྱས་པ་རེད། དྲ་གྲོགས་དག། གཏམ་རྒྱུད་འདི་ལ་སེམས་ལྷོད་པས་དཔྱོད་དང་། རྩོམ་འདི་ལ་དཔྱད་སྟངས་དེ་ལྟ་བུ་ཞིག་རེད། ནང་དོན་གོ་ནས་ཚོ། མི་གོ་ནི་དག་ལ་ཐབས་ཅི་ཡང་མེད་དོ།།

    Reply
  15. བདེན་པའི་གཅེར་བུ་མ། says:
    ལོ་ 15 སྔོན།

    ངས་དྲ་གྲོགས་འཇམ་དཔལ་རྣོན་པོ་གཙོས། མི་འགའ་ལ་གཏམ་རྒྱུད་ཅིག་བཤད། ལེགས་པར་ཉོན། དབྱིན་གོའི་སྐྱེ་དངོས་རིག་པ་བ་ཧོ་ཞུས་ལིས[1885 ལོ་ནས 1895 ལོའི་བར] སྲོག་ཆགས་དང་མིའི་རིགས་བར་གྱི་འབྲེལ་བར་ཞིབ་འཇུག་བྱས་ནས། ཐེངས་དང་པོར་མི་དང་སྤྲ་མོའི་རུས་རྒྱུད་གཅིག་པ་སྨྲ་བ་བཏོན་པ་རེད། 1860ལོའི་ཟླ 6པར་ཉིའུ་ཅན་སློབ་གྲྭ་ཆེ་བར་འཕེལ་འགྱུར་སྨྲ་བ་དང་ལྷས་བསྐྲུན་སྨྲ་བའི་བར་གྱི་རྩོད་གླེང་དྲག་པོ་བྱུང་བ་རེད། དེ་དུས་དབང་ཤུགས་ཆེན་པོ་ཡོད་པའི་ཆོས་དཔོན་གཙོ་བོ་ཞིག་གིས་འཕེལ་འགྱུར་སྨྲ་བ་དེ[དམ་པའི་གསུང་རབ]ཀྱི་བསྟན་པ་དང་རྒྱབ་འགལ་དུ་སོང་ཡོད་ཅེས་ཁ་རྡུང་བཏང་བ་དང་། འཕྲོ་མར་གཟིགས་་་་

    Reply
  16. བདེན་པའི་གཅེར་བུ་མ། says:
    ལོ་ 15 སྔོན།

    འཇམ་དཔལ་རྣོན་པོ་ཟེར་བ་ལགས། བླ་མའི་མིང་འཛིན་གྱི་སྤྲུལ་སྐུ་འདོ་མེད་དག་ལ་རྒོལ་བ་ཡིན་ན་དམ་པའི་ཆོས་ལ་རྒོལ་བས་ཁྱབ་པར་ཐལ། བླ་རྫུན་དག་ལ་རྒོལ་བ་བྱས་ན་དམ་པའི་ཆོས་དང་འགལ་བར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར།། དེས་ན། བླ་རྫུན་དང་དམ་པའི་ཆོས་གཉིས་གང་རུང་ལ་བསྐུར་བ་བཏབ་པ་ཡིན་ན་གཉིས་ཀར་ཁྱབ་མཉམ་གྱིས་སྐུར་བཏབ་པ་ཡིན་པར་ཐལ། ཁྱོད་ཀྱིས་དེ་ལྟའི་ཁྱབ་པ་ཤུགས་སུ་ཁས་བླངས་པའི་ཕྱིར། འདོད་ན། རྒྱ་མི་དང་ཕྱི་གླིང་བ་དག་གིས་བོད་ཀྱི་ནང་བའི་ཆོས་ལུགས་ལ་བླ་མའི་ཆོས་ལུགས་ཞེས་འབོད་པར་སྐྱོན་མེད་པར་ཐལ། ཁྱོད་ཀྱིས་འདོད་པ་དོན་གྱིས་འཐད་པའི་ཕྱིར། ཡང་འཇམ་རྣོན་ན་རེ། བོད་སྤྱི་ཚོགས་རྙིང་ཟེར་གི་ཡོད་དམ། རྒྱ་མིས་དབང་བསྒྱུར་བྱས་ཟིན་པའི་བོད་པ་ཡིན་ཟེར། དེ་ནི་རྒྱ་མིས་དབང་བསྒྱུར་བྱས་ཟིན་པའི་དུས་ཀྱི་བོད་ནང་ཟེར་གྱིན་ཡོད་པ་རྩོམ་བལྟས་ན་ཤེས་ནུས་པ་མ་ཡིན་ནམ། ད་དུང་་་

    Reply
  17. བསྟན་འཇམ says:
    ལོ་ 15 སྔོན།

    བདེན་པའི་གཅེར་བུ་མ ། ཁྱེད་ཀྱིས་ངའི་འཆར་ཟིན་ལ་གདེང་འཇོག་བྱས་པ་ཐུགས་རྗེ་ཆེ་ཞུ །

    Reply
  18. འཇམ་དཔལ་རྣོན་པོ་། says:
    ལོ་ 15 སྔོན།

    ལྷམ་ཀོག་ཟེར་བའི་ཆོས་སྤང་མཁན་ན་རེ། ༼བོད་ནང་གི་སྤྱི་ཚོགས་གཞི་རུ་བཞག་ནས་བྲིས་པ་ཡིན༽ ཟེར་བ་དེ་བོད་པའི་སྤྱི་ཚོགས་རྙིང་པ་གཞི་རུ་བཞག་ནས་བྲིས་པ་ཡིན་ནམ་བོད་རྒྱ་མིའི་དབང་སྒྱུར་བྱས་ཟིན་པའི་སྤྱི་ཚོགས་གཞི་རུ་བྲིས་པ་རེད། དང་པོ་ལྟར་ན་ཏཱ་ལའི་བླ་མ་གཙོས་པའི་བྱེས་འབྱོར་བླ་ཆེན་ཚང་མ་དེའི་ཚུད་བསྡད་ཡོད་པ་རེད། གཉིས་པ་ལྟར་ན་ང་ཚོ་རྒྱ་དམར་གྱིས་དབང་བསྒྱུར་འོག་ན་སྡུག་པོ་མྱང་གིན་ཡོད་པ་ལས་བླ་མས་དབང་ཤུགས་ཀྱིས་དམངས་གཙོ་ལ་ཕན་གནོད་བཤད་པའི་དུས་སྐབས་སུ་སླེབས་ཡོད་པ་མ་རེད། ད་ལྷམ་ཀོག་གིས་ཅི་ཞིག་གོ་བྱུང་། དྲང་མོ་བཤད་ན་རང་ཚིག་རང་གིས་སུན་འབྱིན་པའི་སྤྱི་བརྟོལ་མཁན་འདི་ཚོ་རྒྱ་ཡན་ཏུ་གཏོང་ག་ལ་རུང་།

    Reply
  19. བསྟན་འཇམ says:
    ལོ་ 15 སྔོན།

    ང་སྟུ་ལ་དགའ་ལགས་ཁྱེད་ཀྱི་ངས་རེ་བསྐུལ་ཞུས་པ་གཞིར་བཟུང་མིང་བརྗེ་བོ་བརྒྱབ་པ་ཐུགས་རྗེ་ཆེ་ཞུ ། རྗེས་ཕྱོགས་སུ་དྲ་གྲོགས་བཟོང་པོ་ཞིག་ཏུ་འགྱུར་རྒྱུའི་རེ་བ་དང་བཅས་བསམ་ཚུལ་བརྗེ་རེས་མི་འཐུད་ནས་བྱེད་དགོས །

    Reply
  20. བདེན་པའི་གཅེར་བུ་མ། says:
    ལོ་ 15 སྔོན།

    རེད་རེད། གང་ལྟར་དོན་དག་གཙང་མ་ཞིག་མི་གོ་ན་བསྟན་འཇམ་རིན་པོ་ཆེ་བཞིན་དུ་རང་ཚུགས་བཟུང་བའི་ཟོལ་གྱིས་ཏིང་ངེ་འཛིན་ལ་བཞུགས་ན་དོན་པོ་ཡོད་འདུག

    Reply
  21. བདེན་པའི་གཅེར་བུ་མ། says:
    ལོ་ 15 སྔོན།

    མིང་ལ་འཇམ་དཔལ་རྣོན་པོ་བཏགས་པའི་ཤིན་ཏུ་མི་རྣོ་བ་ཁྱོད་ཀྱིས་བོད་ཡིག་གི་ནང་དོན་ཡང་གཙང་མ་ཞིག་ཤེས་ཀྱིན་མི་འདུག་པས། རྒྱ་དང་བོད་དམངས་གཙོ་དང་བླ་མ་ཟེར་བའི་གོ་བ་དེ་ག་ནས་རྙེད་ཐུབ་བམ། རྩོམ་ཡིག་དང་འབྲེལ་མེད་དོན་གཞན་གྱི་མཆན་ཞིག་འདོགས་ཀྱིན་ཡོད་པ་དེ་ལག་པ་གདོན་གྱིས་བརླམས་པ་དང་། ངོ་ལ་སྤུ་རིང་བོ་སྐྱེས་པའི་རྟགས་འཁྲུལ་མེད་ཅིག་རེད། ས་ཕྱོགས་གང་ཞིག་གི་ཇ་མ་ཡིན་ནམ།

    Reply
  22. བསྟན་འཇམ says:
    ལོ་ 15 སྔོན།

    རྩོམ་ཡིག་འདིའི་རིགས་ལ་ཆ་འཇོག་ཅིང་མེད་ལ་དཀའ་བསུ་ཡང་མེད ། རྩོམ་ཡིག་ཀློག་པ་པོ་རྣམ་གྱི་ཐེངས་གཅིག་བཀླག་སྐབས་བདེན་པ་འདྲ་བོ་ཡིད་ལ་འཆར་སྲིད ། ཐེངས་གཉིས་ཀློག་སྐབས་དོགས་པ་ཞིག་ངང་གིས་སླེབས་ཡོང་ ། ཐེངས་གསུམ་པའི་སྐབས་སུ་རྩོམ་ཡིག་འདིས་དྲང་ཕྱོགས་ནས་བཤད་ཁུལ་བྱས་ཀྱང་ལྡོག་ཕྱོགས་སུ་ནང་དོན་གསལ་པོར་བསྟན་ཡོད ། དྲ་གྲོགས་མང་ཆེ་བ་མིག་མེད་དང་འདྲ་པར་ལག་པས་གང་ལ་ཁྲིད་ཀྱང་རྗེས་སུ་ཡོང་རྐྱང་རེད ། སུ་ཞིག་གིས་ཚིག་སྤྱོར་སྙན་མོ་ཞིག་བེད་སྤྱད་ནས་འབྲི་སྐབས་ཁོང་རྩོམ་པ་པོ་གྲགས་ཅན་རེད་ཞེས་ཟེར་སྒྲོས་སུ་གྱུར་འདུག དཔེར་ན་ བདེན་པའི་གཅེར་བུ་མ་འདི་ལྟ་བུ་རེད ། འདི་ཚོ་གཡབ་རྒྱུགས་བྱེད་རྒྱུ་ལས་རང་ཉིད་ཀྱི་་རྣམ་དཔྱོད་ལས་ཐོན་པས་རྩལ་ཞིག་ངོམ་གྱི་མི་འདུག །
    ད་རུང་རྩོམ་ཡིག་འདིའི་གཞིས་ལུས་བོད་མིའི་ཚབ་མཚོན་གྱི་འདུག་ཟེར་ངོ་མ་དགོད་སྤྱད་རེད །

    Reply
  23. འཇམ་དཔལ་རྣོན་པོ་། says:
    ལོ་ 15 སྔོན།

    བླ་མ་དབང་ཤུགས་ཆེ་ས་ན་དམངས་གཙོ་ཡོད་མེད་བཤད་དགོས་ན་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་བདག་དབང་ཆ་ཚང་ཡོད་པའི་ཏཱ་བླ་མ་གླེང་ན་སུ་གླེང་དགོས་པ་རེད། བོད་རྒྱལ་ཁབ་དང་བོད་མི་མང་གི་བདེ་སྡུག་དང་འབྲེལ་བའི་དམངས་གཙོ་བཤད་དགོས་ན་ཏཱ་ལའི་བླ་མ་གཙོས་པའི་བཙན་བྱོལ་ནང་གི་བླ་ཆེན་འདི་གཙོ་བོ་གླེང་དགོས་པ་རེད་དམ།

    Reply
  24. འཇམ་དཔལ་རྣོན་པོ་། says:
    ལོ་ 15 སྔོན།

    ཡ་ཡ་བདེན་པའི་གཅེར་བུ་མ་ཟེར་བའི་སྐྱག་རྫུན་མཁན། ཁྱོད་ཀྱིས་ཀྱང་ཆོས་མེད་དམར་ཤོག་སྨྲ་བའི་རྗེས་ཟློས་མཁན་ལྷམ་ཀོག་ཟེར་བའི་སྡུག་འདྲེ་དེའི་རྒྱབ་སྐྱོར་བྱེད་ཀྱིན་ཡོད་དམ་མེད། ད་གཅིག་ཉོན་དང་བླ་མ་དབང་ཤུགས་ཆེ་ས་ན་དམངས་གཙོ་མེད་ཟེར་དུས། བླ་མ་དེ་བོད་ནང་གི་བླ་མ་མ་གཏོགས་བྱེས་འབྱོར་བླ་མ་རེད་ཟེར་བའི་སྡུག་སྐད་རྒྱག་དགོས་དོན་གང་རེད། ལྷམ་ཀོག་གི་བཤད་པའི་བླ་མ་དེ་ལམ་རིམ་ནས་བཤད་པའི་མ་མ་རེད་ཟེར་ན་ཅི་ཞིག་ཤོད་ཀྱིན་ཡོད། ལམ་རིམ་ཟེར་བ་དེ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལུགས་ཡིན་ན་ཆོས་ལུགས་ནས་བཤད་པའི་བླ་མ་ཚད་ལྡན་ལ་མི་མང་གིས་བརྩི་བཀུར་དང་དབང་ཤུགས་ཆེ་རུ་འགྲོ་རྒྱུ་ཉག་གཅིག་རེད། དེར་བརྟེན་ཆོས་ལུགས་དང་མཐུན་པའི་བླ་མས་དམངས་གཙོ་ལ་མི་གནོད་པའི་རྒྱུ་མཚན་ཅི་ཞིག་ཡོད། ལམ་རིམ་ཟེར་བ་དེ་སངས་རྒྱས་ཆོས་ལུགས་མིན་ན་ལམ་རིམ་ནས་བཤད་པའི་བླ་མ་དེ་ཀུན་མཁྱེན་འཇམ་བཞེད་ཟེར་བའི་བླ་མིང་ཅན་བླ་བྲང་དགོན་པའི་སྐྱབས་གནས། དམར་ཤོག་ཚོགས་པའི་རྒྱུག་ཁྱི། ཏཱ་ལའི་བླ་མའི་ཁ་གཏད་འདྲ་བོ་རྐྱང་རྐྱང་ཨེ་རེད། དེ་ཡིན་བླ་མ་མ་རེད་བླ་རྫུན་རེད་ལོ།

    Reply
  25. བདེན་པའི་གཅེར་བུ་མ། says:
    ལོ་ 15 སྔོན།

    མི་ལས་ལས་གོང་ས་ཚང་གླེང་གིན་འདུག མིག་ཞར་སོང་ནི་མིན་དུས། རྩོམ་འདིར་བོད་ནང་གི་སྤྱི་ཚོགས་གཞི་རུ་བཞག་ནས་བྲིས་ཞེས་པ་ཡང་། ལུག་མགོ་བཤམས་ནས་ཁྱི་ཤ་བཙོང་མཁན་དག་ལ་བཤད་པ་གོར་མ་ཆགས། འཇུ་ཆེན་ཐུབ་བསྟན་ནས་བཟུང་ད་སྐབས་འུ་ཅག་ཕྱི་སྡོད་པ་དག་གིས་མིག་གིས་རིག་ས་རྣ་བས་ཐོས་ས་ནས་ཀྱང་འོན་རྫུ་དང་སྨྱོ་རྫུ་བྱེད་གིན་འདུག་པ་འདི་ཅི་ཡིན་ནམ། འདི་ན་བཤད་པའི་བླ་མ་དེ་ཆོས་གཞུང་ན་བཤད་པའི་བླ་མར་བཤད་པ་མིན་ཟེར་བའི་གོ་བ་དེ་ཡང་རབ་རིབ་སབ་སིབ་ཏུ་བསྐྱལ་ནས། འདི་ནས་མ་བཤད་པའི་གོང་ས་ཚང་དང་བླ་མ་ཚད་ལྡན་དག་བཙན་གྱིས་དྲུད་འོང་ནས་སྒྲོ་རེ་འདོགས་ཨེ་ཐུབ་ལ་འབད་པའི་ལས་འདི་ཁྱེད་ཤེས་ཡོན་པ་དག་གིས་ཞེ་འཁོན་ཡ་ང་བ་དེ་ཡིན་ནམ།

    Reply
  26. བདེན་པའི་གཅེར་བུ་མ། says:
    ལོ་ 15 སྔོན།

    རྐང་རྗེན་ལགས། བསྟན་པ་ཆབ་སྲིད་ལ་གནོན་པའི་འཕགས་པ་ལྷ་དང་སྒྲུབ་ཁང་ཚེ་སྨོན་གླིང་བ་སོགས་ཀྱིས་མཚོན་པའི་བོད་ནང་གི་རྒྱ་མི་དམར་བོའི་མགྲིན་ཚབ་པ་དག་ལ་མཚང་འབྲུ་ཤུགས་ཆེན་བྱས་ན་སྐྱབས་འགྲོ་དང་འགལ་ཡོད་དུས། བོད་ནང་ནང་གི་རྒྱ་གཞུང་མགྲིན་པ་ཚབ་པ་མིང་བླ་མར་ཁས་ཆེ་བ་དག་གིས་ཏྰ་ལ་ཡིས་ཆོས་གོས་གྱོན་རུང་ཆོས་དང་མི་མཐུན་པའི་བྱ་བ་བྱེད་གི་ཡོད་རབས། ཁ་བྲལ་གྱི་ལས་ཤུགས་ཆེན་སྤེལ་ཀྱིན་ཡོད་རབས་གླེང་ན་སྐྱབས་འགྲོ་དང་མི་འགལ་བའི་ལས་ཤིག་ཡིན་ནམ། ཡང་ཅིག་བཤད་ན་རྩོམ་འདིའི་མཇུག་དུ་བླ་མ་ཚད་ལྡན་དག་འདི་རུ་བཤད་པའི་བླ་གཟུགས་མིང་ཅན་དང་ནོར་མི་ཉན་པའི་ཚུལ་གསལ་གསལ་དག་དག་བྱས་ཏེ་བྲིས་ཡོད་པ་མིག་གིས་མི་མཐོང་ངམ། བོད་ནང་གི་སྤྱི་ཚོགས་གཞི་གཞག་བྱས་ཏེ་བྲིས་ཞེས་པ་དང་ལམ་རིམ་སོགས་ནས་གསུངས་པའི་བླ་མ་ཚད་ལྡན་དག་འདི་རུ་མི་འདུ་བའི་གསལ་ཁ་མིག་གིས་མི་མཐོང་རྣ་བས་མི་ཐོས་སམ།

    Reply
  27. རྐང་རྗེན་པ། says:
    ལོ་ 15 སྔོན།

    ལྷམ་ཀོག་འདིས་སྙན་རྩོམ་འབྲི་དུས་ལྷམ་ཡག་པོ་ཞིག་ཆགས་ནས་གྱོན་མཁན་མང་ནའང། ད་རེས་ལྷམ་རྙིང་རལ་ཞིག་ཆགས་འདུག་པས། ང་རྐང་རྗེན་ཡིན་ནའང་གྱོན་སྙིང་འདོད་མ་སོང། ཁོའི་སྐད་ཆ་འདི་གཅིག་ནས་དབྱེ་བསལ་མེད་པའི་རྒྱུགས་པ་ལེབ་རྡུང་ཞིག་རེད། གཉིས་ནས་རྒྱ་མི་དམར་པོའི་སྐད་ཆ་རྙིང་པ་བསྐྱར་ཟློས་ཤིག་རེད། གསུམ་ནས་ཁོ་རང་གྲྭ་པ་ཞིག་གིས་རང་རྒྱུད་ཀྱི་སྐྱབས་འགྲོ་དང་སྡོམ་པ་ལ་ཁ་ཆག་སྣ་རལ་བཏང་བ་ཞིག་རེད། དེར་བརྟེན། འདིའི་སྐོར་སྐད་ཆ་མང་པོ་བཤད་རིན་མི་འདུག་པས་དྲ་གྲོགས་ཚོས་གཡུག་བཞག་རོགས་གྱིས།

    Reply
  28. ང་སྟུ་ལ་དགའ། says:
    ལོ་ 15 སྔོན།

    དྲྭ་གྲོགས་བསྟན་འཇམ་ལགས། ཁྱེད་ཀྱིས་གསུངས་པ་བཞི་ངས་མིང་བརྗེ་བོ་བརྒྱབ་ཡོད། སྔོན་མ་ངས་མིང་ལ་རྒྱ་མའི་སོ་བོ་ཟེར། དེ་རིང་ཕན་ཆད་ངའི་མིང་ལ་ང་སྟུ་ལ་དགའ་ཟེར་གྱི་ཡིན།

    Reply
  29. སྟུ་ལ་དགའ། says:
    ལོ་ 15 སྔོན།

    དྲྭ་གྲོགས་བསྟན་འཇམ་ལགས། ཁྱེད་ཀྱིས་གསུངས་པ་བཞི་ངས་མིང་བརྗེ་བོ་བརྒྱབ་ཡོད།

    Reply
  30. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ས་ཐག་རིང་དྲ་གྲོགས་ཀྱི་རྩོམ་ཡིག་ཅིག་ཀློག་རྒྱུ་རག་པས་དགའ་ཡོད། གནས་ལུགས་དང་བདེན་དངོས་ཀྱི་ཆ་མང་བོ་འདུག འོན་ཀྱང་རྩོམ་ཡིག་འདིའི་གཞིས་ལུས་བོད་མིའི་ཚབ་མཚོན་ཐུབ་ཀྱིན་འདུག་ཅེས་པ་གནས་ཚང་གིས་བསམ་བློ་མ་བཏང་བས་སྐྱོན་ཆེན་པོ་ཞིག་རེད། ཁོང་རྩོམ་པ་པོ་ཡག་མི་ཡག་རྩོམ་ལ་བལྟས་ན་ཤེས་ནུས་སོ།།

    Reply
  31. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    གཡུ་ལྷ་ལགས། སྟོན་པའི་བཀའ་དང་འགལ་ན་དྲང་བདེན་མ་རེད་ཟེར་གྱི་མེད། ཉིད་ཀྱིས་བཞག་པའི་དཔེ་དེ་འབྲེལ་མེད་དུ་གྱུར་འདུག བླ་མ་དངྲ་གྲྭ་པ་སུས་ནོར་འཁྲུལ་གནང་ན་དེ་ཉིད་གསལ་འདོན་བྱེད་དགོས་པ་ལས་གཞི་འཛིན་ས་ཅི་ཡང་མེད་པར་བླ་མ་དང་གྲྭ་པ་སྤྱི་ལ་སྐུར་འདེབས་བྱེད་པ་ནི་རང་ཉིད་ངན་འགྲོར་སྐྱེ་བྱེད་ཀྱི་རྒྱུ་སྒྲུབ་པ་རེད།

    Reply
  32. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    མདོར་བསྡུ་ན་༼བླ་མར་དབང་ཤུགས་ཆེ་སར་དམངས་གཙོ་མེད་༽ཅེས་སྤྱི་སྒྲ་སྨྲས་པ་འདི་རྒྱ་དམར་གྱིས་ཆོས་ལུགས་ནི་དུག་རེད་བླ་མ་གྲྭཔ་༼ ༸གོང་ས་མཆོག་དང་ཀརྨ་པ་སོགས༽ནི་མི་སེར་གྱི་གཉའ་གནོད་དང་བཤུ་གཞོགས་རེད་ཅེས་པའི་ལྟ་གྲུབ་ལས་བྱུང་ཞིང་དེའི་རྗེས་སུ་འགྲངས་པ་རེད། འཇང་གཡུ་ལྷ་ཐོག་འགྱུར་སོགས་དེ་ལ་རྒྱབ་རྩ་བྱེད་མཁན་ཡིན་པ་འདྲ།

    Reply
  33. བཤད་སྒྲུབ says:
    ལོ་ 15 སྔོན།

    དངོས་གནས་དཀའ་ངལ་འདི་ཆུང་ཆུང་ཅིག་རེད་ཟེར་ཆོག་ཡིན་ཡང་དོན་དངོས་ཐོག་མ་འོངས་ང་ཚོ་བོད་ལ་ལོག་མ་ཐུབ་པ་ལོ་ངོ་ཇི་ཙམ་མང་བ་སྡོད་དགོས་པ་དེ་སྲིད་དུ་དཀའ་ངལ་འདི་ལས་ལྷག་པ་ཆེ་པོ་དང་ཧ་ཀྱང་མང་པོ་ཞིག་ང་ཚོའི་མིག་གིས་འདུན་ལ་མཐོང་བ་དང་དེ་བས་མི་རབས་རྗེས་མ་ཚོར་བརྟན་བརྟན་ཡོང་གི་རེད་ཅེས་བཤད་ཆོག་པ་ཞིག་རེད་
    དེས་ན་ངས་བསམ་པར་ད་ནས་བཙན་བྱོལ་བོད་རིགས་རྣམས་ནས་དགོས་མེད་ཆོལ་ཁ་དང་ལུང་ཚན་སོགས་ཀྱི་ཕྱོགས་ཞེན་མ་གནང་བར་དོན་དམ་སོ་སོ་བོད་པ་ཡིན་པའི་འདུ་ཤེས་མཁྱེར་ཏེ་བདེ་སྡུག་གི་གཏམ་གླེང་བྱེད་དགོས་པའི་དུས་ལ་བབ་འདུག་སྙམ།

    Reply
  34. བཀྲ་ཤིས། says:
    ལོ་ 15 སྔོན།

    བླ་མའི་མིང་བརྟགས་ཚད་ཚང་མ་བླ་མ་ཡིན་པའི་ངེས་པ་མེད་པས། ཁྱེདརང་གིས་བླ་མ་ཡོད་སར་དམངས་གཙོ་མེད་ཟེར་བ་དེ་ངས་དུས་ནམ་ཡང་ཁས་ལེན་མི་བྱེད་པ་མ་ཟད། ངས་བླ་མ་གང་དུ་ཡོད་སར་དམངས་གཙོ་ཡང་དག་པ་ཡོད་ཅེས་མཐའ་ཚིགས་བསྒྲགས་སོ། ཁྱེད་ཀྱིས་འདི་ལ་ལེན་ཇི་ལྟར་བཏབས་སམ།

    Reply
  35. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    ལྷོམ་ཀོག་གིས་དྲངས་མོ་ཞིག་བཤད་ནས་ དྲ་གྲོགས་མང་ཆེ་བས་དགག་པ་རྒྱབ་གི་ གལ་སྲིད་དྲང་མོ་བཤད་ནས་སངས་རྒྱས་ཤྭཀྱ་ཐུབ་པའི་གསུང་དང་འགལ་ན་འཇིག་རྟེན་འདིའི་རྒང་ལ་ དྲང་བདེན་བཤད་ཆོག་པའི་ལམ་ཞིག་ཡོད་དམ
    དབུ་མ་བཞི་རྒྱ་པའི་འགྲེལ་བའི་ནང་འདི་འདྲ་ཞིག་འདུག ལུང་པ་ཞིག་ལ་རྩིས་མཁན་ཞིག་གི་ རྒྱལ་པོ་ལ་ད་ལྟའི་ཉིན་བདུན་པ་ལ་ཆར་ཞིག་འབབ་ དེའི་ཆུ་ཁ་སོང་ཚད་སྨྱོ་པར་འགྱུར་རོ་ རྒྱལ་པོས་དེ་ཐོས་ནས་རང་གི་ཆུ་བཏུང་བའི་ཁྲོན་པའི་པ་གཡོགས་ནས་ཆུ་ནང་དུ་མི་འཆོར་བ་བྱས་ འབངས་རྣམས་ཀྱིས་དེ་མ་ནུས་པས་ཐམས་ཅད་ཀྱི་ཁ་ལ་ཆུ་སོང་ནས་ཀུན་ཀྱང་སྨྱོན་པར་གྱུར་ རྒྱལ་པོ་དེ་མ་སྨྱོན་ན་ཡང་ འབངས་རྣམས་ཀྱིས་ རྒྱལ་པོ་སྨྱོ་ཡོད་གི་ཞེས་བྲིལ་སྒྲོགས་པ་རེད།།

    Reply
  36. བསྟན་འཇམ says:
    ལོ་ 15 སྔོན།

    རྒྱ་མིའི་སོ་བ། རྒྱ་མིའི་སོ་བ། རྒྱ་མིའི་སོ་བ། རྒྱ་མིའི་སོ་བ། རྒྱ་མིའི་སོ་བ། ཁྱེད་ཀྱི་མིང་བྱང་འདི་བེད་སྤྱོད་བྱེད་དགོས་དོན་ཅི་ཡིན་མིང་གཞན་ཞིག་འབྲི་མ་ཤེས་རེད་དམ། བསམ་གཟས་ནས་བོད་མིའི་སེམས་ལ་གྲི་གཙག་བྱེད་འདོན་སྐྱེས་ནི་ཨེ་ཡིན ། དེ་ལྟར་མིན་ན་ཐུགས་རྗེ་གཟིགས་མིང་འདི་རྗེ་སྤོར་བྱེད་རོགས ། མིང་འདི་མཐོང་ཙམ་ནས་སེམས་ལ་རང་ཤུགས་ཀྱིས་སྔངས་སྐྲག་ཞིགསྐྱེ་་ཡོང་ཀྱིན་འདུག མིང་འདི་རྗེ་རོགས་མཁྱེན

    Reply
  37. བསྟན་འཇམ says:
    ལོ་ 15 སྔོན།

    རྩོམ་ཡིག་འདི་བསེད་བཀྲོལ་གཏོང་རྒྱུ་ཤིན་དུ་གལ་ཆེ་བླ་མ་གཙུག་ཏུ་བཀུར་ས་ན་མང་གཙོ་མེད་ཞེས་ཚིག་ཐག་ཚིག་གིས་བཅད་འདུག་དེ་དགོངས་ཚུལ་ཅི་འདྲ་ཞིག་འགྲེལ་ཡང་ཕྱོགས་གཅིག་ནས་གནད་ལ་ཕོག་སྲིད་ལ་ཕྱོགས་གཅིག་ནས་དོ་ཕོག་ཡང་འབྱུང་སྲིད ། གང་ལྟར་བླ་མ་ལ་དད་འདུན་ཆེ་ས་མང་གཙོ་མེད་ན་་བཙན་བྱོལ་གཞུང་ལ་མང་གཙོ་དེབས་ཀྱང་ཡོད་མི་སྲིད ། བཙན་བྱོལ་བོད་འདི་༧་གོང་ས་མཆོག་གིས་མང་གཙོ་ལམ་དུ་བསྐྱོད་དུ་བཅུག་པ་ཡང་དེ་སྐྱག་རྫུན་རེད ། དོན་གྱིས་སུ་ཞིག་ལ་ཁ་འཕངས་ནས་བཤད་ཀྱིན་ཡོད་པ་ཚང་མིས་ཤེས་རྒྱུ་གལ་ཆེ །

    Reply
  38. རྒྱ་མིའི་སོ་བ། says:
    ལོ་ 15 སྔོན།

    དྲྭ་གྲོགས་བློ་བཟང་ལགས། lobsngk ཁྱེད་ཀྱིས། ༼བླ་མ་ཚོའི་མདུན་ནས་མི་ཞིག་སྒལ་ཚིགས་བསྲིངས་ནས་ཡར་ལངས་ན་ནག་ཉེས་སུ་བརྩི།༽ ཟེར་བ་འདི་ངས་བལྟས་ན་དུས་བབ་གདུན་ངོས་ཀྱི་པར་རིས་ནང་གོང་མཆོག་གི་གཡོན་ཟུར་ན་སྤྱི་འཐུསཚོགས་གཙོ་་རྒུར་རྒུར་བྱས་ནས་ལངས་འདུག་པ་དེ་ལ་ཟེར་གྱི་ཡོད་དམ་སྙམ།

    Reply
  39. རྒྱ་མིའི་སོ་བ། says:
    ལོ་ 15 སྔོན།

    གནས་ཚང་ལགས། ཁྱོད་ཀྱིས་༼ཡེ་ཤེས་དབྱིངས་དཔྱད་སོགས་ཀྱི་འགྲམ་ལྕག་ཀྱང་ཡིན་པས།༽ ཞེས་པའི་དོན་འདི་ཅི་ཞིག་རེད། ཉེ་ཆར་ཟམ་གདོང་བླ་མས་་་་༸གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་་་ཟེར་བའི་ཐ་སྙད་མང་པོ་ཞིག་བེད་སྤྱོད་གཏོང་གིན་འདུག དེ་ལ་འགྲམ་ལྕག་ཡིན་ཟེར་གྱི་ཨེ་རེད། དེ་ལྟར་ཡིན་ན་བླ་མས་ཡེ་ཤེས་དབྱིངས་དཔྱད་ཤུགས་ཆེ་ས་ན་དམངས་གཙོ་མེད་ཟེར་དུས་དོན་ངོ་མ་རྒྱལ་རིན་པོ་ཆེ་ལ་དགག་ཚིག་མ་རེད་དམ། ??????????????????????????????????????????

    Reply
  40. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    གནས་ཚང་གིས་བཤད་པ་ལྟར་ན་ལྷམ་ཀོག་དགེ་འདུན་པའི་མིང་ཅན་ཞིག་ཡིན་པ་འདྲ། དེ་ལྟར་ན་ཁོ་རང་ནང་ཆོས་ཉམས་ལེན་མ་ནུས་ཞིང་དགོན་ཁྲིམས་དང་འདུལ་ཁྲིམས་ལ་བརྩི་སྲུང་མ་ཐུབ་ཅིང་དེ་དག་ལ་སྤྲོ་བ་མེད་པར་ཨུ་ཚུགས་ཀྱིས་སྐྱ་མིན་སེར་མིན་གྱི་འཚོ་བ་རོལ་བཞིན་པ་འདྲ། རང་ཉིད་ཀྱིས་མ་འཇོན་པའི་ངན་ཁག་གཞན་ལ་བཤད་ཀྱི་ཡོད་པ་འདྲ། དེ་འདྲའི་རིགས་ང་ཚོའི་སྤྱི་ཚོགས་ལ་མི་ཉུང་བ་ཞིག་ཡོད། བྱ་སྤྱོད་དེ་ནི་ཧ་ཅང་ཐབས་སྡུག་རེད།  རང་ཉིད་ཀྱིས་མ་འཇོན་པའི་ངན་སྐྱོན་རང་ཉིད་ཀྱིས་འགན་ཁུར་དགོས་པ་ལས་སྤྱི་ཚོགས་དང་མི་བུ་གཞན་ལ་ངན་ཁག་འགེལ་བ་ནི་འཆམ་མཐུན་དང་ཞི་བདེ་བརླག་བྱེད་ཀྱི་ལག་ཆ་རེད། ད་དུང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོག་རྐྱེན་གཙོ་བོ་རེད། དེས་ན་དེ་འདྲའི་རིགས་ལ་རང་གཞན་ཀུན་གྱིས་ཐུགས་སྣང་བྱེད་རྒྱུ་ནི་གལ་ཆེ།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese