མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཅེས་འོས་པའི་བུ་ཕྲུག་དང་བཀུར་འོས་པའི་ཡབ་ཆེན། ཆབ་བྲག་ལྷ་མོ་སྐྱབས།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༠
Share on FacebookShare on TwitterShare on EmailShare on Whatsapp

 

སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས།

ཕྲན་གྱི་གླེང་སློང་སྔོན་མ་དང་འབྲེལ་བའི་དྲ་གྲོགས་ཚོའི་བསམ་ཚུལ་སྤྱི་ཡོངས་ལ་ཕུལ་བ།

    ང་ཆུང་དུས། སློབ་དེབ་སོགས་སུ་མའོ་ཀྲུ་ཞི་དང་གུང་ཁྲན་ཏང་གི་བུ་ཕྲུག གསར་བརྗེའི་བུ་སྤུན་དམག་མི་ཟེར་བ་སོགས་མཐོང་མྱོང་ལ། རྗེས་སུ་དཔེ་ཆའི་ནང་ནས་ཀྱང་ཕ་དམ་པ་སངས་རྒྱས་དང། མ་ཅིག་ལབ་སྒྲོན། རྒྱལ་བ་ཡབ་སྲས་ཟེར་བ་དག་ཀྱང་མཇལ་མྱོང། དེ་དག་གི་ནང་དོན་ནི་ཤ་ཁྲག་རུས་པའི་འབྲེལ་བ་ཅན་གྱི་ཕ་དང་བུའི་གོ་དོན་མིན་པར་དྲིན་གཟོ་དང་མཛའ་བརྩེའི་འདུ་ཤེས་ཟབ་མོ་ཞིག་གི་ཆེ་བརྗོད་ཡིན་པའང་རིམ་བཞིན་གསལ་རྟོགས་བྱུང། ཡིན་ཡང་སྨྱུག་འཛིན་པ་གང་གིས་ད་དུང་ཡང་ཐ་སྙད་འདིར་གོ་བ་མ་ལོན་པ་སྙིང་རྗེ། དྲིན་ཆེན་ལ་དྲིན་གཟོ་བའི་འདུ་ཤེས་ནང་ཕ་དང་མ་རུ་བཀུར་བ་ནི་ཆེས་བླ་ན་མེད་པའི་བསམ་བློ་ཞིག་མ་ཡིན་ནམ།

    འདི་ལྟར་ཁོང་ཉིད་ཀྱི་དྲིན་གཟོའི་འདུ་ཤེས་ཀྱི་ཐད་ནས་བཤད་ན། ཁོང་ནི་རྒྱ་གར་བའི་བུ་ཕྲུག་ཞིག་ཡིན་པར་མ་ཟད་འཛམ་གླིང་གི་བུ་ཕྲུག་ཅིག་ཏུའང་འགྱུར་གྱིན་ཡོད། འོན་ཀྱང་ང་ཚོའི་བརྩི་མཐོང་གི་ངོས་ནས་བལྟས་ན། ཁོང་ནི་འཛམ་གླིང་གི་ཡབ་ཆེན་ཞིག་ཏུའང་སྣང་བར་འགྱུར། འཛམ་གླིང་ན་ཞི་བདེའི་དེད་དཔོན་ཉུང་ཤས་ལས་མེད། དེ་བས་ཀྱང་བྱང་ཆུབ་སེམས་དཔའ་དཀོན། བོད་ཀྱི་བུ་ཕྲུག་ལྷ་མོ་དོན་གྲུབ་ཁོང་རྒྱ་ནག་གིས་བུ་ཕྲུག་ཅིག་ཏུ་གསོ་སྐྱོང་བྱ་འདུན་ཆེ་ཡང་མ་ཐུབ་པ་རེད། དེ་ལས་ལྡོག་ནས་རྒྱ་གར་དང་འཛམ་གླིང་གི་བུ་ཕྲུག་ཏུ་གྱུར་བར་མ་ཟད། ཕྱིར་འཁོར་ནས་རྒྱ་དཀར་ནག་དང་བཅས་པའི་འཛམ་གླིང་གི་ཡབ་ཆེན་དུ་འགྱུར་གྱིན་འདུག འདི་ནི་ཅི་འདྲའི་བསམ་ཡུལ་ལས་འདས་པ་ཞིག་རེད་ཨང། ཁོང་འདི་ལྟར་ཆེས་བྱམས་ཤིང་ཆེས་བཀུར་འོས་པ། ཆེས་ནུས་པ་ཅན་གྱི་དྲང་ཞིང་སྦོམ་པའི་མིའི་རིགས་ཀྱི་སྲོག་ཤིང་ཞིག་ཏུ་འགྱུར་གྱིན་འདུག

    འོན་ཀྱང་རྒྱ་ནག་གུང་ཁྲན་ཏང་གི་དར་དམར་གྱིས་མིག་ཟུང་བཀབ་པ་ཚོའི་མིག་ལམ་དུ་དཀར་ནག་གོ་ལྡོག་གི་སྣང་ཚུལ་འབྱུང་བར་ཡ་མཚན་ཅི་ཡང་མེད། གལ་ཏེ་ཏཱ་ལའི་བླ་མས་ཁ་ཞེ་གཉིས་མེད་ཀྱིས་འཚེ་མེད་ཞི་བའི་ཕྱག་ལས་ཤིག་གནང་མེད་ན་འཛམ་གླིང་ཞི་བདེའི་དེད་དཔོན་གྱི་མཚན་སྙན་བཞེས་པ་ཙམ་མ་ཡིན་པར་མུ་མཐུད་དེ་དད་ཅིང་བཀུར་བའི་ཆེ་མཐོང་གི་རྒྱལ་མཚན་འདི་མཐོ་ནས་མཐོ་རུ་ཇི་ལྟར་སྐྱོད་ཐུབ། འོན་ཀྱང་ཁོང་གི་གསོས་ཕྲུག་དག་གི་ནང་ན་ཁོང་ལ་དད་བཀུར་བྱེད་ཚུལ་མི་ཤེས་པ་དང་ཁོང་ཉིད་ཟླ་བ་མར་ངོ་ལྟར་ཕྲ་བར་འགྱུར་བཞིན་པའི་བྱིས་པའི་མཐོང་སྣང་ཞིག་དངོས་ཤུགས་རྒྱུད་གསུམ་ནས་འོང་བཞིན་པ་འདི་དག་རིམ་བཞིན་ཇེ་ཆེར་མཆེད་ན་དེ་ནི་བོད་དོན་ཐད་ནས་ཆེས་ཉེན་ཁ་ཞིག་རེད།

    ཁོང་ཉིད་རང་གི་ཚེ་འདི་ཕྱིའི་སྐྱབས་མགོན་ཉག་གཅིག་ཏུ་ཡིད་ཆེས་མཁན་ཚོས། ཅི་ཡང་མི་ཤེས་ཅི་ཡང་མི་འཇོན་རུང་ཁོང་གི་ཞབས་རྗེས་ལ་སྙེགས་པ་ཙམ་གྱིས་ཀྱང་ཁ་ཕྱོགས་ནོར་མེད་ལ། གནོད་པ་བསྐྱལ་མེད།

    ཡང། ནང་རིག་སྨྲ་བ་ཚོའི་རྩོད་པ་བྱེད་ཚུལ་ལ། ལུང་རིགས་དཔེ་གསུམ་ཚང་བའི་ལམ་ནས་རྩོད་པ་བྱེད་པ་དེ་གཏིང་ཟབ་ཤོས། ཁ་གསལ་ཤོས། ཡང་དག་ཤོས་ཆགས་ཀྱིན་ཡོད་པ་བཞིན། བོད་ཀྱི་རང་བཙན་དང་དབུ་མའི་ལམ་གྱི་ལྟ་བ་གླེང་ནའང་རྩོད་ཚུལ་དེ་ཆེས་ཡག་ཤོས་རེད། ཏཱ་ལའི་བླ་མ་ཆུང་དུས་དོལ་རྒྱལ་བསྟེན་དགོས་བྱུང་བ་ནས་རིམ་བཞིན་མཚམས་འཇོག་གནང་དགོས་པ་དང། དེ་ཡང་རང་ངོས་ནས་མཚམས་བཞག་པ་ཙམ་གྱིས་མི་ཆོག་པར་སྤྱི་ཡོངས་ནས་མཚམས་འཇོག་དགོས་ཚུལ་གྱི་ལམ་སྟོན་རིམ་པར་གནངས། དེ་བཞིན་ཐོག་མར་སྐྱབས་བཅོལ་ལ་ཕེབས་དུས་བོད་རང་བཙན་དང་དེ་ནས་རིམ་པས་འགྱུར་བ་ཇི་ལྟར་བཏང་ཚུལ། ད་ལྟ་ཡོངས་ཁྱབ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཞིབ་ཚགས་བཅས་ཡོད་པས། བཙན་བྱོལ་བོད་པ་ཚོའི་ནང་ན་མ་གོ་མ་མཐོང་མི་ཤེས་པའི་ཚུལ་ཞིག་མེད་ན་ཆོག་མོད། ད་དུང་ཡོད་པ་འདྲ། གལ་ཏེ་ཡོད་ན་དེ་དག་ལ་སློབ་སྦྱོང་བྱས་ན་བཟང། དེ་ནས་སྤྱི་ཡོངས་ནས་མི་འགྲིགས་པའམ་བྱེ་བྲག་གི་ནོར་སྐྱོན་ཅི་ཡོད་སོགས་གླེང་སློང་བྱེད་འོས། གལ་ཏེ་ཁས་ལེན་མི་ཐུབ་པའམ་རྦད་དེ་ནོར་འཁྲུལ་ཞིག་ཏུ་མཐོང་ན། ཐད་ཀར་ཏཱ་ལའི་བླ་མ་ལའང་དོགས་སློང་དང་སྙན་ཞུ་འབུལ་རྒྱུ་དེ་དམངས་གཙོའི་ཐོབ་ཐང་དང་འོས་འགན་ཡིན་པ་ལས། རང་ཕྱོགས་ལ་ལམ་སྟོན་པ་ཆེན་པོ་དང་མཁས་པའི་ལུང་འདྲེན་བྱ་རྒྱུ་མེད་པས་ཕར་ཕྱོགས་ལ་ཏཱ་ལའི་བླ་མ་རྒྱབ་ལ་ཁུར་ནས་སྐད་ཆ་མ་ཤོད་ཟེར་བ་དེ་ལ་སྙིང་བོ་ཅི་ཡོད།
   
ང་ཏཱ་ལའི་བླ་མའི་རིང་ལུགས་འཛིན་མཁན་ཞིག་ཡིན་པས་ཆ་ནས་ངས་ནམ་ཡང་ཁོང་གི་གསུང་ལུང་འདྲེན་བྱ་ངེས་ཡིན། དེ་ངའི་ཐོབ་ཐང་དང་ངའི་འོས་འགན་ཞིག་ཀྱང་རེད། ལ་ལས་འདི་དད་པའི་རྗེས་འབྲང་བ་ཙམ་དུ་མཐོང་ན་ཡང། ང་རང་ངོས་ནས་རིགས་པ་དང་དད་པ་གཉི་གའི་རྗེས་འབྲང་བ་ཞིག་ཡིན་བསམས་ཡོད།

    བོད་རྒྱ་འབྲེལ་མོལ་མང་པོ་བྱས་སོང་ཕན་ཐོགས་གང་ཡང་མ་བྱུང་ཟེར་ན། ༡༩༥༩ ལོ་ནས་ ༡༩༧༩ བར་ལོ་ཉི་ཤུ་ལ་རང་བཙན་བརྩད་དེ་ཕན་ཐོགས་ཅི་བྱུང་སོང། དེའི་སྔོན་ལ་རྒྱ་ཁོངས་ལ་ལོ་དགུར་བསྡད་དུས་ཀྱང་གནོད་ལས་ཕན་ཐོགས་བྱུང་མེད་པས། ད་འོ་ན་ལམ་གང་ལ་འགྲོ་དགོས་པ་རེད། རྒྱ་གཞུང་གིས་ངོས་ལེན་བྱེད་འདོད་མེད་པས་ང་ཚོའི་མུ་མཐུད་རེ་བ་བྱེད་པ་དོན་མེད་དང་ནོར་འཁྲུལ་ཡིན་ན། ཚང་མ་ཡིན་ཁྱབ་མཉམ་རེད། ཕྱིར་འཁོར་ནས་རང་བཙན་རྩོད་དགོས་དོན་ཅི།

    མཇུག་བསྡུའི་རེ་བ་ནི། གང་ཟག་སྒེར་ངོས་ནས་ཏཱ་ལའི་བླ་མར་མཐོང་སྣང་འདྲ་མིན་དང་དད་མོས་བྱེད་མིན་དེ་རང་དབང་རེད། འོན་ཀྱང་ད་ལྟའི་བོད་སྤྱི་དོན་གྱི་འགན་འཁུར་རོགས་བྱེད་མཁན་ཞིག་ཡིན་ན་ཁོང་ལ་གཡས་སྐྱོར་གཡོན་འདེགས་རེ་བྱེད་མ་ཐུབ་ན་ཡང་། རྒྱབ་འཐེན་མདུན་འགོག་རེ་མ་བྱེད་རོགས། དེ་ལས་རང་གི་མི་ཚེ་ཡག་པོ་ཞིག་སྐྱེལ་བསྡད་ན་དེ་བཟང་ཞེས་སེམས་གཏིང་ནས་ཞུ་བ་འཐེན་གྱིན་ཡོད།

གངས་ཅན་བོད་ཀྱི་བསམ་དོན་མ་ལུས་པ། གངས་ཅན་མགོན་པོར་བཅོལ་བའི་ཚུལ་བསམས་ནས།
ལྷ་མོ་སྐྱབས་ཀྱི་ལུས་ངག་ཡིད་གསུམ་ཡང། ལྷ་མོ་དོན་གྲུབ་དོན་བྱ་འགྲུབ་སླད་འབུལ།།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 13

  1. གནས་ཚང་། says:
    ལོ་ 16 སྔོན།

    ༼བོད་རྒྱ་འབྲེལ་མོལ་མང་པོ་བྱས་སོང་ཕན་ཐོགས་གང་ཡང་མ་བྱུང་ཟེར་ན། ༡༩༥༩ ལོ་ནས་ ༡༩༧༩ བར་ལོ་ཉི་ཤུ་ལ་རང་བཙན་བརྩད་དེ་ཕན་ཐོགས་ཅི་བྱུང་སོང། ༽ ལན། མཉམ་འབྲེལ་རྒྱལ་ཚོགས་ནང་སྔ་རྗེས་སུ་གྲོས་ཆོད་གསུམ་འཇོག་ཐུབ་ཡོད།

    ༼རྒྱ་གཞུང་གིས་ངོས་ལེན་བྱེད་འདོད་མེད་པས་ང་ཚོའི་མུ་མཐུད་རེ་བ་བྱེད་པ་དོན་མེད་དང་ནོར་འཁྲུལ་ཡིན་ན། ཚང་མ་ཡིན་ཁྱབ་མཉམ་རེད། ཕྱིར་འཁོར་ནས་རང་བཙན་རྩོད་དགོས་དོན་ཅི། ༽ ལན། སྲིད་དོན་ནི་དགོས་དབང་ལྟར་འགྱུར་བཞིན་པ་ཞིག་ཡིན་པས། གནས་བབས་མུ་མཐུད་དུ་སྲུང་འཛིན་གནང་ཐུབ་པ་ཡིན་ན། ལོ་རྒྱུས་ཀྱི་གོ་སྐབས་ཡོང་སྐབས་། ད་གཟོད་ཡོད་ཚད་སླར་གསོ་བྱེད་ཐུབ་པའི་རེ་བ་ཡོད། དེ་ལས་ལྡོག་ན། ༼སྡོམ་པ་དང་རི་བོང་མཉམ་ཤོར༽ཆགས་ཟིན་པ་ལོ་རྒྱུས་ཀྱིས་ལན་རྒྱག་ངེས་ཡིན།

    Reply
  2. འབའ་སྲས། says:
    ལོ་ 16 སྔོན།

    གཡང་ལགས། ངས་ལྷ་མོ་སྐྱབས་ཀྱི་རྩོམ་དང་ཁྱོད་ཀྱི་མཆན་གཉིས་ཀ་བཀླགས་ཟིན། ངས་ལྷ་མོ་སྐྱབས་ཀྱི་རྩོམ་ཡིག་གི་དགོངས་དོན་མ་རྟོགས་ཡིན་ནམ་ཁྱོད་ཀྱི་མཆན་ཡིག་གི་དོན་མ་རྟོགས་ཡིན། གང་ལྟར་ངས་བཤད་འདོད་པ་ནི་འདི་ལྟར།

    སྤྱིར་ན་མགོ་ནག་བོད་པ་ཚང་།།
    ལས་ངན་ནང་གི་ཡང་ངན་ཏེ།།
    གང་ཞིག་སྒྲུབ་པ་ཕན་འགྱུར་བ།།
    གནོད་པར་དོགས་ནས་ཀུ་ཅོ་སྒྲོག །

    གངས་དཀར་རི་བོའི་རྩེ་མོ་ཡང་།།
    བཅད་དེ་རྒྱ་མཚོའི་གཏིང་རིང་དུ།།
    འཕེན་མཁན་ལག་དམར་དགྲ་བོ་ཡང་།།
    རང་ལ་ཡོད་ཅེས་སྔར་ནས་ཐོས།།

    རིགས་པ་དང་ནི་དད་པ་ཡིས།།
    གཡོ་མེད་རྒྱལ་བའི་རྗེས་འབྲང་རྣམས།།
    དགོངས་པ་ལས་འདས་རིང་གྱུར་ན།།
    དེ་ལས་ལྡོག་རྣམས་གང་དུ་སླེབས།།

    ད་ལྟའི་སྤྱི་དོན་སྒྲུབ་པ་ལ།།
    གཡས་སྐྱོར་གཡོན་འདེགས་དགོས་པ་ལས།།
    རྒྱབ་འཐེན་མདུན་འགོག་མ་བྱེད་ཅེས།།
    གདམས་པའི་གཏམ་འདི་ཤིན་ཏུ་སྨན།།

    རང་ལ་གནོད་པར་མི་འགྱུར་ཞིང་།།
    སུ་ཞིག་གོང་དུ་འགྲོ་བའི་ལམ།།
    ཤེལ་ཆག་ཚེར་མའི་གདན་འདིང་པ།།
    སྔར་ཡང་མཆིས་ལ་ད་ཡང་ཡོད།།

    ཁྱོད་ནི་ཤེལ་ཆག་ཚེར་མ་ཞེས།།
    གདོང་ལ་མཛུབ་མོ་བཙུགས་མིན་ཡང་།།
    བདེན་པའི་ལན་དུ་བདེན་པ་ཞེས།།
    བརྗོད་པ་དེ་ཉིད་ལུགས་སུ་མཐོང་།།

    རང་བཙན་གཙང་མ་རྩོད་མཁན་ལ།།
    ཁ་བཏང་དགྲ་བོ་ཡིན་ནོ་ཞེས།།
    བརྗོད་པ་མེད་ཀྱང་བརྗོད་འདུག་ཅེས།།
    ཁྱོད་ཀྱིས་བཤད་འདི་ལོག་པའི་གཏམ།།

    མང་གཙོ་ལམ་ལུགས་དར་བ་དང་།།
    སྨྲ་བརྗོད་རང་དབང་ཡིན་མོད་ཀྱང་།།
    མིན་པ་ཡིན་པར་བརྗོད་པའི་ལུགས།།
    བླུན་པའི་གཏམ་གྱི་མཁས་པའི་མིན།།

    Reply
  3. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    བཀུར་འོས་རྒན་ལྷ་མོ་སྐྱབས་ཀྱིས་ཐེངས་སྔ་ཕྱི་གཉིས་ལ་ཟིན་བྲིས་ལེགས་པོ་སྤེལ་བ་ཀློག་ནས་དགའ་ཡོད། འདི་ལྟར་རྩོམ་པ་པོ་རྒན་རབས་པ་དང་ཤེས་ཡོན་ཅན་དག་གིས་འགན་ཁུར་རང་བཞིན་ཅན་གྱི་རྩོམ་ཡིག་སྤེལ་ན། ད་བཟོད་བོད་ཀྱི་དྲ་བའི་རིག་གནས་འདི་ལ་ཡང་གསོན་ཤུགས་ཤིག་མངོན་ཐུབ་ངེས་རེད། དེ་མིན་དོན་མེད་རྩོད་རྙོག་གླེང་སའི་ཚད་ཤིང་དུ་བཞག་ན་རིན་ཐང་མེད་ལ། དུས་ཚོད་འཕྲོ་བརླག་ལས་ཅི་ཡོད། ཁང་གསར་རྡོ་རྗེ་དང་རྒན་ལྷ་མོ་སྐྱབས། བསྟན་འཛིན་ཕན་བདེ་སོགས་ཀྱིས་གླེང་མོལ་འདི་གནད་འགག་ཆེ་བར་མཐཽང་ངོ་།།

    Reply
  4. གཡང་ལགས། says:
    ལོ་ 16 སྔོན།

    ཁ་ནས་དད་ཙམ་དད་པ་མ་ཡིན་ན། །
    ཚིག་ནས་དད་ཙམ་དད་པ་ག་ལ་ཡིན། །
    རང་སྐྱོན་དད་པས་འགེབས་པའི་ཐབས་མེད་ན། །
    གཞན་སྐྱོན་དད་པས་རྒོལ་ཀྱང་ག་ལ་འཁྱོངས། །

    ཕྱག་ན་པད་མོའི་མཛད་འཕྲིན་ཟླ་བའི་མར། །
    ལག་ལེན་ཡན་ལག་བརྒྱད་ལྡན་ཆབ་མེད་པར། །
    ངོ་སོ་ལུང་སྟོང་བྲག་སྐད་འཐེན་འདྲ་བས། །
    ཅི་ཡང་མི་ཕན་ཚུལ་འདི་ཤེས་ན་ལེགས། །

    Reply
  5. གཡང་ལགས། says:
    ལོ་ 16 སྔོན།

    ལྷ་མོ་སྐྱབས་ཀྱི་བསམ་ཚུལ་དུ་བཀོད་པའི་རྩོམ་གཉིས་ཀ་བལྟས་པ་ཡིན། དོན་རྡོག་ཏུ་བསྒྲིལ་ན། རང་བཙན་རྩོད་མཁན་གྱིས་རང་སྐྱོང་གཙང་མར་གཞོལ་མཁན་ལ་གནོད་པ་བསྐྱལ་བ་དང་། ༸གོང་ས་མཆོག་གི་ཐུགས་དགོངས་ལ་མི་བརྩི་བས་བུ་ཕྲུག་དྲིན་ལན་ལོག་འཇལ་བྱེད་མཁན་ཞིག་ལ་གསུངས་འདུག དོན་མཐར་གཏུགས་ན་བོད་མི་རིགས་ངོས་ནས་བཤད་ན། ཁེ་ཕན་ཆེ་ཤོས་ནི་རང་བཙན་ཡིན་པ་དང་། དེ་ནས་རང་སྐྱོང་གཙང་མ། དེ་ནས་མིང་དོན་མཚུངས་པའི་རང་སྐྱོང་རེད། དེ་དག་ཕན་ཚུན་གཅིག་ཕན་གཅིག་རོགས་དང་། གཅིག་སྐུལ་གཅིག་འདེད་ཡིན་པ་ལས་གདུང་རྩེ་ཁ་སྤྲོད། གཅིག་ཡོད་ན་གཅིག་གནས་ཐབས་མེད་པ་ཞིག་མ་རེད། བྱས་ཙང་ཁྱེད་རང་༸གོང་ས་མཆོག་གི་ན་བཟའི་འོག་ཏུ་གབ་ནས་རང་བཙན་རྩོད་མཁན་ཚོ་རྒྱ་གཞུང་ལས་ལྷག་པའི་དགྲ་བོ་ཞིག་ཡིན་པར་ཁ་བཏང་བ་དེས། ཁྱེད་རང་ནི་སྲིད་དོན་ལ་ཐུགས་རྒྱུས་མེད་པའི་ཛོར་རྟགས་མངོན་གྱི་འདུག གཞན་ཡང་༸གོང་ས་མཆོག་གི་ན་བཟའི་འོག་ཏུ་གབ་ནས་གཏམ་འཐེན་པ་དེ་ནི་བྱ་ངན་རང་གིས་བརྩམས་ནས་འགན་ཁག་༸གོང་ས་མཆོག་ལ་དཀྲིས་ནས་༸གོང་ས་མཆོག་ལ་ལྷད་སྦྱོར་བའི་བྱབ་ཆུང་བ་ཞིག་ལས་མ་མཐོང་ལ། ཁྱེད་རང་གིས་གཏམ་གང་ཙམ་མང་བ་བཤད་ན་དེ་ཙམ་གྱིས་༸གོང་ས་མཆོག་གི་དགོངས་པ་དང་ཁྱེད་རང་ཐག་ཇེ་རིང་དུ་འགྲོ་བཞིན་འདུག མུ་མཐུད་གསུང་གནང་།

    Reply
  6. འབའ་སྲས། says:
    ལོ་ 16 སྔོན།

    ཆབ་བྲག་ལེགས་སོ་ཟེར་ནས་ངོ་མི་བསྟོད།།
    ཐེངས་གཅིག་བཀླགས་པ་ཡིན་ཞེས་བརྡ་མི་གཏོང་།།
    བཤད་པ་གང་ཞིག་སྒྲུབ་པའི་ཆོད་སེམས་དང་།།
    རྒྱལ་བའི་རྗེས་འབྲང་ཁོ་ནར་བྱེད་འདི་རྨད།།

    Reply
  7. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    རྒན་ལྷ་མོ་ལགས་འདི་བཞིན་མང་ཙམ་བྲིས་རོགས་ཞུ།།

    Reply
  8. བློ་བཟང་། says:
    ལོ་ 16 སྔོན།

    རེད་ཡ། ཡར་དཔེ་གོང་ས་མཆོག་ལ་མ་ལྟ་ན་གཞན་པ་སུ་ལ་བལྟ་དགོས་སམ། ཡང་མིན་ན་རྒྱ་ནག་དམར་པོའི་སྲིད་གཞུང་ལ་བལྟ་དགོས་སམ། བོད་མི་ཞིག་ཡིན་ནས་བཟུང་བྱ་བ་གང་བྱས་ཀྱང་གོང་ས་མཆོག་ལ་ཡར་དཔེ་བལྟ་ནས་བྱ་ཐུབ་ན། ད་གཟོད་བོད་མིའི་ཡ་རབས་སྤྱོད་བཟང་དེ་ཉིད་རང་བྱུང་གིས་བརྒྱུད་ལ་སླེབས་ཡོང་།

    Reply
  9. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    རྒན་ལྷ་མོ་ལགས། སྐུ་ཉིད་ཀྱི་ཟིན་བྲིས་ཀློག་ནས་བུད་སོང་ང་།

    Reply
  10. ཐོས་དགའ། says:
    ལོ་ 16 སྔོན།

    ཆབ་བྲག་ལགས། ལེགས་སོ་ལེགས་སོ། དེ་དེ་བཞིན་ནོ།

    Reply
  11. བདེན་པའི་གཅེར་བུ་མ། says:
    ལོ་ 16 སྔོན།

    དྲ་འབུ་འགའི་རྩོད་པ་ནི་ལོང་བས་ཉ་འཛིན་པ་ཞེས་པ་དང་མཐུན།
    སྔོན་དགྱ་ནག་གི་གཏམ་རྒྱུད་ཅིག་ཏུ་ལོང་བས་ཉ་འཛིན་པ་ཞེས་པའི་སྐད་ཆ་བསོར་མོ་ཞིག་འདུག དེ་ཅི་ལྟར་ཡིན་ནམ་སྙམ་ན། གནས་ལུགས་ལ་རྨོངས་པའི་མི་རེ་འགས་དོན་གྱི་གནད་དང་མཐིལ་དེ་ལ་རེག་མ་ཐུབ་པར་འོལ་ཚོད་ཀྱིས་མི་གཞན་ལ་ཅ་འབྱིད་པའི་ངང་ཚུལ་ཞིག་དང་མཐུན་པོ་འདུག དཔེར་ན་དེང་གི་དུས་བབ་དྲ་བའི་སྟེང་ནས་དཔྱད་གཏམ་སྤེལ་བར་དགའ་ཡང་དཔྱོད་པའི་བློ་མིག་རྟུལ་བ་དག་དང་གོས་ཀྱི་ཕྱི་ནང་སྤྲད་པ་ལྟར་འཕྲོད་གིན་འདུག སྔོན་ཆད་ཅིག་ལ་མི་གཉིས་ཀྱིས་ཁྲོ་ཡི་ནང་དུ་ཉ་གཅིག་བཙོས་ནས་ཟ་རྩིས་བྱེད་དུས་གཉིས་ཀས་ཁྲོ་ནང་ནས་ཉ་ལེན་པར་ཕྱིན་ཡང་སུ་ཞིག་ལ་འང་མ་རག་པ་རེད། དེ་ནས་ཁོ་གཉིས་གཅིག་གིས་གཅིག་ལ་ཁྱོད་ཀྱིས་ཉ་བླངས་ནས་ཟས་པ་རེད་ཅེས་འཁང་ར་བྱས་ནས་ཁ་རྩོད་རྫོགས་རྒྱུ་མེད་པར་བསྡད་པའི་སྐབས་སུ་ཁྱིམ་མཚེས་ཀྱི་མིས་ཧ་གོ་ནས་ཚུར་ཡོངས་ཏེ་བལྟས་པ་དང་ལམ་སང་། ཁྱོད་གཉིས་ཀྱིས་ཁ་རྩོད་མ་བརྒྱགས་ཉ་དེ་ཐབ་ཀའི་སྟེང་ན་རང་སོར་བཞག་འདུག་ཅེས་བརྗོད་པ་རེད། མཇུག་མཐར་ལོང་བ་དེ་གཉིས་རང་བཞིན་གྱིས་འགྲིག་འདུག གཏམ་རྒྱུད་འདི་འུ་ཅག་མི་རེ་འགས་རང་རང་གི་ཚིག་གི་སྟེང་འོག་རྩོད་སྟངས་དང་སྦྱར་ན་འོས་སུ་སྣང་མོད། ད་དུང་མཉམ་འཇོག་དགོས་ས་ཞིག་ནི་ལོང་བ་དེ་གཉིས་ལ་མངོན་སུམ་གྱིས་ར་སྤྲད་ན་འཕྲོད་འདུག་མོད། དྲ་འབུ་དག་གི་སྣང་ཚུལ་ལ་བལྟས་ན་མངོན་སུམ་གྱིས་ར་འཕྲོད་དཀའ་བ་དེ་རེད། གཞན་དེ་བསུབ་པ་འམ་ཡང་ན་ཚིག་རེ་འགའ་ཁ་བསྒྱུར་བར་བྱའོ།།

    Reply
  12. བདེན་པའི་གཅེར་བུ་མ། says:
    ལོ་ 16 སྔོན།

    དྲ་འབུ་འགའི་རྩོད་པ་ནི་ལོང་བས་ཉ་འཛིན་པ་ཞེས་པ་དང་མཐུན།
    སྔོན་དགྱ་ནག་གི་གཏམ་རྒྱུད་ཅིག་ཏུ་ལོང་བས་ཉ་འཛིན་པ་ཞེས་པའི་སྐད་ཆ་བསོར་མོ་ཞིག་འདུག དེ་ཅི་ལྟར་ཡིན་ནམ་སྙམ་ན། གནས་ལུགས་ལ་རྨོངས་པའི་མི་རེ་འགས་དོན་གྱི་གནད་དང་མཐིལ་དེ་ལ་རེག་མ་ཐུབ་པར་འོལ་ཚོད་ཀྱིས་མི་གཞན་ལ་ཅ་འབྱིད་པའི་ངང་ཚུལ་ཞིག་དང་མཐུན་པོ་འདུག དཔེར་ན་དེང་གི་ཧི་གཟུགས་དྲ་བའི་སྟེང་ནས་དཔྱད་གཏམ་སྤེལ་བར་དགའ་ཡང་དཔྱོད་པའི་བློ་མིག་རྟུལ་བ་དག་དང་གོས་ཀྱི་ཕྱི་ནང་སྤྲད་པ་ལྟར་འཕྲོད་གིན་འདུག སྔོན་ཆད་ཅིག་ལ་མི་གཉིས་ཀྱིས་ཁྲོ་ཡི་ནང་དུ་ཉ་གཅིག་བཙོས་ནས་ཟ་རྩིས་བྱེད་དུས་གཉིས་ཀས་ཁྲོ་ནང་ནས་ཉ་ལེན་པར་ཕྱིན་ཡང་སུ་ཞིག་ལ་འང་མ་རག་པ་རེད། དེ་ནས་ཁོ་གཉིས་གཅིག་གིས་གཅིག་ལ་ཁྱོད་ཀྱིས་ཉ་བླངས་ནས་ཟས་པ་རེད་ཅེས་འཁང་ར་བྱས་ནས་ཁ་རྩོད་རྫོགས་རྒྱུ་མེད་པར་བསྡད་པའི་སྐབས་སུ་ཁྱིམ་མཚེས་ཀྱི་མིས་ཧ་གོ་ནས་ཚུར་ཡོངས་ཏེ་བལྟས་པ་དང་ལམ་སང་། ཁྱོད་གཉིས་ཀྱིས་ཁ་རྩོད་མ་བརྒྱགས་ཉ་དེ་ཐབ་ཀའི་སྟེང་ན་རང་སོར་བཞག་འདུག་ཅེས་བརྗོད་པ་རེད། མཇུག་མཐར་ལོང་བ་དེ་གཉིས་རང་བཞིན་གྱིས་འགྲིག་འདུག གཏམ་རྒྱུད་འདི་འུ་ཅག་མི་རེ་འགས་ཞོགས་དུང་དང་སེང་རྡོར་གཉིས་ཀྱི་སྟེང་འོག་རྩོད་སྟངས་དང་སྦྱར་ན་འོས་སུ་སྣང་མོད། ད་དུང་མཉམ་འཇོག་དགོས་ས་ཞིག་ནི་ལོང་བ་དེ་གཉིས་ལ་མངོན་སུམ་གྱིས་ར་སྤྲད་ན་འཕྲོད་འདུག་མོད། དྲ་འབུ་དག་གི་སྣང་ཚུལ་ལ་བལྟས་ན་མངོན་སུམ་གྱིས་ར་འཕྲོད་དཀའ་བ་དེ་རེད།

    Reply
  13. བདེན་པའི་གཅེར་བུ་མ། says:
    ལོ་ 16 སྔོན།

    ང་ཁྱོད་ཚོའི་རྩོད་པ་དེ་ལ་འཐད་ཀི་མེད།

    ཁ་སང་དེ་རིང་ཁྱེད་ཅག་གིས་གོང་ས་ཡིད་བཞིན་ནོར་བུ་རྩོམ་གྱི་བརྗོད་བྱ་དང་ཁ་བྱང་ལ་བཞག་ནས་ཚ་ཚ་འུར་འུར་བྱེད་ཀྱིན་འདུག་མོད། ང་དེ་ལ་འཐད་ཀི་གཏན་ནས་མེད། རྒྱུ་མཚན་ཏིལ་ཙམ་ཞིག་ཡོད་དུ་སྲིད་མོད་དགེ་བ་རི་བོ་འདྲ་ཞིག་ལྟག་པར་བཞག་འདུག་པའི་ངང་ཚུལ་བརྗེད་འདུག འདི་ཡང་ནོར་གན་ཡང་ནོར་ཞེས་པའི་ལམ་རྐྱང་བར་ཞུགས་ན་མི་རིགས་ཤིག་གམ་རྒྱལ་ཁབ་ཅིག་ལ་མགོ་གཏད་ས་ཞིག་དང་། གྲོས་མགོ་འདོན་མཁན་ཞིག་གཏན་ནས་མ་དམིགས་ཤིང་ཁ་ཐོར་ཡ་ཐོར་གྱི་གནས་སུ་རང་ཉིད་ཀྱིས་རང་རིགས་བསྐྱལ་བར་ཐེ་མི་ཚོམ། གོང་ས་ཆོག་ནི་མ་མཐའ་མི་རུ་འཛིན་མཁན་དག་ལ་མཚོན་ན་ཡང་མིའི་རྒྱལ་བོ་ཞིག་ཏུ་ངོས་འཛིན་དགོས་ཤིང་། སྐབས་ཀྱི་དམངས་སེམས་གཅིག་བསྡུས་བྱེད་མཁན་གྱི་མི་བོ་ཞིག་ཡིན་པ་འང་ངོས་ཟིན་རྒྱུ་དེ་རེད། སྐྱ་ཟད་སྔོ་རྡུགས་ཀྱི་སྐབས་འདི་ལ་སྐབས་ཀྱི་དགེ་བ་འདོར་རིགས་པ་ཞིག་མ་རེད། སྤྱིར་རིག་གཞུང་རྐྱང་བ་ཞིག་དང་རིག་གནས་རྐྱང་བ་ཞིག་གི་ངོས་ནས་འདང་བརྒྱབས་ན་འཇིག་རྟེན་ན་ཡིད་ཚིམས་པའི་རྒྱལ་ཁབ་ཅིག་དང་རྒྱལ་བོ་ཞིག་ཡོད་པ་མ་རེད། དོན་འདིའི་ངང་ཚུལ་ལ་གཞི་བཅོལ་ནས། འཚོ་བ་ནི་ནམ་ཡང་སྔོ་ཐང་ཐང་། རིག་གཞུང་ནི་ནམ་ཡང་སྐྱ་ཐང་ཐང་ཞེས་པའི་ལེགས་བཤད་འདི་བྱུང་བར་སྙམ་མོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese