མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུལ་ཤུལ་ལ་ཞལ་འདེབས་བསྐྱལ་ཐུབ་རྒྱུར་རེ་བ་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཡུལ་ཤུལ་ས་ཁུལ་ལ་ས་ཡོམ་བརྒྱབ་མ་ཐག བཞུགས་སྒར་ངྷ་རམ་ས་ལར་༼ ༤༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་ ༽ ཞུ་བ་ཞིག་བཙུགས་ཡོད་སྟབས། ཕྱི་ཚེས་ ༢༨ ཉིན་འདི་གའི་གསར་འགོད་པས་ཚོགས་ཆུང་དེའི་མགྲིན་ཚབ་པ་དགེ་འདུན་པ་ཉི་མ་ཚེ་རིང་ལེགས་སུ་བཅར་འདྲི་ཞུས་ཡོད།

 

དྲི་བ། ཕྱི་ཚེས་ ༡༤ ཉིན་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་བྱུང་མ་ཐག བཞུགས་སྒར་ངྷ་རམ་ས་ལར་ཁྱེད་ཅག་གིས་ ༼ ༤༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་ ༽ཞུ་བ་ཞིག་གསར་འཛུགས་བྱས་པའི་སྐོར་ངོ་སྤྲོད་གནོང་དང་།

ལན། ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པ་ང་རང་གིས་མཚོ་སྔོན་བོད་སྐད་བརྙན་འཕྲིན་བརྒྱུད་དེ། ཡུལ་ཤུལ་སྐྱེ་རྒུ་མདོར་ས་ཡོམ་བརྒྱབ་པ་གོ་སོང་། འོན་ཀྱང་དེ་འདྲའི་ཚབས་ཆེན་ཞིག་ཡིན་རྒྱུ་རེད་དྲན་མ་སོང་། ཉིན་དེའི་སྔ་དྲོར་གསར་འགྱུར་བརྒྱུད་ལམ་ཁག་མང་པོ་ཞིག་ནས་སྐྱེ་རྒུ་མདོར་ཡིད་སྐྱོ་བའི་གོད་ཆག་ཆེན་པོ་བྱུང་ཡོད་པ་ཇེ་གསལ་རེད། དེ་ནས་ངས་ཁྱིམ་ལ་ཁ་པར་ཐེངས་མང་པོར་བཏང་ཡང་འགྱོག་མཁན་མི་འདུག སེམས་འཚབ་དང་འཇིགས་སྣང་ཇེ་ཆེ་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔའི་གཙུག་ལག་ཁང་དུ་མཆོད་འབུལ་ཞུས་སོང་། དེ་ནས་ང་ཚོ་སྐྱེ་རྒུ་མདོ་ས་ཁུལ་གྱི་མི་ཁག་ཅིག་འཛོམས་ཏེ། ཅི་དྲག་གང་དྲག་ལ་གྲོས་བསྡུར་བྱས་པ་ཡིན། འགའ་རེ་ཡིས་ཞལ་འདེབས་བསྡུ་དགོས་པ་རེད་ཟེར། ཡང་ལ་ལས་ཚོགས་པ་སྐྱིད་སྡུག་ཅིག་འཛུགས་དགོས་པ་རེད་ཟེར། ཉིན་དེར་ཐག་གཅོད་གང་ཡང་བྱུང་མ་སོང་། ཕྱི་ཚེས་ ༡༧ ཉིན་ཡང་བསྐྱར་ངྷ་རམ་ས་ལ་གཡས་གཡོན་དང་སྦིར། ཅོན་ཏ་ར། རྫོང་གསར་བཤད་གྲྭ་སོགས་སུ་སྐྱེ་རྒུ་མདོ་ས་ཁུལ་གྱི་མི་ ༢༠༠ ལྷག་འདུག ཁོང་ཅག་ལ་བརྡ་བཏང་སྟེ་མི་ ༧༠ ཙམ་འཛོམས་སོང་། ཚོགས་འདུ་དེའི་ཐོག་ནས་༼ ༤་༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་ ༽ འཛུགས་རྒྱུ་ཐག་བཅད་པ་རེད། ཚོགས་ཆུང་འདིར་མི་ ༨ ཡོད། ཚོགས་གཙོ་གཞོན་དང་དྲུང་ཆེ་ཟེར་བ་སོགས་མེད། རྩིས་པ་གཅིག་དང་དངུལ་ཉར་གཉིས། ང་དང་རོགས་པ་གཞན་ཞིག་འབྲེལ་མཐུད་པ་ཡིན། ཚོགས་ཆུང་འདིའི་ལས་ཀ་གཙོ་བོ་ཞལ་འདེབས་བསྡུ་སློང་བྱ་རྒྱུ་དང་། ཤི་བོ་དག་ལ་བསྔོ་སྨོན་མཆོད་འབུལ། དེ་བཞིན། བོད་ནང་ལ་འབྲེལ་བ་བྱས་ཏེ་རྐྱེན་འདས་སུ་སོང་བ་དང་ཤུལ་ལུས་རྨས་མ་དག་གི་གནས་ཚུལ་རྒྱུས་ལོན་བྱ་རྒྱུ་བཅས་ཡིན། ཚོགས་ཆུང་འདི་ཟླ་གཉིས་ཀྱི་རྗེས་ལ་སྒོ་རྒྱག་རྒྱུ་ཐག་གིས་བཅད་ཡོད་པ་རེད།

 

དྲི་བ། སྐྱེ་རྒུ་མདོར་ས་ཡོམ་བརྒྱབ་སྟེ་ད་བར་ཟླ་ཕྱེད་ཅིག་འགྲོ་བཞིན་ཡོད་པ་རེད། ད་ལྟ་གནས་སྟངས་གང་འདྲ་ཆགས་ཡོད་པ་དང་། རྒུད་སྐྱོབ་དང་ཕྱོགས་མཐའ་ཁག་གི་རོགས་སྐྱོར་གྱི་གནས་སྟངས་གང་འདྲ་ཆགས་འདུག་གམ།

ལན། ཉིན་འདི་འགར་ཡུལ་ཤུལ་ལ་འབྲེལ་བ་ཕྲན་བུ་བྱེད་ཐུབ་ཀྱི་འདུག གསར་ལམ་ཁག་དང་ཁ་པར་སོགས་བརྒྱུད་དེ་གནས་ཚུལ་རག་པ་ལྟར་ན། སྐྱེ་རྒུ་མདོ་ཉེ་འཁོར་གྱི་ས་གནས་ཁག་ཅིག་ནང་གོད་ཆག་བྱུང་ཡོད་པ་ད་བར་ཤེས་རྟོགས་བྱུང་མི་འདུག་ལ། རོགས་སྐྱོར་ཡང་འབྱོར་མི་འདུག གོད་ཆག་ཚབས་ཆེ་ཤོས་སྐྱེ་རྒུ་མདོ་རང་རེད། དེ་ནས་བཀྲ་ཤིས་དར་ཐང་བདེ་བ་དང་སྐྱེ་རྒུ་དགོན་པ། ཁྲ་འགུ་དགོན་པ། དཔལ་ཐང་གནམ་གྲུ་ཐང་ཕྱོགས། རྟ་རྒྱུག་ཐང་ཕྱོགས་བཅས་ནི་ཤི་རྨས་ཚབས་ཆེ་ཤོས་རེད། ད་ཆར་རས་གུར་དང་ཟ་མ་སོགས་འདང་ཙམ་རེ་རག་གིན་ཡོད་ས་རེད། གཞན། བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཆེ་བའི་རྒྱ་ནག་མ་ཎི་ཡོད་ས་སུམ་མཛེས་གྲོང་པ་དང་། མདོ་ཁམས་དགོན་པ། དད་ཤོད་དགོན་པ། ཡུལ་ཤུལ་རྫོང་འགྲོས་མདའ་ཞང་འོག་གི་འབུམ་ཆུང་དགོན་པ་དང་། འགག་ལ། ཐར་ལམ་དགོན། རཱ་ཉག་དགོན། དེ་བཞིན། ཁྲུན་འདུ་རྫོང་ལབ་ཞང་འོག་གི་ལབ་དགོན་པ་དང་། ཐུབ་བསྟན་དགོན་པ། ཨ་ནེ་དགོན་པ། འབུམ་བུ་དགོན་པ་བཅས་ཀྱི་ཁང་པ་བརྒྱ་ཆ་ ༨༠ ཙམ་རྨེག་མེད་བཏང་འདུག དེ་དག་ལ་ད་དུང་ཡང་རོགས་སྐྱོར་འབྱོར་མི་འདུག དེ་བཞིན། སྐྱེ་རྒུ་མདོ་རུ་བསྡད་ཡོད་པའི་ཡུལ་ཤུལ་ཁུལ་གྱི་རྫོང་ཁག་གཞན་དང་། བོད་ཁུལ་གཞན། དེ་བཞིན་བོད་རིགས་མ་ཡིན་པའི་མི་རིགས་གཞན་དག་ལ་ད་དུང་ཟས་གོས་དང་། རས་གུར་མ་རག་པ་དང་། སྨན་ཁང་གིས་རྨས་མ་ཚོར་ངོས་ལེན་མ་བྱས་པ། རོགས་དངུལ་བགོ་བཤའ་མ་བརྒྱབས་པ་སོགས་ཀྱི་དཀའ་ངལ་ཤུགས་ཆེན་པོ་འཕྲད་ཀྱིན་འདུག

 

དྲི་བ། ཐེངས་འདིར་ས་ཡོམ་ཤུགས་ཆེ་ཤོས་སྐྱེ་རྒུ་མདོའི་མཁར་གྲོང་ཆགས་ཡོད། དེར་གཞུང་གི་ལས་ཁུངས་ཁག་དང་བཟོ་གྲྭ་མང་པོ་ཡོད་ཀྱང་། གནོད་འཚེ་ཐེབས་ཡུལ་གཙོ་བོ་གྲོང་ཁྱེར་མཐའ་འཁོར་གྱི་མང་ཚོགས་དཀྱུས་མ་ཆགས་དོན་ཅི་ཡིན་ནམ།

ལན། སྐྱེ་རྒུ་གྲོང་རྡལ་གྱི་མང་ཚོགས་དཀྱུས་མའི་ཁང་པ་ཕལ་ཆེ་བ་ས་དང་རྡོ། ཤིང་བཅས་ཀྱིས་བཟོས་ཡོད་སྟབས། གཡོ་འགུལ་ཅུང་ཙམ་བརྒྱབ་དུས་རྩ་བ་ནས་ལོག་འགྲོ་བ་དང་། ཞིག་རལ་དུ་འགྱུར་འགྲོ་བ་རེད། འོན་ཀྱང་། གཞུང་གི་ལས་ཁུངས་ཁག་དང་ལས་ཤག དེ་བཞིན་གྲོང་ཁྱེར་གྱི་ཚོང་ཁང་དང་ཟ་ཁང་། མགྲོན་ཁང་མང་ཆེ་བ་ཨར་འདམ་དང་ས་ཕག ལྕགས་སོགས་ཀྱི་རྒྱུ་ཆ་ཡག་པོ་རྐྱང་རྐྱང་གིས་བཟོས་ཡོད་པ་རེད། ཐེངས་འདིའི་ས་འགུལ་ཁྲོད་དུའང་ཞིག་རལ་ཚབས་ཆེན་བྱུང་མི་འདུག་ལ། ཁང་བརྩེགས་རེ་ཟུང་ལ་གས་ཁ་ཤོར་བ་དང་གཡོ་གཟུར་སོགས་ཀྱི་གནས་སྟངས་ཡོད་ཀྱང་། རྩ་ནས་ལོག་པའི་གནས་ཚུལ་ཉུང་ཉུང་རེད། རྒྱ་གཞུང་གི་སྲིད་ཇུས་ཤིག་གི་འོག ཡུལ་ཤུལ་ས་ཁུལ་གྱི་འབྲོག་པ་མང་པོའི་ཕྱུགས་ཟོག་བཙོང་དུ་བཅུག་ཅིང་། གྲོང་ཁྱེར་ལ་གཞི་སྤོར་བྱས་ཏེ་སྐྱེ་རྒུ་མདོ་མཐའ་འཁོར་དུ་བསྡད་ཡོད་པ་རེད། དེ་བཞིན་ས་གནས་གཞན་ནས་ཡོང་བའི་ཚོང་པ་དང་ལས་ཀ་བ་སོགས་ཐེངས་འདིར་གྱོང་གུད་ཚབས་ཆེ་ཤོས་ཐེབས་ཡུལ་ཆགས་འདུག

 

དྲི་བ། སྤྱིར་ས་ཡོམ་སོགས་རང་བྱུང་ཁམས་ཀྱི་གནོད་འཚེ་འདི་རིགས་ལ་ཚན་རིག་གི་འགྲེལ་རྒྱག་སྟངས་ཤིག་དང་། ཆོས་ཕྱོགས་ནས་འགྲེལ་རྒྱག་སྟངས་ཤིག་བཅས་ཡོད་ཀྱང་། ས་གནས་ཡུལ་མི་ཚོས་ཐེངས་འདིའི་ས་ཡོམ་དེ་རྒྱུ་རྐྱེན་གང་འདྲར་ངོས་འཛིན་བྱེད་ཀྱིན་འདུག་གམ།

ལན། ཐེངས་འདིར་ཡུལ་ཤུལ་སྐྱེ་རྒུ་མདོར་ས་ཡོམ་བརྒྱབ་པའི་ཐད་བཤད་སྟངས་སྣ་ཚོགས་འདུག འགའ་རེ་ཡིས་བཤད་པ་ལྟར་ན། ཡུལ་ཤུལ་ཁུལ་ཁྲུན་འདུ་རྫོང་གི་ཕྱོགས་སུ་སྒ་སྟོད་ཇོ་བོ་ཟེར་བའི་གནས་རི་འགངས་ཆེན་ཞིག་ཡོད་པ་རེད། ང་ཚོའི་ཕ་ཡུལ་གྱི་རྒན་འཁོག་ཚོར་འདི་འདྲའི་བཤད་སྲོལ་ཅིག་ཡོད། ཡུལ་ཤུལ་ས་ཆར་ས་ཡོམ་སོགས་ཀྱི་གོད་ཆག་ཡོང་གི་མ་རེད། གང་ཡིན་ཟེར་ན། ཡུལ་འདིའི་ས་བདག་ཆུ་བདག་གཙོ་བོ་དེ་སྒ་སྟོད་ཇོ་བོའི་རི་ལ་གནས་ཡོད་ཟེར། ཁ་རྒྱུན་འདི་ལ་མི་ཚང་མས་ཡིད་ཆེས་བྱེད་ཀྱིན་ཡོད་སྟབས། ཐེངས་འདིར་ཡང་ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༥ ཙམ་ལ་ས་འགུལ་ཆུང་ངུ་ཞིག་བརྒྱབ་འདུག དེ་ནི་གོད་ཆག་ཆེན་པོ་དེའི་སྔོན་བརྡ་ཡིན་ཡང་། སྔོན་མ་ཡུལ་ཤུལ་ས་ཆར་འདི་ལྟ་བའི་ས་འགུལ་ཆེན་པོ་བརྒྱབ་མྱོང་མེད་སྟབས། མི་ཚང་མས་དོ་སྣང་དང་ཞེད་སྣང་བྱས་ཡོད་པ་མ་རེད། ལོ་འགའི་སྔོན་ནས་བཟུང་རྒྱ་གཞུང་གིས་སྒ་སྟོད་ཇོ་བོའི་གནས་རི་བསྔོགས་ཏེ་གསེར་གྱི་གཏེར་ཁ་འདོན་བཞིན་ཡོད། གཏེར་ཁ་སྔོག་འདོན་འཕྲུལ་ཆས་ལས་བལྟས་པ་ཡིན་ན། གནས་རི་དེའི་གསེང་དུ་གསེར་གྱི་ལུག་ཅིག་མཐོང་གི་ཡོད་པ་རེད་ཟེར་ནས་བཤད་རྒྱུ་འདུག ཡང་ས་ཡོམ་གྱི་རྒྱུ་རྐྱེན་ལ་བཤད་སྟངས་གཞན་ཞིག་ཡོད་པ་ནི། ཕྱི་ཟླ་ ༤ ཚེས་ ༡༣ ཉིན་དཔལ་ཐང་གནམ་གྲུ་འབབ་ཚིགས་ཕྱོགས་ཀྱི་ས་ཆ་ཞིག་ནས་ཀྱང་། གཏེར་ཁ་སྔོག་འདོན་བྱ་རྒྱུ་ཐག་གིས་བཅད་པ་རེད་ཟེར། ཕལ་ཆེར་བདེན་པ་ཡིན་རྒྱུ་རེད། སྔོན་མ་ཞིག་ནས་ས་དེར་གཏེར་ཁ་ཡོད་རབས་བཤད་རྒྱུ་ཡོད་ཀྱང་། མང་ཚོགས་ཀྱིས་སྔོག་ཏུ་བཅུག་ཡོད་པ་མ་རེད། ཐེངས་འདིར་ཡུལ་ཤུལ་གསོལ་མགྲོན་ཁང་གི་མགོ་བ་ཞིག་དང་ས་གནས་ཀྱི་བླ་མ་ཞིག་བཅས་ངན་འབྲེལ་བྱས་ཏེ། ཚེས་ ༡༣ ཉིན་ཡུལ་ཤུལ་གསོལ་མགྲོན་ཁང་དུ་གནས་རི་དེ་ནས་གཏེར་ཁ་སྔོག་འདོན་བྱ་རྒྱུ་ཐག་གིས་བཅད་ཅིང་། མཛད་སྒོ་ཆེན་པོ་ཞིག་བསྡུས་པ་རེད་ཟེར་ནས་བཤད་ཀྱིན་འདུག

 

དྲི་བ། ད་བར་འདི་ག་ས་ཡོམ་གདུང་སེལ་ཚོགས་ཆུང་ལ་ཞལ་འདེབས་ག་ཚོད་འབྱོར་ཡོད་པ་དང་། དེ་དག་བོད་ནང་གི་གནོད་ཐེབས་ས་ཁུལ་ལ་འབུལ་ལམ་ཞུ་ཕྱོགས་གང་འདྲ་ཡོད་དམ།

ལན། མང་ཚོགས་ཀྱིས་ཞལ་འདེབས་ཧ་ཅང་ཡག་པོ་གནང་སོང་། ད་ཆར་ང་ཚོར་ཞལ་འདེབས་འབྱོར་ཟིན་པ་ཧིན་སྒོར་འབུམ་བཅུ་ ༡༠༠༠༠༠༠ ཙམ་རེད། གཞན་ཡོང་འཆར་འབུམ་ལྔ་བཅུ་ ༥༠༠༠༠༠༠ ཡས་མས་འདུག ཁྱོན་བསྡོམས་བཙན་བྱོལ་ནང་ ཧིན་སྒོར་འབུམ་བརྒྱ་ ༡༠༠༠༠༠༠༠ ཡས་མས་རག་རྒྱུར་རྩིས་རྒྱག་གི་ཡོད། ཞལ་འདེབས་ཀྱི་དངུལ་གང་འབྱོར་བ་དེ་ང་ཚོས་ས་གནས་ས་ཐོག་ལ་བསྐྱལ་རྒྱུར་ཐབས་ཤེས་བྱ་རྒྱུ་ཡིན། ད་ལྟའི་ཆར་འབྲེལ་བ་བྱེད་བཞིན་ཡོད། ཐོག་མ་ནས་ང་ཚོས་བོད་ནང་གི་ས་ཡོམ་བྱུང་ཡུལ་ལ་མི་གཏོང་རྒྱུར་གྲ་སྒྲིག་ཡོད་པ་ལྟར། ཉེ་ཆར་རྒྱ་ནག་དབུས་གཞུང་གི་མཁོ་ཁྲིད་ཅ་ཆིན་ལེན་གྱིས་ཕྱི་རྒྱལ་ནས་ལུགས་དང་མཐུན་པའི་ཐོག་ནས་ཡོང་མཁན་ཚོར་སྣེ་ལེན་བྱ་རྒྱུ་ཡིན་སྐོར་གསུངས་པ་དེས་ང་ཚོའི་འཆར་གཞི་ལ་རེ་བ་ཆེ་རུ་འགྲོ་སོང་། ཉིན་འགའི་སྔོན་ལ་ང་དང་རོགས་པ་ཞིག་ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་ལ་དངོས་སུ་བཅར་བ་ཡིན། ཉིན་དེ་རང་ལ་ཆོག་མཆན་སྤྲད་མ་སོང་མོད། འགྲོ་ཐུབ་རྒྱུར་རེ་བ་འདུག་སྙམ་པ་ཞིག་བྱུང་སོང་། འོན་ཀྱང་། བོད་ནང་དུ་འགྲོ་རྒྱུར་ཁོང་ཚོས་ཆ་རྐྱེན་མང་པོ་ཞིག་འདོན་གྱིན་འདུག གཙོ་བོ་ལྐོག་ལྐོག་སུལ་སུལ་མ་ཡིན་པར། ཕྱི་གསལ་ནང་གསལ་བཟོ་དགོས་པ་དེ་རེད། ཕར་ཕྱོགས་ཀྱི་དངུལ་སྤྲོད་ཡུལ་དང་རྩིས་ཁྲ་གསལ་བོ་བཟོ་དགོས་ཀྱི་འདུག ལྷག་པར་དུ་ཕར་ཕྱོགས་ཀྱི་འབྲེལ་བ་བྱ་ཡུལ་དང་། འདི་ནས་མི་སུ་འགྲོ་རྒྱུ་ཡིན་པ། དེ་དག་གིས་ནམ་རྒྱུན་ལས་ཀ་ཅི་བྱེད་ཀྱི་ཡོད་པ་སོགས་གསལ་བོ་བཟོ་དགོས་ཀྱི་འདུག མི་མང་ཉུང་ལ་མ་ལྟོས་པའི་ཐོག་ནས་སྐུ་ཚབ་ཅིག་ཏན་ཏན་འགྲོ་ཐུབ་ས་རེད་དྲན་སོང་། འོན་ཀྱང་ད་དུང་གཏན་འཁེལ་ཡོད་པ་མ་རེད། ང་ཚོའི་ངོས་ནས་མི་ག་ཚོད་མང་མང་ཅིག་དང་། ཉུང་མཐར་ཡང་མི་བཅུ་གྲངས་ཤིག་གཏོང་ཐུབ་ན་བསམ་གྱི་ཡོད།

 

དྲི་བ། ཁྱེད་ཅག་ཚོགས་ཆུང་གི་ངོས་ནས་ད་བར་ཡུལ་ཤུལ་ས་ཡོམ་གོད་ཆག་ཁྲོད། མི་ག་ཚོད་རྐྱེན་ལམ་དུ་སོང་བ་ཤེས་རྟོགས་ཡོད་མེད་དང་། བཙན་བྱོལ་སློབ་གྲྭ་ཁག་ཏུའང་སྐྱེ་རྒུ་མདོ་ས་ཁུལ་གྱི་བྱིས་པ་མང་པོ་ཞིག་ཡོད་སྟབས། དེ་དག་ལ་མ་འོངས་པར་ལྟ་སྐྱོང་དང་གྲ་སྒྲིག་གང་འདྲ་ཡོད་དམ། 

ལན། ས་ཡོམ་གྱི་གོད་ཆག་ཁྲོད་མི་ག་ཚོད་ཅིག་རྐྱེན་འདས་སུ་སོང་བ་གསལ་བོ་ཤེས་རྒྱུ་ཁག་པོ་རེད། གསར་ལམ་ཁག་ཏུ་གྲངས་ཚད་སྣ་ཚོགས་ཤིག་ཐོན་ཡོང་གིན་འདུག གང་ལྟར་། མི་ཁྲི་ལས་བརྒལ་བ་ཞིག་གྲོངས་ཟིན་པ་ཁ་གཅིག་གྲགས་རེད། དཔེར་ན། ཉེ་ཆར་རང་ལ་སྐྱེ་རྒུ་དགོན་པ་ནས་བེམ་པོ་ ༩༩༠ ཙམ་མེར་བསྲེགས་བཏང་འདུག དེའི་ཁྲོད་བྱིས་པ་ ༥༠༠ ཡས་མས་འདུག་ཟེར། ང་ཚོའི་ལག་ལ་གྲོངས་ཟིན་པའི་མིང་ཐོ་རག་པ་ ༡༥༠༠ ལྷག་ཡོད། ད་དུང་མུ་མཐུད་ནས་ཡོང་གིན་འདུག གཞན། བཙན་བྱོལ་ནང་གི་ཡུལ་ཤུལ་ས་ཁུལ་གྱི་བྱིས་པ་དག་ལ་ང་ཚོར་འཆར་གཞི་གང་ཡང་མེད། གང་ཡིན་ཟེར་ན། ཁོང་ཚོ་བོད་གཞུང་གི་གཟིགས་རྟོགས་འོག་ཡོད། དམིགས་བསལ་གྱི་དཀའ་ངལ་ཡང་ཡོད་པ་མ་རེད། ང་ཚོའི་ལག་ཏུ་མི་མང་གི་ཞལ་འདེབས་གང་རག་པ་དེ་གནོད་འཚེ་ཐེབས་ཡུལ་དུ་བསྐྱལ་ཐབས་བྱ་འཆར་ཡོད། མ་འོངས་པའི་ཐད་ལ་ང་ཚོར་གྲ་སྒྲིག་གང་ཡང་ཡོད་པ་མ་རེད། ང་ཚོའི་ཚོགས་ཆུང་འདི་ཟླ་གཉིས་ཀྱི་རྗེས་སུ་སྒོ་རྒྱག་རྒྱུ་རེད།

 

དྲི་བ། སྐྱེ་རྒུ་མདོར་ས་ཡོམ་བརྒྱབ་མ་ཐག་བོད་ཡུལ་མདོ་དབུས་ཁམས་གསུམ་ནས་རོགས་སྐྱོར་འབྱོར་ཡོད་ལ། རྒྱ་ནག་གཞུང་དམངས་ནས་ཀྱང་མྱ་ངན་དང་རོགས་རམ་ཤུགས་ཆེན་བྱས་པ་ལྟར། བཙན་བྱོལ་གཞུང་དམངས་ཀྱི་ངོས་ནས་གང་འདྲ་བྱུང་ཡོད་པ་དང་། ༧གོང་ས་མཆོག་གིས་ཡུལ་ཤུལ་དུ་ཕེབས་འདོད་ཡོད་སྐོར་གསུངས་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།

ལན། ཕྱི་ཚེས་ ༡༤ ཉིན་ཡུལ་ཤུལ་སྐྱེ་རྒུ་མདོར་ས་ཡོམ་བརྒྱབ་མ་ཐག བོད་ཆོལ་ཁ་གསུམ་གྱི་ས་གནས་སོ་སོ་ནས་མི་རྒྱུ་གཉིས་ཀྱི་རོགས་སྐྱོར་འབྱོར་བཞིན་འདུག་ལ། ལྷག་པར་དུ་ཨ་མདོའི་ལུང་པ་མང་པོ་ཞིག་གིས་ཆེ་བས་བརྒྱ་འབུལ་སྟོང་འབུལ་དང་ཆུང་བས་གཅིག་འབུལ་གཉིས་འབུལ་བྱས་སོང་། རྒྱ་ནག་གཞུང་དམངས་གཉིས་ནས་ཀྱང་རོགས་སྐྱོར་དང་། གདུང་སེམས་མཉམ་སྐྱེད་ཧ་ཅང་ཡག་པོ་བྱས་སོང་དྲན་ཡོད། གཞན། ང་ཚོ་བཙན་བྱོལ་མི་མང་གི་ངོས་ནས་གང་ཡོང་ཅི་ཡོང་གིས་བསྔོ་སྨོན་མཆོད་འབུལ་དང་། ཞལ་འདེབས་ཡག་པོ་གནང་སོང་། བྱིས་པ་ཆུང་ངུ་ཚོས་ཀྱང་སྒོར་ལྔ་རེ་བཅུ་རེ་བྱས་ཏེ་གང་ཡོང་ཅི་ཡོང་བྱས་སོང་། རྒྱུ་ཡོད་མཁན་གྱིས་རྒྱུ་ཡི་རོགས་རམ་དང་། རྒྱུ་མེད་མཁན་ཚོས་སེམས་ཀྱིས་མཉམ་རུབ་བྱས་པ་རེད། དེ་བཞིན། བོད་གཞུང་གི་ཕྱོགས་ནས་ཀྱང་ང་ཚོས་ལས་འགུལ་གང་བརྩམས་པ་དེར་རྒྱབ་སྐྱོར་ཆ་ཚང་གནང་སོང་། གལ་ཆེ་ཤོས་དེ་༧གོང་ས་མཆོག་ས་གནས་ལ་ཕེབས་ཐུབ་མིན་དེ་རེད། གལ་སྲིད་ཕེབས་ཐུབ་པ་ཡིན་ན། རྐྱེན་ལམ་དུ་ཕྱིན་པའི་ཤི་བོ་ཁྲི་སྟོང་མང་པོར་ཕན་ཐོགས་རྒྱ་ཆེན་པོ་ཡོང་བ་མ་ཟད། ཤུལ་དུ་ཡོད་པའི་སྐྱེ་རྒུ་མི་མང་སྡུག་བསྔལ་གྱི་ནང་ལྷུང་ཡོད་པ་ཚོ་ལའང་ཐུགས་ཕན་ཆེན་པོ་སོས་པ་རེད། དེ་བཞིན། འབྱུང་འགྱུར་ཡང་ས་ཕྱོགས་དེ་ལ་འབྱུང་བཞིའི་གནོད་འཚེ་རིགས་མི་འབྱུང་ཞིང་། ལོ་ཕྱུགས་རྟག་ཏུ་ལེགས་པ་ཡོང་གི་རེད། འདི་ས་གནས་མི་མང་གི་རེ་འདོད་རེད་ལ། བྱེས་ཡུལ་མི་མང་གི་རེ་བ་ཡང་ཡིན།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༣ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese